སྤེལ་མཁན། : tsenrig 2/10/2006

ང་ཚོས་མི་རབས་གསར་པའི་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་སློབ་གསོའི་ལམ་ལུགས་སྟེ། མ་འོངས་པའི་དགེ་རྒན་དང་སློབ་ཕྲུག་ཚོའི་མཉམ་དུ་ལས་ཀ་བྱེད་བཞིན་ཡོད། གཞི་རྩའི་ཆ་ནས་ང་ཚོའི་ཟབ་སྦྱོང་ཁག་ཏུ་མཉམ་ཞུགས་བྱེད་མཁན་རྣམས་ནི་རྒྱ་གར་ནང་དང་། མཐའ་འཁོར་དུ་ཡོད་པའི་རིས་སུ་མ་ཆད་པའི་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་ཡིན་པ་དང༌། དེ་དག་ལས་ཕལ་ཆེ་བ་གདན་ས་སེ་འབྲས་དགའ་གསུམ་ནས་ཕེབས་པ་ཡིན་ནའང། ད་བར་ས་དགེ་བཀའ་རྙིང་བོན་དང་བཅས་པའི་དགོན་སྡེ་ཆེ་ཁག་ཕལ་ཆེ་བའི་དགེ་འདུན་པ་དང་བཙུན་མ་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།

ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་དག་སོ་སོའི་ཁོངས་གཏོགས་དགོན་སྡེ་ཁག་གིས་གདམས་མངགས་གནང་པ་ཞིག་དང༌། ཟབ་སྦྱོང་སྐབས་སུ་ཁོང་ཚོ་ནི་རང་ཉིད་ཀྱི་དགོན་པའི་ཚབ་མཚོན་མི་སྣ་ཆགས་ཡོད།

ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་གི་སློབ་ཕྲུག

ཟབ་ཞུགས་པའི་གྲངས་ཚད་ནི་གདན་ས་སོ་སོའི་ནང་ཚོགས་ཞུགས་མི་གྲངས་ཇི་ཙམ་ཡོད་མེད་དང་། འདེམས་སྒྲུག་བྱེད་ཚུལ་ནི་འཛིན་གྲྭའི་གནས་རིམ་གཞིར་བཞག་གིས་འདེམས་སྒྲུག་བྱེད་ཀྱི་ཡོད། དཔེར་ན། དགེ་ལུགས་དགོན་སྡེ་ཁག་ལ་མཚོན་ན་མ་མཐའ་ཡང་ལོ་ངོ་བཅུའི་རིང་སློབ་གཉེར་གྱིས་ཕར་ཕྱིན་དང་དབུ་མ་མཐར་ཕྱིན་པ་ཞིག་དང་། ཆོས་བརྒྱུད་ཁག་གཞན་ལའང་དེ་དང་མཉམ་པའི་ཤེས་ཚད་ལྡན་དགོས། ཁོང་ཚོ་ནི་མ་འོངས་པར་དགོན་སྡེ་སོའི་ནང་ཚན་རིག་སློབ་གཞི་དངོས་སུ་དབུ་འཛུགས་བྱེད་སྐབས་དགེ་རྒན་དང་སློབ་སྟོན་སོགས་ཀྱི་འགན་ཁུར་བྱེད་མི་གཙོ་བོ་ཡོང་བའི་རེ་བ་དང་དམིགས་ཡུལ་འཛིན་གྱི་ཡོད། ཟབ་སྦྱོང་འདི་དག་ལས་ཐོབ་པའི་ལེགས་ཆ་ལ་བརྟེན་ནས་རང་ཉིད་དུས་རབས་ཉེར་གཅིག་པའི་ནང་པའི་དགེ་འདུན་ཚད་དང་ལྡན་པ་ཞིག་ཡོང་ཐུབ་པ་མ་ཟད། མི་རབས་རྗེས་མ་རྣམས་ལ་རྒྱུད་སྤྲོད་བྱེད་མཁན་ཞིག་ཡོང་བ་བྱེད་རྒྱུ་ནི་ང་ཚོའི་དམིགས་ཡུལ་དང་རེ་བ་ཡིན། །

ཨེ་མོ་རི་སྔོན་འགྲོའི་ཚན་རིག་གི་སློབ་ཕྲུག

ལས་འཆར་འདིའི་ཟབ་ཞུགས་པ་ཚོ་ནི་དགོན་སྡེ་སོ་སོ་ནས་འདེམས་སྒྲུག་བྱེད་བཞིན་ཡོད་མོད། འོན་ཀྱང་ཁོང་ཚོར་ཚང་དགོས་པའི་གཞི་རྩའི་ཆ་རྐྱེན་ཕར་ཕྱིན་བལྟ་བཞིན་པ་དང༌། དབུ་མ་ཐོན་ཚར་དགོས་པ་དེ་ཡིན་ལ། ཆོས་བརྒྱུད་གཞན་དག་ཡིན་ནའང་དེ་དང་མཉམ་པའི་གནས་ཚད་ངེས་པར་དུ་ཡོད་དགོས། མ་ཟད། ལས་འཆར་འདིར་ཞུགས་མཁན་གྱི་གྲྭ་པ་ཚོས་ལོ་ངོ་ལྔའི་རིང་ལ་འཆར་འགོད་ཀྱིས་གཏན་འབེབས་བྱས་པའི་དུས་ཡུན་ཧྲིལ་པོའི་སློབ་ཚན་ཁག་འདི་ངེས་པར་དུ་མཐར་འཁྱོལ་པ་གནང་དགོས། ད་ཆ་དགོན་སྡེ་སོ་སོར་ཨེ་མོ་རེའི་ལས་འཆར་འགོ་འཛུགས་ཞུས་ནས་ལོ་རིམ་གསུམ་པ་འགྲོ་བ་བཞིན་པ་དང་། ལོ་རིམ་ལྔ་པའི་རྗེས་སུ་དགོན་ཁག་སོ་སོ་རང་ངོས་ནས་རྒྱུན་སྐྱོང་ཐུབ་པའི་རེ་བ་བྱེད་བཞིན་ཡོད། 

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།