སྤྲིན་འཐོར་ནི་ཤིན་ཏུ་ཤུགས་ཆེ་བའི་དྲག་འཆར་ལ་ཟེར། དེ་ཡང་གནམ་གཤིས་ཀྱི་གནས་སྟངས་མང་པོ་ཞིག་གི་འོག་ཡོང་སྲིད་པ་དང་འདིར་གཙོ་བོ་རིགས་གཉིས་ཡོད། སྐབས་རེ་སྤྲིན་པའི་འོག་ནས་རླུང་ཤུགས་ཆེན་པོ་བྱུང་སྐབས་སྤྲིན་པའི་ནང་ཡོད་པའི་ཆུ་རྡུལ་རྣམས་རླུང་གིས་ནམ་མཁར་ཇི་མཐོར་འདེགས་པ་དང། མཐོ་ཚད་ངེས་ཅན་ཞིག་ལ་ཆུ་རྡུལ་དེ་དག་འཁྱགས་པའི་ངོ་བོར་འགྱུར་ནས་ས་ཐོག་ཏུ་ལྷུང་བ་དང། ཡང་སྤྲིན་པའི་ནང་ཡོད་པའི་ཆུ་རྡུལ་གྱི་ལྗིད་ཚད་ཤིན་ཏུ་ཆེ་བས་འཁྱགས་འགྱུར་གྱི་མཐོ་ཚད་བར་རླུང་གི་འདེགས་མི་ཐུབ་པ་དང་། ཆུ་རྡུལ་དག་ཕན་ཚུན་འདྲེས་ནས་གོང་བུ་ཤིན་ཏུ་ཆེ་བའི་ཆུ་རྡུལ་ས་ཐོག་ཏུ་ལྷུང་ནས་རྒྱུན་ལྡན་མ་ཡིན་པའི་དྲག་ཆར་འབབ་པ་དང་འདི་ལྟ་བུའི་དྲག་ཆར་དང་སེ་རྡུང་ལ་སྤྲིན་འཐོར་ཞེས་ཟེར་གྱི་ཡོད། སྤྱིར་སྟངས་གནས་སྟངས་འདི་འཛམ་གླིང་གི་ས་ཕྱོགས་གང་སར་ཡོང་སྲིད་པ་དང་རྒྱ་གར་ནང་ས་བབས་མཐོ་སའི་མངའ་སྡེ་ཁག་གི་ནང་རྒྱུན་དུ་ཡོང་གི་ཡོད། དྲག་ཆར་འདིའི་དུས་ཡུན་ནི་སྐར་མ་གཅིག་ནས་ཆུ་ཚོད་གཅིག་ཙམ་བར་ཡོད་སྲིད་པ་དང་དེ་ཡང་ཐོག་མ་ཉིད་ནས་སྤྲིན་པའི་འབོར་ཚད་ཇི་ཙམ་ཡོད་མིན་ལ་རག་ལས་ཡོད། འདི་ཟླའི་ཚེས་ལྔའི་དགོང་མོ་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་ཁུལ་དུ་སྤྲིན་འཐོར་གྱི་དྲག་ཆར་ཤུགས་ཆེ་བྱུང་བ་ལ་བརྟེན་ནས་མི་ ༡༩༠ ལྷག་གི་སྲོག་སྐྱོན་དང་ཁྲི་ལྷག་གི་འཚོ་བར་གནོད་སྐྱོན་ཕོག་ཡོད།

Post a Comment

Previous Post Next Post