ཚན་རིག་སློབ་སྦྱོང་ལས་འཆར་འདི་ནི་ཤར་ནུབ་གཉིས་དབར་གྱི་ཟམ་པ་ལྟ་བུའི་ཤེས་ཡོན་གྱི་ལས་གཞི་དམིགས་བསལ་ཅན་ཞིག་ཡིན།

ཚན་རིག་སློབ་སྦྱོང་གི་ལས་འཆར་འདི་ནི་ཕྱི་ལོ་༢༠༠༠ ལོ་ནས་བཟུང་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གིས་འགན་རྐང་ལེན་གྱིས་རིས་སུ་མ་ཆད་པའི་བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་ཆ་ཚང་ཞིང་གཞི་ཚུགས་པའི་དེང་རབས་ཚན་རིག་སློབ་སྦྱོང་གི་ལས་གཞི་ཞིག་སྤེལ་རྒྱུའི་གཞི་རྩའི་དམིགས་ཡུལ་འདི་དང་མཉམ་དུ་འགོ་འཛུགས་བྱས་པ་ཞིག་ཡིན། བོད་ཀྱི་དགོན་སྡེ་ཁག་ཏུ་དེང་རབས་ཚན་རིག་ངོ་སྤྲོད་བྱེད་པའི་དགོས་དམིགས་འདི་ནི་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་ཐད་ཀར་བཀའ་སློབ་ལམ་སྟོན་དང་སེམས་ཤུགས་བསྩལ་བ་བཅས་ལས་བྱུང་བ་ཞིག་དང༌། ྋགོང་ས་མཆོག་གི་ཚན་རིག་སློབ་གསོ་ངོ་སྤྲོད་བྱ་རྒྱུའི་ཐུགས་འདུན་འདི་ནི་ཤེས་ཡོན་གསར་པ་ཞིག་ངོ་སྤྲོད་བྱ་རྒྱུར་གཞིར་བཞག་པ་ཞིག་མིན་པར་མ་ཟད། འདི་ནི་སྔོན་ཚུད་ནས་ཡོད་པའི་དུས་ཡུན་རིང་པོའི་སྲོལ་རྒྱུན་གྱི་དཔྱད་ཞིབ་བྱེད་ཐབས་དེར་ཐབས་ལམ་གསར་པ་ཞིག་ཁ་སྣོན་གྱི་ཚུལ་དུ་ངོ་སྤྲོད་པ་ཞིག་ལས་མ་འདས།
དུས་རབས་ཉི་ཤུ་པའི་དུས་འགོ་ཙམ་ནས་བཟུང་སྟེ། དངོས་ཐོག་བདེན་འཚོལ་གྱི་ཚན་རྩལ་རིག་གནས་ཀྱིས་ནང་པའི་མཚན་ཉིད་རིག་པར་སྤྲོ་སྣང་ངེས་ཅན་ཞིག་རྙེད་འགོ་ཚུགས་པ་དང༌། དེ་ནས་བཟུང་ནང་པའི་མཁས་དབང་དང་ཚན་རིག་པ་ཚོའི་དབར་ལ་གནས་ཚད་དང་རྣམ་པ་མི་འདྲ་བའི་འཚོགས་འདུ་དང་བགྲོ་གླེང་རིམ་པ་དུ་མ་ཞིག་བསྐོངས་འཚོགས་བྱས་པ་དང༌། སྐབས་དེ་ཚོར་སེམས་ཀྱི་ངོ་བོའམ། ཡང་ན་ཚན་རིག་གི་ལྟོས་གྲུབ་རྣམ་གཞག་དང་འབྲེལ་བའི་སྟོང་ཉིད་བཅས་ཀྱི་སྐོར་ལ་དཔྱད་ཞིབ་བྱ་རྒྱུར་བརྩོན་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོར་སྟོན་པ་སངས་རྒྱས་ཀྱི་ཆོས་ལ་ངེས་ཤེས་ཀྱི་དད་པ་ཇེ་བརྟན་དང༌། སྟོན་པའི་བསྟན་པ་ཕྱོགས་དུས་ཀུན་དུ་དར་ཞིང་ཡུན་རིང་དུ་གནས་ཐབས་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད།།
དེ་ཙམ་དུ་མ་ཟད། གལ་སྲིད་ང་ཚོས་ནང་པའི་ཆོས་དང་དེང་རབས་ཚན་རིག་གཉིས་གཤིབ་བསྡུར་གྱིས་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། བོད་ཀྱི་མི་རབས་གསར་པ་དང་སློབ་གཉེར་བ་སྤྱིར་ནང་པའི་བསྟན་པ་འདི་བཞིན་གོ་བདེ་བ་དང༌། ཉམས་སུ་ལེན་སླ་བ། སྐབས་དོན་དང་འབྲེལ་ཆགས་པ་བཅས་ཡོང་རྒྱུར་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། །
ཚན་རིག་ནི་མངོན་སུམ་གྱི་ཚད་མ་དང་དཔང་རྟགས་ལ་གཞི་བཅོལ་བའི་རིག་གནས་མ་ལག་ཅིག་དང༌། དེས་ཉེ་བའི་དུས་རབས་ནང་དུ་འཕེལ་རྒྱས་ཀྱི་ཚད་གཞི་ཆེས་མཐོན་པོ་ཞིག་ཏུ་སོན་ཡོད་ཀྱང༌། སྤྱིའི་ཆ་ནས་བཤད་ན་དེ་ལ་ཁ་ཕྱོགས་ངེས་ཅན་ཞིག་དང་ཀུན་སྤྱོད་ཀྱི་ཕྱོགས་ལ་ཞན་ཆ་ཡོད་པ་དེ་ཚོ་ནང་པའི་ཆོས་ལུགས་ཀྱི་ཕྱོགས་ནས་ཁ་གསབ་བྱེད་ཐུབ། དེར་བརྟེན། ལས་གཞི་འདི་ཉིད་འཛམ་གླིང་འདིའི་ནང་གི་རྣམ་པ་མི་འདྲ་བའི་དཔྱད་ཞིབ་ཀྱི་རིག་གནས་མ་ལག་ཕན་ཚུན་དབར་གོ་རྟོགས་སྤེལ་རེས་བྱེད་སའི་ལྡིང་ཆ་ལྟ་བུར་ཡང་འགྱུར་ཐུབ་ངེས་ཡིན།།
Previous Post Next Post