ཚན་རིག་ཚགས་པར་ཐེངས་དང་པོའི་སྔོན་གླེང་།

༄། །མཛའ་བརྩེ་དང་ལྡན་པའི་ཀློག་མཁན་གྲོགས་པོ་རྣམ་པ། ང་ཚོ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ཡོངས་དང་། དམིགས་བསལ་གྱིས་བདག་ཅག་ཚན་རིག་སྡེ་ཚན་གྱི་ངོས་ནས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ལྷུན་གྲུབ་ཡོང་བའི་སྨོན་འདུན་དང་། ཁྱེདརྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག འབྱུང་འགྱུར་གྱི་ལོ་ཟླའི་ནང་དུ་ཁྱེད་ཅག་ཚན་རིག་ཚགས་པར་འདིའི་གཏན་གྲོགས་སུ་འགྱུར་བ་དང་།བོད་ཀྱི་རིག་གནས་བྱ་བ་ཉིན་བཞིན་ཡར་རྒྱས་གོ་འཕེལ་ཡོང་བའི་སྨོན་འདུན་ཡང་ཞུབཞིན་ཡོད།རོལ་མན་རོ་མན་གྱིས་འདས་ཟིན་པ་དེ་རྒྱང་རིང་དུ་མ་དོར། དེས་ཁྱེད་ལ་མི་ཚེ་ཡི་སློབ་གསོ་གཏོང་ཞིང་། འབྱུང་འགྱུར་ལ་སྐུལ་ལྕག་བྱེད་ངེས། གསུངས་པ་ལྟར།བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པ་རྒྱ་དམར་པོའི་གདུག་རྩུབ་འོག་ཤོར་བ་ནས་མ་ཉེས་ཁག་གཡོག་གི་ཞྭ་མོ་སྣ་ཚོགས་གྱོན་དགོས་བྱུང་ཞིང་། ཆེས་རྗེས་ལུས་དང་། ཆེས་མུན་ནག ཆེས་གདུག་རྩུབ་བཅས་ཀྱི་མིང་བྱང་འོག་ནས་བྱམས་བརྩེ་དང་སྙིང་རྗེའི་མ་ཡུམ་དུ་གྱུར་བའི་རང་ཅག་བོད་མི་རིགས་ཀྱི་ཆོས་ལུགས་རིག་གནས་དང་བཅས་པ་འཕོངཕྱིས་ཀྱི་རྡོ་བའི་རིན་ཐང་ལས་མེད་པར་གྱུར་ནས་ཡུན་རིང་འགོར། འདི་དག་ནི་ལོ་རྒྱུས་ཀྱི་བསླབ་བྱ་སྟེ། ང་ཚོས་ནམ་ཡང་བརྗེད་མི་རུང་བའི་གཏམ་རྒྱུད་ཅིག་ལགས།དེང་སྐབས་ང་ཚོ་གཞན་ཡུལ་གྱི་གྲུ་ཁ་འདི་ནས་མི་ངོ་འཚོ་བཞིན་སྐྱབས་བཅོལ་བའི་ལོ་ཟླ་སྐྱུར་མོ་ཞིག་འདི་ལྟར་མྱོང་དགོས་དོན་ཡང་། བོད་ཀྱི་གནའ་བོའི་རིག་གནས་ཀྱིས་མ་ཡིན་པར། མི་རབས་ཕྱི་མ་དག་གིས་དུས་བསྟུན་གྱིས་བཅོས་བསྒྱུར་དང་རིག་གནས་ཁོར་ཡུག་རྒྱ་བསྐྱེད་ཀྱིས་དེང་རབས་ཅན་དུ་ཁ་མ་ཕྱོགས་པའི་རྐྱེན་གྱིས་ཡིན་ལ། དཔྱོདཤེས་པ་མང་པོ་ཞིག་གིས་རྐང་ལམ་ཕྲ་མོར་འཁྲེངས་སེམས་ཀྱིས་ཅེར་ཞིང་དུང་ཞེན་དངསྐྱོ་ངལ་གྱི་དབུགས་རིང་འབྱིན་དོན་ཡང་དེ་ཉིད་ཡིན།ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། གསུངས་པ་ལྟར། འདས་པའི་ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་འཁངས་ར་བྱེད་ཀྱང་དགེ་ཕན་མེད་ལ། འབྱུང་འགྱུར་ནི་ང་ཚོའི་མི་རབས་འདིའི་ལག་ཏུ་ཡོད་པས་ང་ཚོས་སུ་ལའང་འཁངས་ར་དང་སྐྱོ་ངལ་བྱེདདོན་མེད། དེའི་ཕྱིར་ང་ཚོ་མི་རེ་ངོ་རེ་ངོས་ནས་འདི་ལྟར་འགོ་འཛུགས་ཀྱིས་གོམ་པ་གསར་པ་ཞིག་སྤོ་རྒྱུ་ནི་དེང་རབས་བོད་ཕྲུག་ཅིག་གི་ལར་ཞེན་དང་། ཡང་དག་པའི་ཕུགསབསམ་མངོན་མཚོན་བྱེད་སྟངས་ཤིག་ཡིན་ལ། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེནཔོའི་རླབས་ཆེ་བའི་ཐུགས་འདུན་ཡང་དེ་ཉིད་ཡིན།རིགས་ཀྱི་བྱ་བར་ལྷག་བསམ་དཀར་ཞིང་། འཚོ་རྟེན་དང་འཚོ་བའི་དོན་སྙིང་གཉིས་ཀྱི་ཡང་ལྕི་གཞལ་བར་རྣམ་དཔྱོད་མཆོག་ཏུ་གསལ་བའི་སྒོ་ནས་རང་རིགས་གཞོན་སྐྱེས་ཚོས། ལར་ཞེན་དང་དཔྱོད་ཤེས་ཀྱི་སྙུག་ཁ་སྤུན་ཟླ་ནང་ཁུལ་གྱི་མཛའ་བརྩེ་གཏོར་བྱེདདུ་མི་སྤྱོད་པར། མི་རིགས་རིག་གནས་བྱ་བ་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དང་། བོདསྐད་ཡིག་གི་སྤྱོད་སྒོའི་རིན་ཐང་མཐོར་འདེགས་བྱེད་པར་བློ་རྩེ་གཅིག་ཏུ་སྒྲིམ་ནས། ཚན་རྩལ་རིག་གནས་གཙོ་བོར་གྱུར་བའི་དེང་དུས་ཀྱི་ཤེས་བྱ་རིག་གནས་རིན་ཐང་ལྡན་ཞིངདགེ་ཕན་ཆེ་བ་རྣམས་ནང་འདྲེན་གྱིས་རང་གི་སྐད་ཡིག་རིག་གནས་ཀྱི་སྤྱོད་སྒོའི་ཁོར་ཡུག་རྒྱ་བསྐྱེད་བྱ་རྒྱུ་དང་། ཀུན་གྱི་རྗེས་ཆོད་ཅིང་ལས་ལ་བརྩོན་ཞིང་དཔའ་ངར་ལྡནཔའི་བོད་མི་རིགས་ཀྱི་མེས་པོ་གོང་མ་ཚོའི་མཚན་སྙན་གྱི་བ་དན་དཀར་པོར་ནག་ནོགགི་དྲི་མས་མ་བསླད་པ་གནང་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་བཅངས་པའི་རེ་བ་ཡིན་ལ།ཚགས་པར་ཆུང་ཆུང་འདིའི་དམིགས་ཡུལ་གཙོ་བོའང་དེ་ཡིན།རང་ཉིད་ལ་ཅི་ཞིག་མེད་པ་རྟོགས་རྒྱུ་ནི་ཅི་ཞིག་གསར་དུ་འཐོབ་རྒྱུའི་གོམ་པ་དངཔོ་ཡིན་པ་ལྟར། ང་ཚོས་རང་ཉིད་ཀྱི་གནས་སྟངས་དངོས་ཏེ། ཕྱིའི་དངོས་པོའི་ཐདནས་རྗེས་སུ་ལུས་ཡོད་པ་འདི་ཉིད་ངོས་འཛིན་གསལ་པོར་ཐོབ་རྒྱུ་དང་། མི་རིགས་སྐད་ཡིག་དང་བཅས་པ་སྔོན་ཐོན་ཅན་དུ་སྐྱོད་རྒྱུའི་གོམ་པ་གཉིས་པ་ཞིག་འདི་ལྟར་མི་སྤོ་ཀ་མེད་ཡིན་པ་དང་། ང་ཚོས་མ་འོངས་པའི་སྔོན་ཐོན་གྱི་བོད་རྒྱལ་ཁབ་ཆེན་པོ་མིག་གིས་མཐོང་མི་ཐུབ་ཀྱང་། འབྱུང་འགྱུར་གྱི་བུ་རབས་ཚ་རྒྱུད་ཚོར་འཛམ་གླིང་འདིར་ངོ་གནོངས་མི་དགོས་པའི་ཁྱིམ་ཚང་ཞིག་འཛམ་གླིང་གི་ཡངས་རྩེ་དེར་འཛུགས་བསྐྲུན་བྱ་རྒྱུའི་ཆརྐྱེན་ཞིག་ང་ཚོས་ཅིས་ཀྱང་འཇོག་དགོས་སོ།།

Post a Comment

Previous Post Next Post