དབྱིན་ཡུལ་གྱི་ཡེའུ་ཤིང་སྡོང།




ཡེའུ་ཤིང་འདི་དབྱིན་ཡུལ་བྱང་ཕྱོགས་ཀྱི་ལྷ་ཁང་ཞིག་གི་སྒོ་རའི་ནང་ཡོད་པ་དང། རོབ་ཚོད་ལྟར་བྱས་ཚེ་འདིའི་རྩ་བ་ཚུགས་ནས་ད་བར་ལོ་ ༥༠༠༠ ཙམ་ཟིན་ཡོད་པ་དང་འཛམ་གླིང་ཐོག་ད་ཆ་འཚོ་བཞིན་པའི་སྲོག་ཆགས་རྐྱང་པ་རྙིང་ཤོས་ཨང་གཉིས་པ་དེ་ཆགས་ཡོད། ཤིང་སྡོང་འདི་ཐོག་མར་མི་ཚོས་ལིའི་ལག་ཆ་སྤྱོད་པའི་དུས་རབས་སུ་ (bronze age) རྩ་བ་ཚུགས་ནས་ད་ཆ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུའང་བདེ་ཐང་ངང་འཚོ་གནས་བྱེད་བཞིན་ཡོད། འཛམ་གླིང་ནང་ཡོད་པའི་ཤིང་སྡོང་རྙིང་རིགས་གཞན་དང་མི་འདྲ་བར་འདིར་སྲུང་སྐྱོབ་ཀྱི་རྭ་བ་སོགས་གང་ཡང་མེད་པ་དང་བལྟ་སྐོར་བ་ཚོས་གང་འདོད་ལག་པ་འཆང་བ་དང་སྐོར་བ་སོགས་བྱེད་ཆོག

སྤྱི་ལོ་ ༢༠༠༢ ལོར་དབྱིན་གཞུང་གིས་རྩ་ཆེའི་ཤིང་སྡོང་ལྔ་བཅུའི་མིང་གཞུང་ནང་བཀོད་ནས་རྒྱལ་ཁབ་ཀྱི་གནའ་རྫས་ཁོངས་སུ་ངོས་ལེན་བྱུང་བ་རེད།

སརཝཨི་ཨ་བར་ཀུ།Sarv-e-Abarkooh




ཤིན་ཏུ་ཆེ་བའི་ཤུགས་པ་འདི་དབུས་ཤར་ཨེ་ཤེ་ཡའི་ཁ་ཆེའི་རྒྱལ་ཁབ་ཨི་རན་ཞེས་པ་དེའི་ནང་ཡོད་པ་དང་རྒྱལ་ཁབ་ཀྱི་གནའ་རྫས་གལ་ཆེ་ཞིག་ཡིན། འདིའི་མཐོ་ཚད་ལ་ཕིཊ་ ༨༢ དང་ཞེང་ལ་ཕིཊ་ ༣༧་༨ ཡོད་ལ། རྩ་བ་ཚུགས་ནས་ད་བར་མི་ལོ་ ༤༥༠༠ ཙམ་ཕྱིན་ཡོད་པས་ཨེ་ཤེ་ཡའི་གླིང་ཆེན་ནང་འཚོ་བཞིན་པའི་ཤིང་སྡོང་རྙིང་ཤོས་དེ་ཆགས་ཡོད།

ཨེན་ཇི་ལི་སིཊོར། Angelystor




ཤིང་སྡོང་འདི་ཨ་རིའི་མངའ་སྡེ་ཕ་ལོ་རི་ཌའི་ས་གནས་སུ་ཡོད་པ་དང་། ཡུལ་དེའི་མི་དམངས་ཁྲོད་ཡོངས་གྲགས་སུ་ཡོད་པའི་གཏམ་རྒྱུད་ཞིག་ལ། ཤིང་སྡོང་འདིར་གནོད་ཚབ་ཅན་གྱི་གདོན་འདྲེའམ་རྣམ་ཤེས་ཤིག་གནས་པར་འདོད་པ་དང། ལོ་ལྟར་ཧེ་ལོ་ཝེན་ཞེས་པའི་དུས་ཆེན་གྱི་ཉིན་མོར་རྣམ་ཤེས་འདིས་ཡུལ་མི་གང་རུང་ཞིག་གིས་མིང་ནས་འབོད་པ་དང་མི་དེ་ཡོང་རྒྱུའི་ལོ་གཅིག་ནང་ཤི་བའི་ཡིད་ཆེས་བྱེད་བཞིན་ཡོད། སྐབས་ཤིག་ལ་ས་གནས་དེའི་ཡུལ་མི་སོནརོ་བྷརཊ་ཞེས་པ་ཞིག་ཡོད་པ་དེ་ཡིད་མ་ཆེས་པར་ཧེ་ལོ་ཝེན་གྱི་དགོངས་མོར་ཤིང་སྡོང་འདིའི་སར་ཕྱིན་ནས་གསང་ཉན་བྱེད་སྐབས་ཁོའི་བློ་ཡུལ་འདས་པ་ཞིག་ལ་ཤིང་སྡོང་དེས་ཁོ་རང་གི་མིང་ནས་བོས་པས་ཁོ་ཡང་ལོ་དེའི་ནང་རྐྱེན་འདས་སུ་གྱུར་བ་རེད་ཟེར། ཕ་ལོ་རི་ཌ་མངའ་སྡེའི་ནང་གནས་སྡོད་བྱེད་མཁན་གྱི་མི་དམངས་ཕལ་ཆེ་བས་ཤིང་སྡོང་འདིར་བལྟ་སྐོར་ཡོང་གི་ཡོད། ཐོག་མར་ཤིང་སྡོང་འདིར་མཐོ་ཚད་ཕི་ཊ་ ༡༦༥ ཡོད་ཀྱང་སྤྱི་ལོ་ ༡༩༢༥ ལོར་རླུང་འཚུབ་གཅིག་གིས་ཤིང་སྡོང་གི་སྟོད་ཁོག་བཅག་སྐྱོན་ཤོར་བས་ད་ཆ་ཕྱེད་ཙམ་ལས་ལྷག་མེད། ཤིང་སྡོང་དང་ཉེ་འཁོར་གྱི་ས་ཆ་རྣམས་སྐབས་དེའི་ས་གནས་ཀྱི་འཐུས་མི་ཨེམ ཨོ ཨོབར་སིཊེཊ (M.O. Overstreet) ཞེས་པ་དེར་བདག་པ་དང་ཁོང་གི་ས་གནས་གཞུང་ལ་ཞལ་འདེབས་སུ་ཕུལ་བས་ཤིང་སྡོང་དེར་་ཁོང་གི་མིང་ནས་འབོད་པ་དང་ཡོངས་གྲགས་སུ་སེ་ནེ་ཊར Senator འམ་འཐུས་མི་ཞེས་ཟེར་གྱི་ཡོད། སྤྱི་ལོ་ ༡༩༢༩ ལོར་སྐབས་དེའི་ཨ་རིའི་སྲིད་འཛིན་ཀེལ་ཝིན་ལགས་འདིར་ཕེབས་ནས་ལིར་བརྐོས་མིང་བྱང་ཞིག་སྤྲད་ཀྱང་། རྗེས་སུ་སྤྱི་ལོ་ ༡༩༤༥ ལོར་བོར་བརླག་སོང་བས་ད་བར་རྙེད་སོན་བྱུང་མེད།

སྤྱི་ལོ་ ༡༩༩༣ ལོར་ཤིང་སྡོང་འདིའི་ལོ་ཚད་ ༣༤༠༠ ནས་ ༣༥༠༠ བར་ཚོད་དཔག་བྱས་ཡོད་པ་དང་། འཛམ་གླིང་ནང་གི་ཤིང་སྡོང་རྙིང་ཤོས་ལྔ་པ་དེ་ཆགས་ཡོད། ཤིང་སྡོང་འདིའི་ཉེ་འགྲམ་སུ་ལོ་ན་༢༠༠༠ ཙམ་ཟིན་པའི་ཤུགས་པའི་ཤིང་སྡོང་གཞན་ཞིག་ཀྱང་ཡོད།

ཇོ་མོན སུ་གི Jomon Sugi




ཇོ་མོན སུ་གི Jomon Sugi ཐང་ཤིང་འདི་ཉེ་ཧོང་རྒྱལ་ཁབ་ཀྱི་ས་གནས་ཡ་ཀུ་ཤི་མ་ཞེས་པ་དེར་ཡོད་པ་དང། འདིའི་ལོ་ཚད་ཐད་ཉམས་ཞིབ་པ་ཚོར་མི་མཐུན་པའི་རྩོད་གཞི་ཤིན་ཏུ་ཆེ། འགའ་ཞིག་གིས་ལོ་ཉིས་སྟོང་ལྷག་ཙམ་ལས་ཚོད་དཔག་མི་བྱེད་ཀྱང་ལོ་དྲུག་སྟོང་ནས་བདུན་སྟོང་བར་ཡིན་པའི་ཚོད་དཔག་བྱེད་མཁན་ཀྱང་མང་པོ་ཡོད། ཤིང་སྡོང་འདིར་མཐོ་ཚད་ཕིཊ་ ༨༣ དང་ཟླུམ་ཚད་ལ་ཕིཊ་ ༥༣ ཡོད། སྤྱི་ལོ་ ༡༩༦༨ ལོར་གསར་རྙེད་བྱུང་བ་ཞིག་ཡིན། འདིས་རྐྱེན་པས་ཉེ་འཁོར་དུ་ཤིང་ནགས་སྲུང་སྐྱོབ་ཀྱི་ལས་གཞི་མང་དག་ཅིག་སྤེལ་བ་དང་ཡུལ་སྐོར་བས་སྐྱོད་ཡུལ་གལ་ཆེ་ཞིག་ཏུ་གྱུར་བས་ས་གནས་ཀྱི་ཡོང་འབབ་བརྒྱ་ཆ་ལྔ་བཅུ་ལྷག་ཡུལ་སྐོར་ཚོང་ལས་ནས་ཡོང་གི་ཡོད། ཡོ་ཀུ་ཤི་མ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་འོག་ཡོད་པའི་གནའ་ཤུལ་ས་གནས་ཤིག་དང་ཤིང་འདིར་སླེབས་པར་གཞུང་ལམ་ནས་ཆུ་ཚོད་ལྔ་ཙམ་རི་རྩེར་གོམ་བགྲོད་བྱེད་དགོས། སྤྱི་ལོ་ ༡༩༩༣ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲུང་སྐྱོབ་བྱེད་ཡུལ་གྱི་གནའ་ཤུལ་དུ་ངོས་འཛིན་བྱུང་ནས་བལྟ་སྐོར་བ་རྣམས་ཤིང་སྡོང་ལ་འཆང་རེག་མི་ཆོག་པར་རྒྱང་ཐག་ཕི་ཊ་ལྔ་བཅུའི་སར་ནས་བལྟ་དགོས་ཀྱི་ཡོད། སྤྱི་ལོ་ ༢༠༠༥ ལོར་ཇག་རྐུན་ཚོས་ཤིང་སྡོང་གི་ངོས་གཡས་གཡོན་ནས་རྒྱ་ཁྱོན་ཨིན་ཆི་བཞི་ཙམ་ཡོད་པའི་ཕྱི་ཤུན་རེ་རྐུ་ཁྱེར་བྱས་ཡོད།

ཀ་ཡ་ནོའི་སུ་གི་ཆེན་མོ། Great Sugi of Kayano




ཤིང་སྡོང་འདིའི་མིང་ལ་ཀ་ཡ་ནོའི་ས་གནས་སུ་ཡོད་པའི་སུ་གི་ཆེན་མོ་ཞེས་ཟེར་གྱི་ཡོད། འདི་ཡང་ཐང་ཤིང་གི་རིགས་ཤིག་དང་། ཉེ་ཧོང་གཞུང་གིས་དམིགས་གསལ་རང་འབྱུང་གནའ་རྫས་སུ་ངོས་འཛིན་ཡོད་པ་ཞིག་ཡིན། ཤིང་སྡོང་འདིའི་མཐོ་ཚད་མི་ཊར་ ༥༤་༨ དང་ཟླུམ་ཚད་མི་ཊར་ ༡༡་༥ ཡོད། སྤྱི་ལོ་ ༡༩༢༨ ལོར་ཊོག་ཡོ་ཨེམ་པེ་རེལ་གཙུག་སློབ་གྲྭའི་སློབ་དཔོན་མི་ཡོ་ཤིམ་ན་བུས་ཤིང་སྡོང་འདིའི་ལོ་ཚད་ ༢༣༠༠ ཙམ་ཡིན་པའི་ཚོད་དཔག་བྱས་ཡོད།

Post a Comment

Previous Post Next Post