བོད་ལ་ཕྱིའི་དཔལ་ཡོན་ནང་འདྲེན་བྱེད་པའི་ལོ་ཙཱ་བའི་བྱ་བ་འདི་དུས་ཡུན་རིང་མོའི་སྔོན་ནས་བྱུང་ཞིང་། དམ་པའི་ཆོས་ཀྱི་བཀའ་བསྟན་གྱིས་གཙོས་པའི་གཞུང་ལུགས་གྲངས་མེད་བོད་སྐད་དུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་ནས་ཚང་ལ་མ་ནོར་བའི་ལོ་ཙཱ་བའི་གཞུང་ལུགས་ཀྱང་གཞན་ལ་སྨོན་མི་དགོས་པ་མིག་མཐོང་ལག་ཟིན་དུ་ཡོད་པ་དེ་ཡིན། དེ་ལྟར་ཡང་། བོད་བཙན་པོའི་སྲིད་དབང་སིལ་བུར་འཐོར་བ་དང་། རིམ་བཞིན་བོད་དུ་ཡུལ་དུས་ཀྱི་འཕོ་འགྱུར་སྣ་ཚོགས་པ་ཞིག་བྱུང་བའི་བརྒྱུད་རིམ་ཁྲོད་ནས་གནའ་བོའི་བོད་ཀྱི་འགྱུར་གྱི་ལུགས་བཟང་མང་པོ་ཞིག་བརྒྱུད་འཛིན་མ་ཐུབ་པར་གྱུར་ཡོད་ལ། ལྷག་པར་དུ་ཕྱི་ལོ་༡༩༤༩ ལོ་ནས་འགོ་ཚུགས་པའི་བོད་ཡུལ་གྱི་དུས་འགྱུར་དང་། དེར་མཐུད་པའི་རིག་གནས་གསར་བརྗེ་སོགས་ཀྱིས་གནའ་བོའི་བོད་ཀྱི་སྲོལ་བཟང་མང་པོ་ཞིག་མིང་གི་ལྷག་མར་བཏང་ཡོད།
ཉེ་བའི་དུས་འདིར་བོད་ཕྱི་ནང་གཉིས་ནས་ཕྱིའི་རིག་གསར་ནང་འདྲེན་བྱ་བའི་རླབས་ཆེན་གྱི་འགན་འཁྲི་དང་དུ་བླངས་པའི་ལོ་ཙྰ་བ་དང་ཚོཌ་སྡེ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ། ལོ་ཙྰ་བ་ཀུན་གྱི་དམིགས་སྒོ་གཏད་སའི་བསྒྱུར་གཞིའི་སྐད་ཡིག་དང་། བརྗོད་བྱ་སོགས་ཀྱང་སྔར་ལས་རྣམ་པ་སྣ་ཚོགས་པར་གྱུར་བའི་དོན་དངོས་འདི་ལ་བརྟེན་ནས། ཞེ་ཕུགས་དྲོ་བའི་རྣམ་པ་འདིར་སེམས་འཚབ་དགོས་པའི་གནད་དོན་ཞིག་ཀྱང་འབྱུང་བཞིན་པ་ནི་གཅིག་གྱུར་གྱི་ཐ་སྙད་ཅིག་གཏན་ལ་ཕབ་མ་ཐུབ་པར་ཡོད་པ་འདི་ཡིན།
གནད་དོན་འདིའི་ཐད་ལ་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཀྱང་ཐ་སྙད་གཏན་འབེབ་ཀྱི་ལས་གཞི་ཞིག་སྔོན་ནས་འགོ་བཙུགས་ཡོད་ཀྱང་། བར་སྐབས་དེར་ལོ་ཙྰ་བ་ཀུན་ལ་སྟབས་བདེ་ཞིག་ཡོང་ཆེད་དུ་བོད་ཀྱི་དཔེ་མཛོད་ཁང་གི་ངོས་ནས་སྐབས་སུ་བབ་པའི་ཚན་རིག་ཆེད་སྤྱོད་ཐ་སྙད་གཏན་འབེབས་ཀྱི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་རིམ་པར་ཞུས་ནས་ཐ་སྙད་གསར་གཏོད་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་དགེ་རྒན་དང་སློབ་མ་ཚང་མས་གང་ཐུབ་བཀོལ་སྤྱོད་བྱེད་མུས་ཡིན།
བགྲོ་གླེང་གོ་སྒྲིག་བྱེད་སྐབས་ང་ཚོས་གཙོ་བོ་བོད་ཕྱི་ནང་གཉིས་ནས་པར་སྐྲུན་བྱས་པའི་ཚིག་མཛོད་མང་དག་ཅིག་ལ་རྩ་འཛིན་དང་། དེ་དག་དང་མཐུན་ཅི་ཐུབ་བྱ་རྒྱུ་དེ་རྩ་བའི་ལངས་ཕྱོགས་སུ་བཟུང་ཡོད་ལ། དེ་ལྟར་བྱེད་པའི་དམིགས་ཡུལ་ནི་ང་ཚོར་ཐུན་མོང་དུ་སྤྱོད་པའི་གཅིག་གྱུར་གྱི་ཐ་སྙད་ཡོང་ཐབས་བྱེད་རྒྱུ་དེ་ཡིན།
བགྲོ་གླེང་ནང་གཙོ་བོ་བྱེས་སུ་ཡོད་པའི་ལོ་ཙྰ་བ་ཁག་དང་། ཆེད་ལས་ལོ་ཙྰའི་བྱ་བ་གཉེར་བཞིན་པའི་གཞོན་སྐྱེས། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གནས་ལ་མཁྱེན་ཡོན་ལྡན་པའི་མཁས་པ་དང་། བོད་གཞུང་སྨན་རྩིས་ཁང་གི་སྨན་པ་དང་རྩིས་པ། ཚན་རིག་དགེ་རྒན་སོགས་ཕྱོགས་ཀུན་ནས་ཆ་ཚང་བའི་མི་སྣ་གདན་འདྲེན་ཞུ་ཐབས་བྱེད་བཞིན་ཡོད།
ད་བར་གཏན་འབེབ་བྱས་པའི་ཐ་སྙད་ཁག་འབྲེལ་ཡོད་མི་སྣ་ཚོས་བཀོལ་སྤྱོད་ཡོང་བའི་རེ་བ་དང་། རྗེས་སོར་དག་བཅོས་ཆེད་འགྱུར་གྱི་བསམ་ཚུལ་གང་ཡོང་ང་ཚོར་བསམ་འཆར་གནང་སྐྱོང་ཡོང་བའི་རེ་བ་བྱེད་བཞིན་ཡོད།
Previous Post Next Post