ཁྱེད་རང་གྲོང་ཁྱེར་ཞིག་ལ་གནས་སྡོད་བྱེད་ཀྱི་ཡོད་རུང་ཕྱོགས་གང་ལ་བལྟས་ཀྱང་སྔོ་ལྗང་གི་རྩི་ཤིང་མང་པོ་མཐོང་ཐུབ་ངེས་ཡིན། ཤིང་སྡོང་དང༌། རྩྭ། མེ་ཏོག་སོགས་སྐྱེ་བཞིན་པ་ཡོད་ཚད་ཀྱིས་ཁྱེད་ཀྱི་ཉེ་འཁོར་ན་ཡོད་པའི་ཅ་ལག་མང་པོ་ཞིག་སྒྲུབ་བྱེད་ཀྱི་རྒྱུ་བྱེད་ཀྱི་ཡོད། ཁྱེད་ཀྱིས་གྱོན་བཞིན་པའི་གོས་དང་། ཀློག་བཞིན་པའི་དེབ། ཤིང་གི་སྒྲོག་ཙེ་དང་རྐུབ་སྟེགས། ལོངས་སུ་སྤྱོད་བཞིན་པའི་ཟས་རིགས་མང་ཆེ་ཤོས་ནི་རྩི་ཤིང་གི་ཐོན་སྐྱེད་འབའ་ཞིག་ཡིན། རྩི་ཤིང་ནི་བེད་སྤྱོད་ཆེན་པོ་ཡོད་པ་ཙམ་དུ་མ་ཟད་མེད་དུ་མི་རུང་བ་ཞིག་ཀྱང་ཡིན་པས། གལ་སྲིད་རྩི་ཤིང་མེད་ཚེ་ང་ཚོ་འཚོ་ཐབས་བྲལ་བ་རེད།

རྩི་ཤིང་གིས་ཁེངས་པའི་ས་ཡི་གོ་ལ།


གལ་སྲིད་ཁྱེད་ཀྱིས་བར་སྣང་ནས་ང་ཚོའི་སའི་གོ་ལ་འདིར་བལྟ་མྱོང་ཡོད་ན། དེ་ནི་སྔོ་ལྗང་གི་ས་གཞི་ཆེན་པོ་ཞིག་ཏུ་མཐོང་ངེས་ཡིན། སྔོ་ལྗང་གི་ཁ་དོག་ཡིད་དུ་འོང་བ་དེ་ཡང་ས་གཞིའི་ངོས་ཕལ་ཆེ་བ་རྩི་ཤིང་གིས་ཁེངས་པའི་རྒྱུ་མཚན་ཡིན་ལ། ངེད་ཚོར་རྒྱུས་མངའ་ཡོད་པའི་ས་གཞི་ཕལ་ཆེ་བ་ཤིང་ནགས་དང་། སྤང་ཐང་། ཞིང་ཁ། སོགས་རྩི་ཤིང་གིས་ཁེངས་ཡོད་པ་མཐོང་ཐུབ། ས་གཞི་འདིར་རྩི་ཤིང་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་སེམས་ཅན་ཡོད་པ་དང་། འགྲོ་བ་མིའི་དཔལ་ཡོན་དར་འཕེལ་བྱུང་བ་རེད། ས་ཡི་གོ་ལ་འདིར་ད་ཆ་ངེད་ཚོ་བདེ་བླག་ངང་འཚོ་ཐུབ་པའི་གནས་སྟངས་འདི་ཡང་རྩི་ཤིང་གི་བཀའ་དྲིན་ཆགས་ཡོད། ང་ཚོར་སྲོག་རླུང་ལྡན་པའི་རླུང་ཁམས་ཆེན་པོ་ཞིག་ཡོད་པ་དང༌། སེམས་ཅན་ཚང་མར་འདེང་ངེས་ཀྱི་ཟས་སྣ་ཡོད་པ། སྐྱེ་བཞིན་པའི་རྩི་ཤིང་ཡོད་ཚད་ལ་སྐྱེ་འཕེལ་གྱི་ནུས་པ་སྦྱིན་པའི་ལུད་རྫས་ཡོད་པ་སོགས་འདི་ཀུན་རྩི་ཤིང་ལ་བརྟེན་ནས་བྱུང་བ་ཡིན། འོ་ན་རྩི་ཤིང་ཞེས་པ་དོན་དངོས་ཐོག་ཅི་ཞིག་ཡིན་ནམ།




ལྗང་མདོག་གི་ཚེ་སྲོག



རྩི་ཤིང་ནི་སྐྱེ་དངོས་རིགས་ཤིག་ཡིན། མི་དང་སེམས་ཅན། རྩི་ཤིང་སོགས་ས་ཡི་གོ་ལ་འདིར་ཐོག་མར་སྐྱེ་བ་དང་། བར་དུ་འཕེལ་བ། མཐར་འཆི་འགྲོ་བའི་དངོས་པོ་ཐམས་ཅད་ལ་སྐྱེ་ལྡན་གྱི་དངོས་པོ་ཟེར་གྱི་ཡོད། དེ་ཚན་རིག་གི་འདོད་ཚུལ་དེར། དེ་ཙམ་མ་ཟད་ཚན་རིག་གི་འདོད་ཚུལ་ལྟར་བྱས་ན། སྐྱེ་ལྡན་གྱི་དངོས་པོ་ཐམས་ཅད་ཐོག་གཞི་ནས་སམ་མེས་པོ་གཅིག་ནས་བྱུང་བ་ཆགས། དེར་བརྟེན་ལུས་ཕུང་གི་གྲུབ་བྱའི་ཐོག་ནས་བསམ་ན་དང་མི་དང་སེམས་ཅན་ཙམ་མ་ཟད། རྩི་ཤིང་དང་བཅས་པ་ཤ་ཁྲག་གཅིག་ལས་ཆད་པའི་སྤུན་ཟླ་ཆགས་ཡོད། འོན་ཀྱང་སྤུན་གྲོགས་རྣམས་ཐོག་མར་བྱུང་ནས་ས་ཕྱོགས་གང་སར་ཁ་བྲལ་སོང་བ་དང་གནས་སའི་ཁོར་ཡུག་གི་ཤུགས་རྐྱེན་འོག་འགྱུར་ལྡོག་སྣ་ཚོགས་གདོང་ལེན་བྱེད་དགོས་པ་བྱུང་བ་ད་ཆ་ངེད་རྣམས་ཕན་ཚུན་ཤིན་ཏུ་ཐ་དད་པའི་སྣ་ཚོགས་ཀྱི་རང་བཞིན་འདི་བྱུང་བ་རེད།
མི་འདྲ་བའི་ཁྱད་ཆོས་ཡོད་པ་འདིའི་ཐོག་ནས་སྐྱེ་ལྡན་གྱི་དངོས་པོ་རྣམས་དབྱེ་བའམ་གླིང་གཉིས་སུ་བགོས་ཡོད་པ་ནི་རྩི་ཤིང་གི་གླིང་དང་སེམས་ཅན་གྱི་གླིང་བཅས་གཉིས་ཡིན། སེམས་ཅན་དང་མི་འདྲ་བར་རྩི་ཤིང་ཕལ་ཆེ་བས་གང་འདོད་འགྲོ་རྒྱུག་བྱེད་མི་ཐུབ་པས། ཁོང་ཚོ་ཟས་འཚོལ་དུ་འགྲོ་བ་དང་། གཅིག་གིས་གཅིག་འདེད་རེས་བྱེད་པ་མཐོང་རྒྱུ་མེད་ལ། ཁོང་ཚོ་ཕན་ཚུན་དབར་སྐད་ཆ་བཤད་ནས་བསྡད་པའང་མཐོང་རྒྱུ་མེད། རྒྱུ་མཚན་དེའི་ཕྱིར་ཁོང་ཚོ་སྐྱེ་ལྡན་ཡིན་ནའང་འགྲོ་བ་མི་སོགས་སེམས་ལྡན་གྱི་སྐྱེ་ལྡན་བཞིན་མགོ་རྙོག་པོ་མ་ཡིན་པར་ཆེས་སྟབས་བདེའི་སྲོག་ཆགས་དང་། འཚོ་ཡུན་ཧྲིལ་པོ་ས་གནས་གཅིག་ཏུ་རྩ་བ་བཙུགས་ནས་འཚོ་སྡོད་བྱེད་ཀྱི་ཡོད། དེ་ཡང་ཁོ་ཚོ་ཁ་ཟས་ཆེད་གང་སར་འགྲོ་རྒྱུགས་མི་དགོས་པར་དགོས་ངེས་ཀྱི་ཟས་བཅུད་ཡོད་ཚད་ཕྱིའི་རླུང་ཁམས་དང་ཉི་འོད། རྩ་བ་གནས་སའི་ས་དང་དེར་ཡོད་པའི་ཆུ་ལས་ཐོབ་ཀྱི་ཡོད། ཁོང་ཚོས་ཉི་འོད་ཀྱི་ནུས་པ་ཐད་ཀར་ཟས་བཅུད་ཀྱི་ངོ་བོར་སྒྱུར་ཐུབ་པ་དང་རྒྱུད་རིམ་དེར་འོད་སྦྱོར་ཟེར་གྱི་ཡོད། འོད་སྦྱོར་ཆེད་ཁོང་ཚོའི་ལོ་མའི་ནང་ཐུན་མིན་གྱི་རྫས་ཤིག་ཡོད་པ་དེར་ལྗང་རྫས་ཟེར་བ་དང་རྩི་ཤིང་གི་ལོ་མ་ཕལ་ཆེ་བ་ཁ་དོག་ལྗང་ཁུ་ཡིན་དོན་ཡང་རྫས་འདིར་ཐུག་ཡོད། རྩི་ཤིང་རིགས་ལ་བཟོ་ལྟ་དང་ཆེ་ཆུང་སྣ་ཚོགས་ཡོད་ལ། ཆུང་མཐའ་མིག་གིས་མཐོང་མི་ཐུབ་པ་དང་ཆེ་བ་མི་ཊར་བརྒྱད་བཅུ་ལྷག་ཡོད། ད་ལྟའི་ཆར་སའི་གོ་ལ་འདིའི་སྟེང་གི་སྐྱེ་དངོས་རིགས་ལས་གཟུགས་བོངས་ཆེ་ཤོས་ཡང་རྩི་ཤིང་ཁོངས་སུ་གཏོགས་པའི་ཤིང་སྡོང་ཞིག་ཡིན། ཆེ་མཐའ་དང་ཆུང་མཐའི་དབར་ན་ད་དུང་སྐྱེ་དངོས་རིགས་མི་འདྲ་བ་སྟོང་ཕྲག་མང་པོ་ཡོད་ལ། ད་བར་ཚན་རིག་པ་ཚོས་རྩི་ཤིང་རིགས་མི་འདྲ་བ་ཁྲི་ཉི་ཤུ་རྩ་དྲུག་ཙམ་གྲངས་ཐོར་བཀོད་ཟིན་ཡོད། རྩི་ཤིང་གི་གནས་སྡོད་བྱེད་ཡུལ་གང་ཡིན་ནམ།
རྩི་ཤིང་རིགས་ཕལ་ཆེ་བ་སྐྱེ་འཕེལ་ཆེད་ས་བཅུད་ལ་བརྟེན་དགོས། ས་བཅུད་ཟེར་བ་ནི་ཆུ་དང་རླུང༌། རྡོ་ཐལ། སེམས་ཅན་དང་རྩི་ཤིང་རིགས་ཀྱི་བེམ་རོ་བཅས་ལས་གྲུབ་པ་ཞིག་ཡིན་ལ། དེ་ནི་སྐམ་ས་དང་བརླན་གཤེར་ཅན་སོགས་གང་སར་ཡོད། དེས་ན་རྩི་ཤིང་རིགས་ནི་སའི་གོ་ལའི་ངོས་གང་ནས་ཀྱང་རྙེད་ཐུབ་ལ། གནས་གང་ཞིག་ནས་ས་བཅུད་དང༌། ཆུ། ཉི་མའི་འོད་བཅས་རྙེད་ཐུབ་ན་དེ་རུ་རྩི་ཤིང་སྐྱེ་ཐུབ། འོན་ཀྱང་བྲག་ཕུག་ལྟ་བུ་ཉི་འོད་མེད་པའི་མུན་ཁྲོད་དང༌། གོ་ལའི་ལྷོ་སྣེ་དང་བྱང་སྣེ་ལྟ་བུ་གྲང་ངར་ཧ་ཅང་ཆེ་བའི་ཡུལ། དེ་བཞིན་ས་བབ་ཧ་ཅང་མཐོ་བའི་རི་རྩེ་གངས་ཀྱིས་བཟུང་བ་དང༌། བརླན་གཤེར་མེད་པའི་སྐམ་ས་བྱེ་ཐང་ལྟ་བུར་རྩི་ཤིང་རིགས་སྐྱེ་མི་ཐུབ་པའམ་ཤིན་ཏུ་ཁག་པོ་ཡིན། རྩི་ཤིང་མང་པོ་ཞིག་ནི་ཆུའི་ནང་དང༌། ཁྲོན་པ། གཙང་པོ། མཚོ་དང་མཚེའུ་བཅས་སུ་འཚོ་གནས་བྱེད་པ་དང༌། ཕ་བོང་ལ་འབྱར་ནས་སྐྱེ་བ་དང༌། ཡང་ན་གཙང་པོའི་མཐིལ་ལ་རྩ་བ་བཙུགས་ནས་ཆུའི་སྟེང་ལ་གཡེང་ནས་སྡོད་པ་མཐོང་རྒྱུ་ཡོད། གཞན་རྟེན་རྩི་ཤིང་ (piphytes)ངམ་ཡང་ན་རླུང་རྟེན་རྩི་ཤིང་ (air plant) དུ་འབོད་པའི་རྩི་ཤིང་རིགས་ཀྱིས་རང་ཉིད་ལ་དགོས་ངེས་ཀྱི་བརླན་གཤེར་རྣམས་རླུང་ཁམས་ལས་འཇིབ་འཐེན་བྱེད་ཐུབ་པས་ཁོང་ཚོར་རྩ་བ་མེད་ལ། དེའི་ཕྱིར་ཁོང་ཚོ་བྲག་རྡོ་དང༌། རྩིག་གྱང༌། རྩི་ཤིང་གཞན་བཅས་ཀྱི་སྟེང་དུ་སྐྱེ་འཚར་བྱེད་ཐུབ་པ་ཡིན།

རྩི་ཤིང་གིས་ཁ་ཟས་ཇི་ལྟར་འཚོལ་ལམ།



རྩི་ཤིང་གིས་འཚོ་གནས་ཆེད་ཉི་འོད་སྤྱད་ནས་རང་གི་ཁ་ཟས་གཡོ་སྦྱོར་བྱེད་ཐུབ། འདིར་འོད་ཀྱི་གཡོ་སྦྱོར་རམ་བསྡུས་ན་འོད་སྦྱོར་ཟེར་གྱི་ཡོད། རྩི་ཤིང་ཕལ་ཆེ་བའི་ལོ་མའི་ནང་འོད་སྦྱོར་བྱེད་སའི་བཟོ་གྲྭ་ཆུང་ཆུང་མང་པོ་ཡོད་ལ། དེ་ནི་ལྗང་རྫས་ཀྱིས་ཁེངས་ཤིང་ལྗང་རྫས་དེ་དག་གིས་ཉི་འོད་འཇིབ་ལེན་བྱེད་ཀྱི་ཡོད། ཉི་འོད་ལས་བྱུང་བའི་ནུས་ཤུགས་དེ་དག་རྫས་སྦྱོར་གྱི་ནུས་པར་བེད་སྤྱོད་བྱེད་པ་དང༌། དེས་བརླན་གཤེར་དང་རླུང་ལས་བྱུང་བའི་ནུས་པ་དག་རྩི་ཤིང་གི་ཟས་བཅུད་ལ་སྒྱུར་གྱི་ཡོད། དེ་ལྟར་རྩི་ཤིང་གིས་ཟས་བཅུད་བེད་སྤྱད་ནས་ལོ་མ་གསར་པ་དང་། ཡལ་ག་གསར་པ་སྐྱེ་བ་སོགས་སྐྱེ་འཕེལ་བྱེད་


རྩི་ཤིང་གི་ཕྲ་ཕུང།



སྐྱེ་ལྡན་གཞན་ཀུན་དང་མཚུངས་པར་རྩི་ཤིང་ཡང་ཧ་ཅང་ཕྲ་བའི་གྲུབ་ཆ་ཕྲ་ཕུང་ཞེས་པ་ལས་གྲུབ་ཡོད། དེ་ཡང་ཕྲ་ཕུང་དུ་མ་ཚོགས་པ་ལས་ཕུང་གྲུབ་ཅེས་པ་གྲུབ་པ་དང་། ཕུང་གྲུབ་དུ་མ་འདུས་པ་ལས་དབང་པོ་དང་། དབང་པོ་དུ་མ་འདུས་པ་ལས་སྐྱེ་ལྡན་གྱི་དངོས་པོ་བྱེ་བྲག་གཅིག་འབྱུང་བ་ཡིན། སྤྱིར་རྩི་ཤིང་དང་སེམས་ཅན་ཐམས་ཅད་ཕྲ་ཕུང་ལས་གྲུབ་པ་ཡིན་ཡང་ཕྲ་ཕུང་གི་ཆགས་བཀོད་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད། རྩི་ཤིང་གི་ཕྲ་ཕུང་ལ་སྲ་ཞིང་མཁྲེགས་པའི་ཤུན་པགས་ཡོད་པ་དང་དེ་ལས་རྩི་ཤིང་གི་དབྱིབས་དང་སྲ་བའི་རང་བཞིན་ཡོང་གི་ཡོད། གལ་ཏེ་ཕྲ་མཐོང་ཆེ་ཤེལ་སྤྱད་ནས་རྩི་ཤིང་གི་ཕྲ་ཕུང་ལ་བལྟས་ཚེ། དེ་ནི་ས་ཕག་ཆུང་ཆུང་ཞིག་གམ་ཡང་ན་ཁང་ཆུང་གྲུ་བཞི་མ་ལྟ་བུ་ཞིག་ཏུ་མཐོང་ངེས་ཡིན།

རྩི་ཤིང་སྐྱེ་འཕེལ་བྱེད་པ།




སྐྱེ་དངོས་གཞན་ཀུན་དང་མཚུངས་པར་རྩི་ཤིང་ལ་ཡང་རང་གི་རིགས་སྤེལ་བའི་ནུས་པ་ལྡན་ཡོད། སྐྱེ་འཕེལ་བྱེད་པའི་ཐབས་ལམ་མི་འདྲ་བ་འགའ་ཞིག་ཡོད་པ་ལས། འགའ་ཞིག་གིས་ས་བོན་དང་ཁམས་དཀར་དམར་འདྲེས་སྦྱོར་གྱི་ཐོག་ནས་སྐྱེ་སྐྲུན་བྱེད་པ་དང་འགའ་ཞིག་རང་གི་ངོ་འདྲ་བའི་ཆ་ཤས་གཞན་སྐྲུན་པའི་ཐོག་ནས་སྐྱེ་སྤེལ་བྱེད་ཀྱི་ཡོད། མེ་ཏོག་ཡོད་པའི་རྩི་ཤིང་གི་རིགས་ལ་བསམ་ན། དེའི་སྟེང་ཕོའི་ཆ་ཤས་སམ་ཁམས་དཀར་གྱི་ཚོད་དུ་ཟེགས་མ་ཡོད་པ་མཐོང་ཐུབ་ལ་མོའི་ཆ་ཤས་སམ་ཁམས་དམར་གྱི་ཚོད་དུ་སྒོ་ང་གནས་སའི་ཨོ་བུལ་ (ovule) ཞེས་པ་མཐོང་རྒྱུ་ཡོད། དེ་གཉིས་འདྲེས་པ་ལས་མཐར་ས་བོན་འབྱུང་བ་དང་ས་བོན་དེ་ལས་རིགས་གཅིག་པའི་རྩི་ཤིང་གཞན་སྐྱེ་སྤེལ་བྱེད་ཀྱི་ཡོད། རྩི་ཤིང་འགའ་ཞིག་ནང་ཕོ་མོའི་ཆ་གཉིས་ཀ་རྩི་ཤིང་གཅིག་གི་མེ་ཏོག་གཅིག་སྟེང་གནས་པ་། ཡང་འགའ་ཞིག་ནང་ཕོ་མོའི་ཆ་སོ་སོ་རྩི་ཤིང་གཅིག་གི་མེ་ཏོག་མི་འདྲ་བ་གཉིས་ཀྱི་ནང་གནས་པ། ཡང་འགའ་ཞིག་རྩི་ཤིང་གཅིག་གི་སྟེང་ཕོ་དང་གཅིག་གི་སྟེང་མོ་གནས་པ་ཡང་ཡོང་གི་ཡོད། ལྷགས་རླུང་དང་སེམས་ཅན་སོགས་ས་གནས་གཅིག་ནས་གཞན་དུ་སྐྱོད་སྐབས་མེ་ཏོག་གི་ཟེགས་མ་རྩི་ཤིང་གཅིག་ནས་གཞན་དུ་འཁྱེར་བའི་བྱ་བ་བྱེད་པ་དང་དེའི་ཐོག་ནས་ས་བོན་འདྲེས་སྦྱོར་གྱི་གོ་སྐབས་ཡོང་གི་ཡོད། 

རྩི་ཤིང་རིགས་བྱུང་ནས་ད་བར་ལོ་ཇི་ཙམ་སོང་ཡོད་དམ།

ཚན་རིག་གི་འདོད་ཚུལ་དང་དཔང་རྟགས་ལ་གཞིག་ན་རྩི་ཤིང་གི་རིགས་ཐོག་མར་བྱུང་ནས་ད་བར་ལོ་ཐེར་འབུམ་གསུམ་ཙམ་ཕྱིན་པ་འདོད་ཀྱི་ཡོད་ལ། དེ་ཡང་ཐོག་མར་རྒྱ་མཚོའི་ནང་བྱུང་བ་ལས་རིམ་བཞིན་སྐམ་སར་ཁྱབ་པ་འདོད་ཀྱི་ཡོད། རྩི་ཤིང་རྙིང་པའི་ལྷག་ཤུལ་ས་འོག་ཏུ་རུལ་ནས་ཐིམ་པ་དག་རྗེས་སོར་གསར་དུ་སྐྱེ་བཞིན་པའི་རྩི་ཤིང་ལ་ཤིན་ཏུ་མཁོ་བའི་ཟས་བཅུད་ཆགས་ཡོད། ས་གཞིའི་ནང་རྩི་ཤིང་ལྷག་ཤུལ་ཚད་མཐོར་ཡོད་པ་ལ་གཤིན་ས་ཟེར་བ་དང་དེར་རྩི་ཤིང་གཞན་སྐྱེ་སླ་བ་ཡོང་གི་ཡོད། རིམ་བཞིན་རྩི་ཤིང་རིགས་སྐམ་སའི་ས་ཁྱོན་གང་སར་ཁྱབ་པ་དང་ཆེས་ཐོག་མའི་ཤིང་ནགས་དང་སྤང་ཐང་སོགས་བྱུང། 
འགྲོ་བ་མིའི་དཔལ་ཡོན་མ་དར་བའི་སྔོན་གྱི་རྩི་ཤིང་རིགས་མང་པོ་ཞིག་ད་ཆ་འགྱུར་རྡོའི་ངོ་བོར་ས་འོག་གཅེས་ཉར་གྱིས་མཐོང་རྒྱུ་ཡོད་པ་དང་། འགྱུར་རྡོ་དེ་དག་ལ་བལྟས་ནས་སྐབས་དེའི་རྩི་ཤིང་གི་གནས་བབ་ཙམ་མ་ཡིན་པར་ས་ཡི་གོ་ལ་སྤྱི་དང་འཚོ་གནས་བྱུང་བའི་སྐྱེ་ལྡན་སྐོར་ཤེས་རྟོགས་ཐུབ་ཀྱི་ཡོད། ད་ཆ་བཟོ་གྲྭ་སོགས་ཀྱི་ནང་བེད་སྤྱོད་གཏོང་བཞིན་པའི་རྡོ་སྲོལ་དང་རྡོ་སྣུམ་སོགས་མི་ལོ་ས་ཡ་མང་པོའི་སྔོན་བྱུང་བའི་སྐྱེ་ལྡན་གྱི་ལྷག་ཤུལ་ཡིན། 

རྩི་ཤིང་གིས་དབུགས་གཏོང་ལེན་བྱེད་པ།


རྩི་ཤིང་གིས་ང་ཚོའི་རླུང་གི་དཀྱིལ་འཁོར་ཆེན་པོ་སྟེ། སའི་གོ་ལའི་མཐའ་འཁོར་གྱི་རླུང་ཁམས་སྲུང་སྐྱོབ་བྱེད་ཀྱི་ཡོད། དེ་ཡང་མི་དང་སེམས་ཅན་དག་གིས་དབུགས་གཏོང་ལེན་བྱེད་སྐབས་སྲོག་རླུང་(oxygen) ཡར་ལེན་པ་དང་མི་དགོས་པའམ་བེད་སྤྱོད་ བཏང་ཟིན་པའི་རླུང་ནག་རླངས་ཉིས་འགྱུར་ (carbon dioxide) ཟེར་བ་ཕྱིར་འབྱིན་པ་ཡིན། སེམས་ཅན་རྣམས་སྲོག་རླུང་མེད་ན་འཚོ་མི་ཐུབ། འོན་ཀྱང༌། རྩི་ཤིང་རིགས་ ཀྱིས་ཉི་འོད་ལ་བརྟེན་ནས་ཟས་སྣ་གཡོ་སྦྱོར་བྱེད་སྐབས་རླུང་ཁམས་ནས་ཚུར་ནག་རླངས་ཉིས་འགྱུར་ལེན་པ་དང་འབྲས་བུ་སྲོག་རླུང་ཕྱིར་འཁོར་ཡུག་ནང་སྤྲོད་ཀྱི་ཡོད། དེར་བརྟེན་དབུགས་གཏོང་ལེན་གྱི་བརྒྱུད་རིམ་ལ་བསམ་ན་རྩི་ཤིང་གིས་ཕྱིར་བེད་མེད་དུ་བཏང་བའི་རླུང་དེ་སེམས་ཅན་ལ་མཁོ་བ་དང་སེམས་ཅན་ཚོས་བེད་མེད་ཕྱིར་འཕྱུང་བའི་རླུང་དེ་རྩི་ཤིང་ལ་མཁོ་བ་ཡིན་པས་སེམས་ཅན་དང་རྩི་ཤིང་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་གནས་ཡོད། མདོར་ན་འགྲོ་བ་མི་གཙོས་པའི་སེམས་ཅན་ཐམས་ཅད་ས་ཡི་གོ་ལ་འདིར་འཚོ་གནས་རྒྱུན་རིང་ཡོང་བ་ལ་ཤིང་ནགས་གཙོ་བོར་གྱུར་བའི་རྩི་ཤིང་གི་རིགས་གནས་དགོས་པ་ཤིན་ཏུ་གལ་ཆེ་ཡིན། འགྲོ་བ་མི་གཙོས་པའི་སེམས་ཅན་ཇི་འདྲ་ཞིག་ཡིན་རྩི་ཤིང་ལ་བརྟེན་མི་དགོས་པ་གཅིག་ཀྱང་མེད། འགའ་ཞིག་རྩི་ཤིང་ཁོ་ནར་རྟེན་ནས་འཚོ་ཐབས་བྱེད་པས་སེམས་ཅན་དེ་རིགས་ལ་རྩ་གཟའ་སེམས་ཅན་ཟེར་གྱི་ཡོད། འགའ་ཞིག་ཤ་ཁོ་ནར་རྟེན་ནས་འཚོ་ཐབས་བྱེད་མཁན་ཡིན་པས་དེ་རིགས་ལ་ཤ་གཟན་སེམས་ཅན་ཟེར་གྱི་ཡོད། འགའ་ཞིག་ཤ་དང་རྩ་གཉིས་ཀ་རྟེན་མཁན་ཡོད་པ་དང་དེ་ལ་ཅི་ཐོབ་རྟེན་པའི་སེམས་ཅན་ཟེར་གྱི་ཡོད། སེམས་ཅན་རིགས་འདི་དག་གང་ཡིན་རུང་རྩི་ཤིང་ལ་དངོས་བརྒྱུད་གཉིས་ཀྱི་ལམ་ནས་བརྟེན་མི་དགོས་པ་གཅིག་ཀྱང་མེད་པས་སེམས་ཅན་གྱི་ཁ་ཟས་མཐར་གཏུགས་ནས་རྩི་ཤིང་ནས་ཡོང་བ་དང་དེ་ནས་ཡར་དེད་ན་ཉི་མ་ལས་བྱུང་བ་ཆགས་ཡོད།


Post a Comment

Previous Post Next Post