ཀླད་པ་བརྗེ་འགྱུར་འགྲུབ་པར་བྱེད་པའི་གཞན་ཕན་གྱི་ལྟ་བ་།

                                                          ཕྱི་ལོ་༢༠༡༨ ཕྱི་ཟླ་༡༠ ཚེས་༢༦ རེས་གཟའ་པ་སངས་ཉིན་མེ་ཐེའུ་རི་ཀརཌ་

སྙིང་རྗེས་ཁྱེད་ཀྱི་ཀླད་པ་བསྐྱར་མཐུད་བྱེད་ནུས་སམ་།

ཉིན་གཅིག་ངས་གཞན་ཕན་གྱི་ལྟ་བའི་སྐོར་གཏམ་གླེང་ཚར་རྗེས་ཉན་མཁན་ནང་ནས་མི་གཅིག་ཡར་ལངས་ཏེ་འཚིག་ཟའི་མདངས་ཀྱིས་ཁྱེད་ཀྱིས་ང་ཚོ་གཞན་ཕན་གྱི་ལྟ་བ་བསྐྱེད་རྒྱུར་སེམས་ཤུགས་སྤར་ནས་རེ་བ་གང་བྱེད་ཀྱི་ཡོད་དམ། འགྲོ་བ་མིའི་བྱུང་རབས་ལ་གཅིག་ལྟོས་དང་། དུས་ཀུན་ཏུ་གཅིག་པ་རེད་། དམག་འཁྲུག་དང་སྡུག་བསྔལ་བར་མ་ཆད་པར་གཅིག་མཇུག་གཉིས་མཐུད་བྱུང་བསྡད་པ་གཅིག་རེད་། དེ་ནི་མིའི་རང་གཤིས་རེད་། ཁྱེད་ཀྱིས་དེའི་ཐོག་ལ་གང་ཡང་སྒྱུར་ཐུབ་ཀྱི་མ་རེད་ཅེས་བཤད།


འོན་ཏེ་གནས་དོན་དེ་དངོས་གནས་ཡིན་ནམ། རིག་གཞུང་གོང་འཕེལ་འགྲོ་ཐུབ་པ་ང་ཚོས་མཐོང་ཡོད་། དཔེར་ན་ང་རང་ཚོ་མནར་གཅོད་ནི་མི་མང་ཡོངས་ནས་མཁས་ལེན་བྱེད་པའི་ལྟད་མོ་ཞིག་རང་ཡིན་པ་དང་དམག་འཁྲུག་ནི་བཟང་པོ་དང་གཟི་བརྗིད་ལྡན་པ་ཡིན་ཞེས་བརྩིས་ཀྱི་ཡོད་པ་ནས་འཚེ་བ་ལ་བཟོད་བསྲན་ཇེ་ཉུང་དང་དམག་འཁྲུག་ནི་ཚུལ་མིན་དང་ཀླ་ཀློ་ཡིན་པ་བརྩི་མཁན་ཇེ་མང་དུ་ཕྱིན་ཡོད། ཡིན་ནའང་མི་སྒེར་སོ་སོ་འགྱུར་སྲིད་དམ། གལ་སྲིད་ཐུབ་ན་འགྱུར་བ་དེས་སྤྱི་ཚོགས་དང་འབྱུང་འགྱུར་མི་རབས་ལ་ཤུགས་རྐྱེན་སྟེར་ནུས་སམ།


གལ་ཏེ་ང་ཚོའི་གཤིས་སྤྱོད་གོང་འཕེལ་གཏོང་ཐབས་ཅི་ཡང་མ་བྱས་པ་ཡིན་ན་དེར་འགྱུར་བ་ཆུང་ངུ་ཙམ་ལས་འགྲོ་ཡི་མེད་པ་ནི་བདེན་པ་ཡིན། ཡིན་ནའང་དེ་གནས་གཅིག་ལ་འཁྱགས་པ་ཐེབས་ནས་བསྡད་མེད། ང་ཚོའི་ཚར་ལོངས་བྱེད་སའི་ཁོར་ཡུག་དང་ཕ་མེས་རིགས་རྒྱུན་མཉམ་སྡེབ་ཀྱིས་སྦྱར་བའི་ང་ཚོའི་གཞི་རྩའི་གཤིས་ཀ་ནི་ང་ཚོའི་ངོ་བོའི་རྨང་གཞི་ཙམ་ཆགས་ཀྱི་ཡོད། ནིའུ་རོ་པི་ལ་སེ་ཏྲི་སི་ཏྲི་འམ་དབང་རྩའི་གཉེན་གཤིས་(neuroplasticity)ཀྱི་ཐོག་ཚན་རིག་ཉམས་ཞིབ་ཀྱིས་སྦྱོང་བརྡར་གང་འདྲ་ཞིག་ཡིན་རུང་དེས་ཀླད་པའི་བྱེད་ལས་དང་བཟོ་བཀོད་གཉིས་ཀར་བསྐྱར་སྒྲིག་བྱེད་ཀྱི་ཡོད་པ་བསྟན་ཡོད་། སྤྱི་ཚོགས་དང་དེའི་སགྼིག་འཛུགས་ཀྱིས་མི་སྒེར་ལ་ཞུགས་རྐྱེན་བྱེད་པ་དང་། མི་སྒེར་གྱི་ཆ་ནས་ཀྱང་སྤྱི་ཚོགས་དར་སྤེལ་བྱས་ཏེ་སྒྲིག་འཛུགས་ལ་འགྱུར་བ་གཏོང་གི་ཡོད། དེ་འདྲའི་འཐབ་སྦྱོར་མི་རབས་ནས་མི་རབས་མུ་མཐུད་པའི་སྒོ་ནས་རིག་གཞུང་དང་མི་སྒེར་ཕན་ཚུན་བཟོ་ལྟ་བཟོ་གི་ཡོད། གལ་ཏེ་ང་ཚོས་གཞན་ཕན་ལྡན་པའི་སྤྱི་ཚོགས་ཞིག་བསྐྲུན་པར་བསྐུལ་དགོས་ན་མི་སྒེར་དང་སྤྱི་ཚོགས་གཉིས་ཀ་སོ་སོར་འགྱུར་བ་གཏོང་ཐུབ་པའི་ནུས་པ་གང་ཡོད་དེ་དཔྱད་ཞིབ་བྱེད་རྒྱུ་གལ་ཆེ། ཉེ་བའི་ལོ་བཅུ་ཕྲག་འགའི་ནང་ཚན་རིག་གི་གསར་རྙེད་བྱུང་བའི་ནང་ང་ཚོའི་རིག་རྫས་ཤུལ་དངོས་ཀྱི་ཇི་ཙམ་ཤུགས་རྐྱེན་ཇི་ཙམ་ཆེ་རུང་དེས་མིའི་རང་གཤིས་ཀྱི་རིགས་འགའི་ཁ་ཕྱོགས་ཀྱི་འགོ་ཙམ་ཞིག་སྟོན་གྱི་ཡོད་། གལ་འགངས་ཆེ་བའི་ནུས་པ་དེ་ཁོར་ཡུག་གི་ཤུགས་རྐྱེན་དང་སེམས་དང་ལུས་པོའི་ནུས་སྟོབས་སྦྱོང་བར་འབད་བརྩོན་བྱས་པ་ལས་གང་ཐོབ་་པ་ལ་བརྟེན་ནས་རྣམ་འགྱུར་མང་པོ་སྟོན་ཐུབ་པ་ཆགས་ཀྱི་ཡོད། དེས་་ན་ང་ཚོའི་རིག་རྫས་ཤུལ་དངོས་དེ་བཟོ་སྐྲུན་རིམ་བཞིན་ཡར་འགྲོ་སྐབས་བཅོས་སྒྱུར་བྱེད་ཆོག་པའི་ཁང་བཀོད་ཀྱི་རི་མོ་དང་དཔེ་སྦྱར་ན་རན་པ་ཡོད་ཅིང་ཡང་ན་འཁྲབ་སྟོས་པས་འཕྲལ་རྩོམ་བྱས་པའི་རོལ་དབྱངས་ཀྱི་བརྗོད་གཞི་དང་མཚུངས།


ཀླད་པ་དང་ལུས་པོ་ཇི་ལྟར་འཕེལ་ཚུལ་།

མི་རང་ཉིད་ཀྱི་འགྱུར་ལྡོག་གི་ནུས་པ་ནི་ཀླད་པའི་མཉེན་ཆ་དེས་ཆ་ཤས་ཆེན་པོ་ཞིག་ལེན་གྱི་ཡོད་།དུས་ཡུན་རིང་པོའི་བར་ཧ་ལམ་ཡོངས་ཁྱབ་ལྟ་བུར་ཁས་ལེན་པའི་དབང་རྩའི་ཚན་རིག་ནང་གི་ལྟ་བ་ཞིག་ནི་ཀླད་པའི་གཟུགས་དབྱིབས་དེ་ཐེངས་གཅིག་ཆགས་ཚར་བའི་རྗེས་མི་ནར་སོན་་པའི་ཀླད་པས་དབང་རྩ་འཕར་མ་མི་བསྐྲུན་པ་མ་ཟད་ལོ་དང་མཉམ་དུ་ཉམས་གུད་འགྲོ་གི་ཡོད་པ་དེ་འདྲ་བཤད་ཡོད་། ད་ཆ་ལྟ་གྲུབ་འདི་ཆ་ཚང་ནོར་འཁྲུལ་ཡིན་པ་ང་ཚོས་ཤེས་ཡོད་། འདས་པའི་ལོ་ངོ་བཅུ་ཕྲག་གསུམ་རིང་གི་ནང་གསར་རྙེད་བྱུང་ཡོད་པ་མང་དག་ཞིག་གི་ནང་ནས་འབྲེལ་བ་ཡོད་པ་གཅིག་ནི་ཀླད་པའི་མཉེན་ཆའི་རང་བཞིན་དེ་ཡིན། ཚིག་དེས་ནི་ང་ཚོའི་ཀླད་པ་ནི་གང་ཟག་ཞིག་གནས་སྟངས་གསར་པ་ཞིག་གི་ནང་སླེབས་ན་མུ་མཐུད་འགྱུར་བ་འགྲོ་ཡི་ཡོད་པ་སྟོན་གྱི་ཡོད་། དོན་དངོས་ལ་མི་ནར་སོན་པའི་ཀླད་པ་ནི་ཧ་ཅང་སྙི་པོ་ཡོད་། དེས་ད་ཡོད་ཀྱི་དབང་རྩ་འི་ལས་ཀ་རྣམས་ཤུགས་ཆེ་རུ་གཏོང་བའམ་ཆུང་དུ་གཏོང་བའི་ཆེད་དུ་དབང་རྩ་གསར་པ་བསྐྲུན་ཐུབ་ཅིང་དེས་ད་དུང་ཀླད་པའི་གནས་བྱེ་བྲག་པ་གཅིག་ལ་སྔར་གྱི་ལས་ཀ་དང་དང་རྩ་བ་ནས་་མི་འདྲ་བའི་ལས་ཀ་གསར་པ་ཞིག་ཀྱང་བསྒྲུབ་ནུས་པར་བཟོ་གི་ཡོད་།


གང་ཟག་བྱེ་བྲག་པ་དེ་འགྱུར་བ་འགྲོ་ཐུབ་པར་བྱེད་མཁན་གྱི་བསྐུལ་བྱེད་གཉིས་པ་ཞིག་ཡོད། དེར་རིགས་རྫས་རྐྱེན་འགྱུར་རིག་པ་(epigenetics) ཟེར།  ཕ་མ་ནས་ཐོབ་པའི་རིགས་རྫས་ཤིག་ཧུར་པོ་ཡོང་ཕྱིར་སྲོག་ཆགས་ལ་ཡོད་བསྡད་པའི་རིགས་རྫས་དེར་དམིགས་བཀར་སྤྲི་དཀར་གོ་ངོ་བོར་ངེས་པར་དུ་རྣམ་འགྱུར་སྟོན་པའམ་ཕབ་བཤུས་བྱེད་དགོས། གལ་ཏེ་རིགས་རྫས་ཤིག་རྣམ་འགྱུར་སྟོན་མ་ཐུབ་པར་འཇམ་ཐིང་ངེར་གནས་པ་ཡིན་ན་དེ་རང་གི་སྡོད་གནས་སུ་མེད་པ་ལྟར་ཆགས་ཀྱི་ཡོད་།


ཉེ་ཆར་རིགས་རྫས་དཔྱད་རིག་ལ་ཡར་རྒྱས་ཕྱིན་པ་དེས་ཁོར་ཡུག་གིས་རིགས་རྫས་རྣམ་འགྱུར་སྟོན་སྟངས་ལ་རིགས་རྫས་འདས་འགྱུར་ཞེས་པ་དེའི་རྒྱུད་སྒྱུར་བཅོས་ཕོན་ཆེ་བཏང་ཐུབ་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་། འདི་འདྲའི་རིགས་རྫས་རྣམ་འགྱུར་དེ་ཕྱིའི་རྒྱུ་རྐྱེན་ཙམ་མ་ཡིན་པར་སེམས་ཀྱི་གནས་སྟངས་་གི་ཤུགས་རྐྱེན་འོག་སད་པར་བྱེད་པའམ་བག་ལ་ཞ་བ་གང་ཡང་བྱེད་ཐུབ།


དཔེ་མཚོན་ན་ཁུ་ལེན་གོང་བུ་རྐྱང་པ་ལས་འགྲུབ་པའི་མཚེ་ཕྲུག་ལ་རིགས་རྫས་ཇི་མ་ཇི་བཞིན་ཡོད་ཀྱང་གལ་ཏེ་མཚེ་ཕྲུག་གཉིས་ཁ་བྲལ་ཏེ་འཚོ་བའི་གནས་སྟངས་མི་འདྲ་བར་བཞག་པ་ཡིན་ན་ལུས་ཁམས་དང་བསམ་བློའི་ཁྱད་ཆོས་མི་འདྲ་བ་ཐོབ་ཀྱི་ཡོད་། ཚན་རིག་གི་བརྡ་ཆད་ནང་ཁོང་གཉིས་རིགས་རྫས་ངོས་ནས་གཅིག་མཚུངས་ཡིན་རུང་ཆོས་མཐུན་མངོན་རྣམ་ཆ་ནས་མི་འདྲ་བ་ཡོད་།  དེ་བཞིན་དུ་འབུའི་ཚེའི་དུས་ལ་ལྟོས་ནས་ཕྱེ་མ་ལེབ་ཀྱི་ཕྲུ་གུ་དར་སྲིན་དང་ཕྱེ་མ་ལེབ་གཉིས་ཀར་རིགས་རྫས་གཅིག་པ་ཡིན་རུང་རིགས་རྫས་རྣམ་འགྱུར་སྟོན་སྟངས་མི་འདྲ་བ་ཡོང་བ་གཅིག་པ་རེད་། ཌི་ཨེན་ཨེ་(DNA)རིགས་རྫས་ཀྱི་རིམ་པ་རང་ཉིད་ལ་འགྱུར་བ་མ་སོང་ནའང་རིགས་རྫས་ཀྱི་རྣམ་འགྱུར་སྟོན་སྟངས་ཀྱི་འགྱུར་བ་ནི་ཕལ་ཆེར་ཡུན་གནས་ཡིན་ཅིང་གནས་སྟངས་འགའ་ཤས་ལ་རིགས་རྫས་རྣམ་འགྱུར་སྟོན་སྟངས་དེ་མི་རབས་གཅིག་ནས་རྗེས་མར་ཁྱབ་འགྱེད་བྱེད་ཐུབ་ཀྱི་ཡོད་། གསར་རྙེད་དེ་ཚོས་རིགས་རྫས་དཔྱད་རིག་པའི་ནང་ལ་གསར་བརྗེ་དངོས་སུ་བསྐྲུན་ཡོད་དེ། ད་བར་སོ་སོར་ཐོབ་པའི་ཁྱད་ཆོས་རྣམས་རིམ་བརྒྱུད་འགྲོ་བའི་བསམ་བློ་དེ་ཉིད་ཀྱང་མི་བདེན་པའི་གྲགས་པ་ཙམ་དུ་བརྩིས་ཡོད་། དེས་ན་ཕྱིའི་གནས་སྟངས་ཀྱི་ཤུགས་རྐྱེན་ནི་ཤུགས་ཆེན་པོ་དང་ཤུགས་རྐྱེན་དེས་རྗེས་འབྲས་ང་ཚོའི་རིགས་རྫས་བར་དུ་མར་སྟེར་གྱི་ཡོད་པ་ང་ཚོས་ད་ལྟ་ཤེས་ཀྱི་ཡོད་། 


གཞན་ཕན་ཅན་གི་རིག་གཞུང་ཞིག་ནང་འཚར་ལོངས་བྱེད་པའི་ཕྲུ་གུ་དེ་ཚོ་སྙིང་རྗེ་ཆེ་བ་ཡོང་གི་ཡོད་། བློ་སྦྱོང་གིས་སེམས་ཚོར་བཟང་བ་བསྐྱེད་པ་དེས་རིགས་རྫས་འདས་འགྱུར་ལ་འགྱུར་བ་གཏོང་སྲིད་དམ། ལྦིསེ་ཀོན་སིན་དུ་རི་ཅྰརཌ་ཌེ་ལྦིཌ་སན་གྱི་ཚོད་ལྟ་ཁང་དུ་སི་པེཻན་གྱི་རིགས་རྫས་མཁས་པ་པེར་ལྰ་ཀ་ལི་མན་གཉིས་ཟུང་འབྲེལ་ཐོག་ཉིན་གཅིག་ནང་ཆུ་ཚོད་བརྒྱད་རིང་དྲན་པ་ཉེར་བཞག་དང་། གཞན་ཕན་གྱི་བརྩེ་བ། སྙིང་རྗེ་བཅས་ཀྱི་ཐོག་སྒོམ་སྐབས་དེ་ཙམ་གྱིས་རིགས་རྫས་འདས་འགྱུར་ལ་སྒྱུར་བཅོས་ཆེན་པོ་བྱེད་ཀྱི་ཡོད་། མི་སྒེར་གྱི་རིགས་རྫས་འདས་འགྱུར་དེ་ཁོར་ཡུག་གི་ཤུགས་རྐྱེན་གཅིག་པོ་མིན་པར་མིའི་གཞི་རྩའི་ཁྱད་ཆོས་རྒྱུད་སྦྱོང་ཆེད་རང་མོས་སྦྱོང་བརྡར་ལས་ཀྱང་འབྱུང་སྲིད་པ་དེ་ང་ཚོས་འདིར་འཆར་ཐུབ།


འགྲོ་བ་གཞན་ཞིག་ཏུ་འགྱུར་བཞིན་པ།

རིག་གཞུང་དང་མི་སྒེར་གཉིས་ཆབས་ཅིག་ཏུ་འགྱུར་ལྡོག་ཡོང་སྲིད་པ་འདྲ་། གཞན་ཕན་གྱི་རིན་ཐང་དར་ཁྱབ་ཡོད་པའི་རིག་གཞུང་དང་ཐུན་མོང་མཉམ་རོགས་ལ་བློ་སྟོབས་སྤེལ་པའི་སྤྱི་ཚོགས་ནང་དུ་འཚར་ལོངས་བྱེད་པའི་ཕྲུ་གུ་རྣམས་ཀྱི་གནས་སྐབས་ཀྱི་གཤིས་ཀ་ལ་འགྱུར་བ་ཕྱིན་པ་ཙམ་མིན་པར་སྤྱིར་བཏང་གི་བློའི་འཁྱེར་སོ་དང་སེམས་ཀྱི་ཁ་ཕྱོགས་་ལ་འགྱུར་བ་ཡོང་གི་ཡོད། ཁོང་ཚོ་མ་འདྲ་བ་ཡོང་རྒྱུ་དེ་ལུགས་མཐུན་རིག་གཞུང་གསར་པ་དེའི་འགྲོ་ལུགས་དང་སློབ་གཉེར་ཁང་ནས་ཁྲིམས་ལུགས་གསར་བཟོས་དེར་མོས་མཐུན་བྱས་པ་ཙམ་ལས་མིན་པར་ཁོང་ཚོའི་ཀླད་པའི་བཟོ་དབྱིབས་མི་འདྲ་བར་ཞིག་ཏུ་བཟོ་ལྟ་བཟོ་ཡོང་གི་ཡོད་པ་དང་ཁོང་ཚོའི་རིགས་རྫས་རྣམས་ཀྱིས་རྣམ་འགྱུར་མི་འདྲ་བ་སྟོན་གྱི་ཡོད་པས་ཡིན་། དེ་ལྟར་ཕན་ཚུན་གྱི་ཤུགས་རྐྱེན་རང་འགུལ་གྱི་འགྲོ་སྟངས་དེ་མི་རབས་མང་པོའི་བར་དུའང་མུ་མཐུད་ནས་གནས་རྒྱུ་རེད།


མཐའ་སྡོམ་དཔྱད་ཞིབ་ནང་དུ་གཅིག་སྡུད་ཀྱི་ལམ་སྲོལ་འཇོག་མཁན་ནི་མི་སྒེར་རྣམས་ཡིན་པ་དང་སྒེར་གཞན་ཚོས་ཁོང་ཚོ་གོ་དབང་ནས་དབྱུང་སྟེ་དམངས་གཙོ་རྩ་འཛུགས་བྱེད། ང་ཚོའི་མཆེད་གྲོགས་གཞན་ལ་མིི་ཆོས་ལས་ལྡོག་པའི་ལས་ལ་ཞུགས་ཏེ་མི་རིགས་སྡེབ་གསོད་བྱས་ཏེ་ཉེས་སྡིག་བསག་མཁན་ཡང་མི་སྒེར་རྣམས་ཡིན་ལ།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དྲིལ་སྒྲག་བྱེད་མཁན་ཡང་མི་སྒེར་རྣམས་ཡིན་པ་མ་ཟད་འགའ་ཞིག་གོང་གསལ་རྣམས་དང་དུས་མཉམ་ཡིན་པ་ཡང་ཡོད།

ང་ཚོས་སྐུལ་མ་གཏོང་འདོད་པའི་གཞན་ཕན་གྱི་ལྟ་བ་དེ་མངོན་དུ་གྱུར་་རྒྱུ་ནི་ང་ཚོའི་སྒང་ལ་བབས་ཀྱི་ཡོད།

དམངས་གཙོ་དང་། བུད་མེད་ཀྱི་ཐོབ་ཐང་། ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་། དྲང་བདེན། ཆིག་སྒྲིལ་གྱི་རང་བཞིན། དབུལ་ཕོངས་དང་ནད་ཡམས་སོགས་རྩ་འགོག་བྱེད་རྒྱུ་བཅས་ལ་མདུན་བསྐྱོད་ཧ་ལས་པ་ཕྱིན་ཡོད་རུང་ད་དུང་ཡང་སྒྲུབ་རྒྱུ་མང་པོ་ལྷག་ཡོད། ད་དུང་ཡང་འགྱུར་བ་ཡོང་བའི་མཐུན་རྐྱེན་སྒེར་སོ་སོ་འགྱུར་ལྡོག་གི་འོས་འགན་དེ་སྣང་མེད་གཏོང་བ་ནི་བློ་འགྱོད་བྱ་འོས་པ་ཞིག་ཡིན།


ང་ཚོའི་དུས་ཚོད་ཀྱི་ཆག་སྒོ་གཅིག་ནི་མིའི་སེམས་ལ་འགྱུར་བཅོས་གཏོང་བའི་ནུས་པ་དེར་བརྩི་མཐོང་ཧ་ཅང་ཆུང་དྲགས་པ་དང་ད་དུང་ང་ཚོའི་སྤྱོད་གཤིས་ནི་གང་འཚམ་སྲ་ཚུགས་ཡིན་པ་འཛིན་པ་དེ་རེད། དེ་ཡང་མི་ཁོང་ཁྲོ་ཅན་རྣམས་བཟོད་སྲན་ཅན་ཆགས་པ་དང་མནར་བཅོད་མྱོང་མཁན་རྣམས་ནང་གི་ཞི་བདེ་ཐོབ་པ། ཡང་ན་རློམ་སེམས་ཅན་གྱི་མི་རྣམས་སྙེམ་ཆུང་ཞིག་ཏུ་འགྱུར་བ་དེ་ནི་འཆར་ཅན་ཞིག་མ་ཡིན་ཟེར། དེ་ཁས་མ་ལེན་རང་ལེན་རེད། ཡིན་ནའང་མི་སྒེར་ཁ་ཤས་འགྱུར་ལྡོག་འགྲོ་ཡི་ཡོད་ཅིང་། ཁོང་ཚོོ་ལ་འགྱུར་བ་དེ་འདྲ་ཐེབས་པ་དེས་འགྱུར་བ་ནི་རྩ་བ་ནས་ཡོང་མི་སྲིད་པ་ཞིག་མ་ཡིན་པ་སྟོན་གྱི་ཡོད། ཇི་སྲིད་དུ་ང་ཚོས་གཤིས་སྤྱོད་རང་གཤིས་ལ་ལེགས་བཅོས་གཏོང་ཐབས་ཅི་ཡང་མི་བྱེད་པ་དང་བློའི་འཁྱེར་སོ་དང་རང་འགུལ་གྱི་རང་བཞིན་ཟུར་དུ་བཞག་པའམ་དུས་དང་མཉམ་དུ་བརྟན་དུ་་འགྲོ་རྒྱུར་བཞག་པ་དེ་སྲིད་དུ་དེ་གནས་་པ་ཡིན། ཡིན་ནའང་དེ་རྣམས་གནས་ཡུལ་དུ་འགྱུར་མེད་གཏན་འཇགས་གནས་ཀྱི་ཡོད་ཅེས་ཡིད་ཆེས་བྱེད་ན་ནོར་འཁྲུལ་རེད། མིག་དཔེ་ལེན་པ་དང་། བློ་བསྐྱེད་ལེན་པ། དངོས་སུ་ལག་བསྟར་བྱས་པའི་སྟོབ་ཤུགས་སྟེ། ཀུན་མཐུན་གྱི་བཟང་པོའི་རྣམ་པ་བཅས་ནི་རིག་གཞང་སྲ་བརྟན་དང་བར་མ་ཆད་པར་གནས་པའི་སྒྲོམ་གཞི་དང་དེ་དག་འགྱུར་ལྡོག་དང་རྒྱ་སྐྱེད་བྱེད་པའི་ཀུན་སློང་གི་ནུས་ཤུགས་གཉིས་ཀ་ཡིན་པར་སོང་ང་ཚོའི་མི་ཚེའི་ནང་རང་བཞིན་དང་སྤྱོད་ལམ་དུའང་དེ་དག་མཚོན་ཐུབ་པ་དགོས་ཤིང་། ང་ཚོས་སྤེལ་བར་འདོད་པའི་གཞན་ཕན་དེ་རང་ལ་ཡོད་པ་དགོས། འཕྲིན་པ་རང་ཉིད་འཕྲིན་གྱི་ངོ་བོར་ཆགས་ཐུབ་པ་དགོས།


འདས་པའི་ལོ་ངོ་ལྔ་བཅུའི་ནང་དམག་འཁྲུག་ལ་ཡིད་ལོག་བསྐྱེད་པ་པ་མཐོང་ཞིང་། ས་གཞི་འདི་ནི་གྲོང་གསེབ་ཆེན་པོ་ཞིག་རང་ལས་གཞན་མིན་པའི་ལྟ་ཚུལ་དེ་དར་ཁྱབ་ཕྱིན་འགྲོ་བ་དངོས་སུ་མཐོང་། འགྱུར་རིམ་འདི་འགྲོ་བཞིན་ཡོད། ང་ཚོས་ཁང་པ་རྒྱབ་པར་རྡོ་དང་རྒྱ་མཚོར་ཆུ་ཐིག་སྣོན་པ་བཞིན་དེར་ཆ་ཤས་ལེན་ན་ཕལ་ཆེར་འགྲིག་པ་རེད།ཡིན་ནའང་ང་ཚོས་ཇི་ལྟར་རྫས་འགྱུར་ལ་སྐུལ་རྗས་ཀྱིས་མགྱོགས་ཚད་སྤར་བ་ལྟར་ཧུར་པོའི་ངང་དེར་མཐུན་རྐྱེན་སྦྱོར་བ་དང་ཇེ་ཆེར་སྤེལ་བ་ལ་ཐག་གཅོད་བྱས་ནའང་ཆོག །


Post a Comment

Previous Post Next Post