ཨེ་ལི་ཛི་བྷེཐ། བྰེ་ལེཀ་ཝེལ། (Elizebeth Blackwell)

སྨན་པ། (Doctor)


ཨེ་ལི་ཛི་བྷེཐ་ བྰེ་ལེཀ་ཝེལ་ཁོང་གི་གྲོགས་མོ་ཞིག་ལ་བུ་སྣོད་འབྲས་ནད་མིན་ནམ་སྙམ་པ་ཞིག (Uterine Cancer) བྱུང་བའི་རྐྱེན་གྱིས་མ་གྲོངས་བར་སྨན་བཅོས་རིག་པར་དོ་སྣང་མེད། གྲོགས་མོ་དེས་ངར་བུད་མེད་སྨན་པ་ཞིག་བྱུང་ཡོད་ན་ན་ཟུག་དང་དཀའ་སྡུག་ཉུང་བ་མྱང་ཡོད་ས་རེད་ཞེས་བཤད་འདུག། དེའི་རྐྱེན་གྱིས་ཨེ་ལི་ཛི་བྷེཐ་ཁོང་ཨ་རིའི་ནང་གི་བུད་མེད་སྨན་པ་ཐོག་མར་ཆགས་རྒྱུའི་ལམ་ལ་ཞུགས་ཐུབ་པ་བྱུང་བ་རེད།

ཨེ་ལི་ཛི་བྷེཐ་ཁོང་ཕྱི་ལོ་ ༡༨༢༡ ལོར་དབྱིན་ཡུལ་དུ་ཡོད་པའི་བི་རིསེ་ཊོལ་ (Bristol, England) ཞེས་པའི་གྲོང་ཁྱེར་དུ་ཚེ་གཡོག་ལམ་ལུགས་སྤོང་བ་དང་དྲང་བདེན་དང་འདྲ་མཉམ་ལ་རིན་ཐང་སྤྲོད་མཁན་གྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ནང་མིའི་དཔལ་འབྱོར་གནས་སྟངས་དང་དེ་བཞིན་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་ལྟ་བ་འཛིན་སྟངས་ཀྱིས་རྐྱེན་པས་ཁོང་གི་ནང་མི་ཚང་མ་དབྱིན་ཡུལ་ནས་ཨ་རིར་གནས་སྤོ་བྱ་དགོས་བྱུང་འདུག། ཁོང་གི་པྰ་ལགས་ནི་དྲང་བདེན་འཐབ་རྩོད་པ་ཤིག་ཡིན་སྟབས་ཨ་རིའི་ནང་དུའང་ལས་འགུལ་མང་པོའི་ནང་མཉམ་ཞུགས་བྱས་པས་ཁྱིམ་ཚང་ཆ་ཚང་ཁོང་དང་མཉམ་དུ་རྒྱལ་ས་གཅིག་ནས་གཞན་དུ་ཡང་ཡང་གནས་སྤོ་བྱ་དགོས་བྱུང་ཡོད་པ་དང་། ཨེ་ལི་ཛི་བྷེཐ་དང་ཁོང་གི་གཅུང་མོ་ཚོར་ཆུང་དུས་ནས་པྰ་ལགས་ཀྱིས་བུད་མེད་ཐོབ་ཐང་འདྲ་མཉམ་དང་ཕྲུ་གུ་ཚང་མ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་གཅིག་མཚུངས་དགོས་པའི་ཐོག་སློབ་གསོ་ཡང་ཡང་གནང་གི་ཡོད་འདུག། པྰ་ལགས་གྲོངས་པའི་རྗེས་ཨེ་ལི་ཛི་བྷེཐ་དང་ཁོང་གི་གཅུན་མོ་ཚོས་སློབ་གྲྭ་ཞིག་གསར་བཙུགས་གནང་སྟེ་ཁོང་ཚོ་སློབ་གྲྭ་དེའི་དགེ་རྒན་གྱི་ལས་འགན་ཁུར་གནང་འདུག། ཕྱག་ལས་གནང་བའི་ཞོར་ལ་ཁོང་གི་གྲོགས་པོ་སྨན་པ་རྣམས་ནས་སྨན་གྱི་སློབ་དེབ་རྣམས་གཡར་ཏེ་སློབ་སྦྱོང་གནང། མི་མང་པོས་ཡོང་མི་སྲིད་པ་ཞིག་ཏུ་བརྩིས་ནའང་ ཇི་ཎི་ཝ་སྨན་སློབ་ (Geneva) ཏུ་སློབ་འཇུག་གནང་ཐུབ་པ་བྱུང་འདུག། 

 
སྨན་གྱི་སློབ་སྦྱོང་ནི་སྤྱིར་བཏང་སློབ་ཕྲུག་ཚང་མར་དཀའ་ལས་ཁག་པོ་ཡོད་པ་མ་ཟད་ཨེ་ལི་ཛི་བྷེཐེས་དཀའ་སྡུག་དེ་ལས་མང་བ་མྱོང་དགོས་བྱུང་ཡོད། དེ་གང་ཡིན་ཟེར་ན་ཁོང་ནི་བུད་མེད་ཞིག་ཡིན་པས་ཁོ་མོར་མ་དགའ་བ་བྱས་ཏེ་སློབ་ཕྲུག་བུ་དང་མཉམ་དུ་སྡོད་མི་བཅུག་པ་དང། ལུས་བཀོད་སློབ་ཁྲིད་སྐབས་དགེ་རྒན་ཚོས་མི་བདེ་བ་བྱེད་ཀྱི་ཡོད། ལུས་པོའི་སྐྱེད་འཕེལ་མ་ལག་སྐོར་སློབ་ཚན་ཁྲིད་དུས་བུད་མེད་ཀྱི་ཚོར་སྐྱེན་ལ་བརྟེན་ནས་ཁོང་ལ་འཛིན་གྲྭ་ནས་ཕྱིར་དོན་དགོས་བརྗོད་ཀྱང་དེར་རྩིས་མེད་ཐོག་མུ་མཐུད་འཛིན་གྲྭའི་ནང་གནས།

ཁོང་གི་སློབ་གྲྭའི་དབྱར་ཁའི་གུང་སེང་སྐབས་ཕི་ལ་ཌེལ་ཕི་ཡའི་ (Philadelphia) སྨན་ཁང་ངུ་ཕྱག་ལས་ནང་བ་དང་དེའི་སྐབས་སྨན་ཁང་གི་གནས་སྟངས་རྐྱེན་པས་འགོས་ནད་ཁྱབ་གདལ་འགྲོ་ཡི་ཡོད་པ་ཤེས་རྟོགས་བྱུང་འདུག། ཉམས་མྱོང་དེས་ཁོང་གིས་གཙང་སྦྲ་འཕྲོད་བསྟེན་གྱིས་དམར་ཐིག་རྒྱུ་ཚད་ཀྱི་རིམས་ནད་ (typhus) ཇི་ལྟར་འགོག་ཐུབ་མིན་སྐོར་ཉམས་ཞིབ་དང་རྩོམ་ཤོག་ཅིག་འབྲི་རྒྱུའི་སེམས་ཤུགས་སླེབས་འདུག། ཕྱི་ལོ་ ༡༨༤༩ ལོར་ཁོང་ཇི་ཎི་ཝ་སྨན་གྱི་མཐོ་སློབ་ནས་ཨང་ཀི་དང་པོ་བཞེས་པའི་ཐོག་བསླབ་པ་ཐར་སོན། 


ཁོང་གི་གཅུང་མོ་ཨེ་མི་ལྰི་ (Emily) ཡང་སྨན་པ་ཞིག་ཏུ་ཆགས། གཅུང་མོ་དང་སྨན་པ་མ་རྰི་ ཛཀ་ཤེཝ་སི་ཀ་ (Dr. Marie Zakrzewska) མཉམ་རུབ་ཀྱིས་ཕྱི་ལོ་ ༡༨༥༧ ལོར་ནེའུ་ཡོཀ་ཉམ་ཐག་བུད་མེད་དང་ཕྲུ་གུའི་ཆེད་ནད་མལ་ཁང་ཞིག་བཙུགས། ནད་མལ་ཁང་འདི་ནི་དབུལ་ཕོངས་རྣམས་ལ་སྨན་བཅོས་དང་སྨན་གྱི་སློབ་སྦྱོང་བྱེད་མཁན་བུད་མེད་སློབ་མ་ཚོར་སློབ་སྦྱོང་བྱེད་ས་དང་ཉམས་མྱོང་གསོག་སའི་གནས་ཤིག་ཡིན། 

ཕྱི་ལོ་ ༡༨༠༠ ནང་ཡོངས་གྲགས་སུ་འགོས་ནད་སྐོར་དེ་ཙམ་གོ་རྟོགས་མེད་པ་དང་། དེང་སང་དང་མ་འདྲ་བར་སྨན་པ་ཚོས་དེ་དུས་ལག་པ་ཅཧེཅཀེད་འཁྲུ་དགོས་པ་དེ་གལ་འགངས་ཤིག་ཏུ་འཛིན་གྱི་མེད། སྨན་པ་ཚོས་འཆམ་ནད་ཕོག་པའི་ནད་པ་ཞིག་ལ་སྨན་བཅོས་བྱས་རྗེས་ལག་པ་མ་འཁྲུད་པར་ཐད་ཀར་ཕྲུ་གུ་བཙའ་སར་རོགས་པ་བྱེད་དུ་འགྲོ་སྲོལ་ཡོད། རྒྱུ་རྐྱེན་དེས་དམར་ཐིག་རྒྱུ་ཚད་ཀྱི་ནད་ལྟ་བུ་ཁྱབ་གདལ་འགྲོ་ཐུབ་པ་བཟོས་འདུག། ཨེ་ལི་ཛི་བྷེཐེས་སྔོན་འགོག་དེ་སྨན་བཅོས་ལས་ལེགས་པ་ཡིན་པ་ཤེས་རྟོགས་བྱུང་བ་དང། ཁོང་གིས་སྨན་ཁང་དང་ཁྱིམ་ཚང་སོ་སོའི་ནང་གཙང་སྦྲ་འཕྲོད་བསྟེན་ནི་དགོས་ངེས་ཆེན་པོ་ཡིན་པའི་སྐོར་སློབ་ཁྲིད་སྐབས་ཡང་ཡང་ནན་བསྐུལ་བྱས་ཀྱི་ཡོད། ཨེ་ལི་ཛི་བྷེཐ་ཡིས་ནེའུ་ཡོཀ་མལ་ནད་ཁང་གི་བུད་མེད་ཀྱི་སྨན་གྱི་མཐོ་སློབ་ཕྱི་ལོ་ ༡༨༦༨ ལ་བཙུགས་པ་དང། ལོན་ཌོན་བུད་མེད་སྨན་གྱི་སློབ་གྲྭ་ཡང་ཕྱི་ལོ་ ༡༨༧༤ ལ་བཙུགས་པ་རེད། ཁོང་གི་བུད་མེད་མང་པོར་སེམས་སྐུལ་གནང་ཡོད་པ་དང་། ཁོང་གི་འབད་བརྩོན་ལ་བརྟེན་ནས་བུད་མེད་མང་པོ་སྨན་པ་ཆགས་ཐུབ་པ་བྱུང་ཡོད། 

 

ད་ལྟའི་སྤྱི་ཚོགས་ཀྱི་འཆར་སྒྲིག་ནང་གལ་ཏེ་བུད་མེད་ལ་རང་དབང་ལྡན་པའི་གོང་འཕེལ་ཡོང་བའི་གོ་སྐབས་དང་གནང་བ་སྦྱིན་གྱི་མེད་ན་སྤྱི་ཚོགས་དེ་སྒྱུར་བཅོས་གཏོང་དགོས་ཀྱི་ཡོད། 

ཨེ་ལི་ཇི་བྷེཐ། བྰལེཀ་ཝེལ་གྱིས།།

པདྨ་སྒྲོལ་དཀར།

ཚན་རིག་སྡེ་ཚན།

བོད་ཀྱི་དཔེ་མཛོད་ཁང།





Post a Comment

Previous Post Next Post