སྤེལ་མཁན། : tsenrig 7/31/2008






གྲོག་མ་ཞེས་པ་ནི་སྤྱི་ཚོགས་ཀྱི་འཚོ་བ་ལོངས་སུ་སྤྱོད་པའི་འབུ་སྲིན་གྱི་རིགས་བྱེ་བྲག་པ་ཞིག་གི་སྤྱི་མིང་དངདེ་ལ་ནང་གསེས་ཀྱི་རིགས་འདྲ་མིན་ཡོད། གྲོག་མའི་རིགས་ཐམས་ཅད་སྤྱི་ཚོགས་སེམས་ཅན་ཡིན་པར་བརྟེན་ཁོང་ཚོས་མཉམ་རུབ་ཀྱིས་འཚོ་བ་བསྐྱལ་གྱི་ཡོད། གྲོག་མའི་རིགས་ཕལ་ཆེ་བའི་ནང་ཕོ་རྣམས་མི་ཚེ་ཧྲིལ་པོར་གཤོག་པ་དང་ལྡན་པ་ཡིན་ཀྱང་མོ་རྣམས་དངཐོག་གཤོག་པ་ཡོད་པ་གང་ཞིག་རྗེས་སོར་གྲོག་མ་ཕོ་དང་ལུས་འབྲེལ་རྗེས་གཤོག་པ་མེད་པར་འགྱུར་བ་ཡིན། གཤོག་པ་མེད་པའི་གྲོག་མོ་ཁག་ཅིག་ཡོང་བ་དང་ཁོང་ཚོས་རིགས་རྒྱུད་སྐྱེ་འཕེལ་གྱི་བྱ་བ་བྱེད་མི་ཐུབ་པར་མ་ ནིང་ལྟ་བུར་གནས་པས་ཁོང་ཚོར་ངལ་རྩོལ་གྱི་གྲོག་མ་ཞེས་འབོད་ཀྱི་ཡོད། མིང་ནས་ཤེས་ཐུབ་པ་ལྟར་ཁོང་ ཚོའི་ལས་འགན་ནི་ཚོགས་པའི་ངལ་རྩོལ་གྱི་བྱ་བ་རྣམས་བྱེད་རྒྱུ་དེ་ཡིན། སྦྲུམ་མར་གྱུར་བའི་གྲོག་མོ་དེ་ ཚོགས་པའམ་གྲོག་ཚང་དེའི་རྒྱལ་མོར་འགྱུར་བ་དང་མོའི་ལས་འགན་ནི་སྒོ་ང་འདོན་སྤེལ་བྱེད་རྒྱུ་ཙམ་ཡིན། གྲོག་ཕོ་དེ་དག་མོ་དང་ལྷན་དུ་ལུས་འབྲེལ་རྗེས་འཚོ་གནས་ཐུབ་ཀྱི་མེད་པ་དང་ངལ་རྩོལ་མཁན་ཚོས་བཟའ་ཆས་མཁོ་བསྡུ་དང་སྒོ་ངར་བལྟ་སྐྱོང་། དེ་བཞིན་གྲོག་ཚང་སྲུང་སྐྱོབ་བྱེད་རྒྱུའི་ལས་ཁུར་གལ་ཆེ་རྣམས་སྒྲུབ་ཀྱི་ཡོད། གྲོག་ཚང་ཕལ་ཆེ་བའི་ནང་ཁང་མིག་དུ་མ་ཡོད་པ་དང་དེ་དག་ཕལ་ཆེ་བ་བྲག་རྡོ་དང་ཤིང་སྡོངསོགས་ཀྱི་འོག་ཏུ་ས་བྲུས་ནས་ཚང་བཅའ་ཡང་རིགས་ཁ་ཤས་ཀྱིས་ས་སྟེང་དུ་ཐལ་ཕུང་བརྩེགས་པ་དང་ཤིངསྡོང་སོགས་ཀྱི་ཁོག་པ་བྲུས་ནས་ཚང་བཅའ་བ་ཡིན།
གྲོག་མའི་རིགས་མི་འདྲ་བ་ད་བར་འབུམ་གཅིག་ལྷག་ཤེས་རྟོགས་ཐུབ་ཡོད་པ་དང་དེ་དག་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་བརྡལ་གྱིས་གནས་ཡོད། གྲོག་མའི་ལུས་པོ་དེ་མགོ་དང་། བྲང་ཁོག། དེ་བཞིན་ཁོག་སྨད་བཅས་དུམ་བུ་གསུམ་དུ་དབྱེས་ཡོད།


གྲོག་ཚང་།

གཡས་སུ་དཔར་རིས་ནང་གསལ་བ་འདི་ནི་གྲོག་ཚང་གི་རིགས་བྱེ་བྲག་པ་གཅིག་ཡིན་པ་དང་འདི་ལ་དབྱིན་སྐད་ཐོག་ཨེན་ཧིལ་ལམ་གྲོག་མཁར་ཞེས་བརྗོད། གྲོག་རིགས་ཕལ་ཆེ་བས་རང་གི་ཐུན་མོང་མ་ཡིན་པའི་གྲོག་ཚང་དམིགས་གསལ་ཅན་རེབཅའ་ཡང་། གྲོག་རིགས་ཁ་ཤས་འབྲོག་པ་ལྟ་བུ་ས་གནས་གཅིག་ནས་གཞན་དུ་གནས་སྤོས་ཀྱིས་སྡོད་པ་ལས་དམིགས་བསལ་ཚང་བཟོ་སྐྲུན་གྱི་རྩོལ་བ་བྱེད་ཀྱི་མེད། གྲོག་ཚང་ཁ་ཤས་ས་འོག་དང་ཁ་ཤས་ཤིང་སྡོང་སོགས་ཀྱི་ཁོག་པར་བཅའ་བ་ལས་གཡས་སུ་དཔར་རིས་ནང་གསལ་བའི་གྲོག་མཁར་འདི་རིགས་ནི་གྲོག་ཚང་དམིགས་གསལ་ཅན་གྱི་རིགས་ཤིག་ཡིན། འདི་འདྲའི་གྲོག་ཚང་ཁ་ཤས་མིའི་སྡོད་ཁང་ལས་ལྡབ་ཀྱིས་མཐོ་བ་ཡོང་གི་ཡོད། གྲོག་མཁར་འདི་དག་གཙོ་བོ་ས་དངདེ་མ ིན་རྩི་ཤིང་གི་རྙིགས་རོ་སོགས་ལས་གྲུབ་པ་ཞིག་ཡིན།གྲོག་སྡེ་འགའ་ཤས་ནང་གྲོག་མ་ས་ཡ་བརྒྱད་ལྷག་ཡོང་བདང་ཁོང་ཚོས་ས་འོག་ཏུ་དོང་དྲུས་ནས་ཚང་བཅའ་སྐབསས་ཀི་ལོ་ཁྲི་བཞི་ལྷག་ཕྱིར་འདོན་བྱེད་ཀྱི་ཡོད། ས་དེ་ཙམ་ཕྱིར་འདོན་བྱེད་པ་ལ་སྐྱེལ་འདྲེན་ཐེར་འབུམ་གཅིག་ལྷག་བྱེད་དགོས་ཀྱི་ཡོད་པ་དང་ཐེངས་ རེར་རང་གི་ལུས་པོའི་བརྗིད་ཚད་ལས་ལྡབབཞི་ལས་ཆེ་བའི་ས་འཁྱེར་དགོས་ཀྱི་ཡོད།ཁོང་ཚོས་གྲོག་ཚང་གཅིག་བཅའ་བའི་ངལ་རྩོལ་དེ་ང་ཚོས་རྒྱ་ནག་ལྕགས་རི་ཆ་ཚངབསྐྲུན་པའི་ངལ་རྩོལ་དང་མཚུངས་པ་ཡིན། གྲོག་མའི་རྒྱལ་མོ་ཞིག་གི་ལོ་ ༡༤ ལྷག་འཚོ་ཐུབ་པ་དང་ཕྲུག་གུ་ས་ཡ་ ༥༠ ལྷག་སྐྲུན་ཐུབ།

བཟའ་ཆས།
སྤྱི་ཡོངས་ཐོག་གྲོག་མ་ནི་ཤ་དང་རྩི་ཤིང་གཉིས་ཀ་བཟའ་མཁན་གྱི་སྲོག་ཆགས་ཤིག་ཡིན། འོན་ཀྱང་རིགས་ ཁ་ཤས་ཀྱིས་བཟའ་ཆས་རིགས་དམིགས་བསལ་བྱེ་བྲག་པ་གཅིག་མ་གཏོགས་བཟའ་ཡི་མེད། གྲོག་མ་ཕལ་ ཆེ་བས་གྲོག་ཚང་བཅའ་བ་དང་དེའི་ནང་བཟའ་ཆས་མཁོ་བསྡུའི་རྩོལ་བ་བྱེད་ཀྱི་ཡོད། རིགས་ཁ་ཤས་ཀྱིསབ ཟའ་ཆས་མཁོ་བསྡུ་དང་གསོག་ཉར་བྱེད་ཚུལ་དེ་ཧ་ཅང་གི་ཡར་འཐོན་དང་དམིགས་བསལ་ཅན་ཡིན། ཨ་རི་དང་མེཀ་སི་ཀོའི་ནང་ཡོད་པའི་གྲོག་རིགས་རེ་ཌ་ཧར་ཝེ་སེ་ཊར་༼གྲོག་དམར་སྟོན་ཐོག་བསྡུ་མཁན༽ ཞེས་པ་དེ་སྤང་ས་ཕལ་ཆེ་བའི་ནང་ཁྱབ་ཡོད་པ་དང་ཁོང་ཚོས་སྔོ་རྩྭ་འཐུ་བ་དང་གསོག་ཉར་བྱེད་ཀྱི་ཡོད། སྟོན་ཐོག་བསྡུ་མཁན་གྲོག་མའི་ནང་ཁ་ཤས་ཀྱི་འབྲུ་རིགས་གསོག་ཉར་བྱེད་པ་དང་ཁོང་ཚོའི་ནང་དམིགས་བསལ་ངལ་རྩོལ་བྱེད་མཁན་གྱི་གྲོག་མ་ཡོད་པ་དང་ཁོང་ཚོར་སྐབས་རེ་དམག་མི་ཡང་ཟེར་གྱི་ཡོད།
འཕེལ་རིམ་ཁྲོད་ཁོང་ཚོའི་འགྲམ་པ་གྲོག་མ་གཞན་ལས་ཆེ་བ་དང་ཤུགས་ཆེ་བ་ཡོད་པས་ཁོང་ཚོའི་ལས་ འགན་ནི་འབྲུ་རིགས་གང་ཡོད་འགྲམ་པས་བཅག་ནས་གྲོག་མ་གཞན་ཚོར་བཟའ་ཆོག་བྱེད་རྒྱུ་དེ་ཡིན། ཨ་རིའི་ལྷོ་ཕྱོགས་ཀྱི་ས་ཁུལ་དུ་འཚོ་སྡོད་བྱེད་པའི་གྲོག་མའི་རིགས་འགའ་ཤས་ཀྱིས་རང་གི་ཚང་ནང་ཧམ་ སྤུའི་རིགས་ཤིག་ཞིང་འདེབས་ཀྱིས་བཟའ་ཆས་ཆེད་བེད་སྤྱོད་བྱེད་ཀྱི་ཡོད། གྲོག་མའི་རིགས་འདི་ལ་ལོ་ མ་བཏུབ་མཁན་གྱི་གྲོག་མ་ཞེས་བརྗོད་ཀྱི་ཡོད་པ་དང་དེའི་རྒྱུ་མཚན་ནི་ཁོང་ཚོའི་ལས་མི་ཚོས་ཤིང་ལོ་དྲས་ གཏུབ་ཀྱི་རང་གི་ཚང་དུ་འོར་འདྲེན་བྱེད་པ་དང་ཤིང་ལོ་དེ་དག་བེད་སྤྱོད་བྱས་ནས་ཧམ་སྤུ་སྐྱེ་འཕེལ་བྱེད་དུ་འཇུག་གི་ཡོད་པ་དང་རྗེས་སུ་བཟའ་ཆས་སུ་སྤྱོད་ཀྱི་ཡོད།
གྲོག་མ་ཕལ་ཆེ་བས་སྦྲང་རྩིའི་ཟིལ་པ་ཞེས་པའི་གཤེར་ཁུ་མངར་མོ་ཞིག་བཟའ་ཞིང་། གཤེར་ཁུ་དེབ་ཟོ་སྐྲུན་བྱེད་མཁན་དམིགས་བསལ་གྱི་ལས་མི་ཨེ་ཕེཊས་ཞེས་པ་ཞིག་ཡོད། རིགས་ཁ་ཤས་ཀྱིས་དམིགས་སུ་བཀར་ནས་ལས་མི་དེ་འདྲ་གསོ་ཉར་བྱེད་པ་དང་དེ་ཡང་ཨ་རིའི་ལྷོ་ཕྱོགས་སུ་ཡོདཔའི་གྲོག་མའི་རིགས་གཅིག་གིས་ངལ་རྩོལ་ལས་མི་ཁ་ཤས་ལ་སྦྲང་རྩིའི་ཟིལ་པ་ཚད་མེད་སྤྲད་ནས་མཐར་ཁོང་ཚོའི་གཟུགས་ཚད་ཧ་ཅང་གི་ཆེན་པོ་གྱུར་ནས་འགུལ་སྐྱོད་མི་ཐུབ་པར་གྱུར་པ་དང་། རྗེས་སུ་ཁོང་ཚོའི་ལུས་པོ་ནས་དུས་དུས་སུ་གཤེར་ཁུ་མངར་མོ་ཞིག་མཁོ་འདོན་བྱེད་པ་དང་གྲོག་མ་གཞན་ཚོས་དེ་ལ་ལོངས་སུ་སྤྱོད་པ་ཡིན། ཡང་ཞིང་ལས་གྲོག་མ་ལྟ་བུར་མཚོན་ན། ཁོང་ཚོའི་ཕྱིའི་ཁོར་ཡུག་ནས་མཁོ་སྒྲུབ་བྱས་པའི་ཤིང་ལོ་དེ་དག་ཐད་ཀར་འཇུ་ལེན་ཐུབ་ཀྱི་མེད་པར་བརྟེན་ངལ་རྩོལ་གྲོག་མས་ཤིང་ལོ་དེ་དག་དུམ་བུར་གཏོང་བ་དང་ཁ་ཆུ་དང་མཉམ་བསྲེས་ཀྱིས་གསོག་ཉར་བྱེད་ཀྱི་ཡོད། རླན་གཤེར་ཅན་གྱི་ཤིང་ལོའི་ཕྱེ་མ་དེ་དག་ནས་དུས་ཡུན་གང་མཚམས་རྗེས་ཁོང་ཚོས་འཇུ་ལེན་ཐུབ་པའི་ཧམ་སྤུ་ཞིག་སྐྱེ་འཕེལ་ཡོང་བ་དང་། རང་བྱུང་ཁོར་ཡུག་ནང་དམིགས་བསལ་གྱི་ཧམ་བུ་དེ་སྐྱེ་འཕེལ་ཐུབ་ཀྱི་མེད། གནས་ཚུལ་འདི་ནི་གཉིས་ཕན་གྱི་བྱ་བ་ཞིག་སྟེ་གྲོག་མ་མེད་ན་ཧམ་སྤུ་དེ་རིགས་སྐྱེ་འཕེལ་བྱེད་ཐུབ་ཀྱི་མེད་པ་དང་ཧམ་སྤུ་མེད་ན་གྲོག་མ་གནས་ཐུབ་ཀྱི་མེད། འདི་འདྲའི་གཉིས་ཕན་གྱི་འབྲེལ་བ་ཡོད་པའི་དཔེ་མཚོན་མང་པོ་རྒྱུན་དུ་ཁོར་ཡུག་ནང་ང་ཚོའི་མཐོང་ཆོས་སུ་གྱུར་བ་ཡིན།

20080801_གྲོག་མ

གནོད་འཚེ།

ཨ་མི་རི་ཀའི་གླིང་ཆེན་གྱི་ཚ་དྲོད་ཆེ་བའི་ས་ཆར་གནས་སྡོད་བྱེད་པའི་གྲོག་དམག་ནི་ཡོངས་གྲགས་ཅན་གྱི་གྲོག་རིགས་ཤིག་དང་། ཁོང་ཚོའི་མཆུ་ཏོ་ཆེ་བ་དང་སེམས་ཅན་གཞན་ལ་སོ་རྒྱབ་ནས་དུག་གཏོང་བའི་ནུས་པ་དང་ལྡན་ཡོད། ཉིན་ལྟར་ཁྱུ་བྱས་ནས་འབུ་སྲིན་གསོད་དུ་འགྲོ་བ་དང་མི་ཊར་༡༤ ལྷག་གི་ཞེངས་ཚད་ཀྱི་རྒྱ་ཁྱོན་ནང་ལམ་བར་འཕྲད་པའི་འབུ་སྲིན་གྱི་རིགས་ཚང་མ་གསོད་པ་མ་ཟད། སྐབས་རེ་ལམ་བར་ཁེལ་བའི་སྦྲུལ་དང་བྱིའུ་ཚང་གི་བྱིའུ་ཕྲུག་ཡན་ཆད་གསོད་པ་མ་ཟད་བདག་ཏུ་བཟུང་བ་དང་མ་བཟུང་བའི་ནུ་གསོའི་སེམས་ཅན་དེ་འདྲའང་རུབ་རྒྱག་གིས་གསོད་ཐུབ་པ་དང་རོ་རྣམས་དུམ་བུར་བགོས་ནས་ཚང་དུ་འོར་འདྲེན་བྱེད་པ་ཡིན། གྲོག་རིགས་མང་པོ་ཞིག་མིའི་སྡོད་ཁང་ནང་བཙན་འཛུལ་གྱིས་གཙོ་བོ་ཐབ་ཚང་སོགས་ཀྱི་ནང་དུ་གཞིས་ཆགས་པ་དང་། དེ་མིན་ཨ་རི་སོགས་ཡུལ་ཕྱོགས་མང་པོའི་ནང་ཞིང་ཁ་དང་སྟོན་ཐོག་ལ་ཡང་གནོད་སྐྱོན་ཆེན་པོ་གཏོང་གི་ཡོད། འོན་ཀྱང་སྤྱི་ཡོངས་ཐོག་ཁོར་ཡུག་དང་དཔལ་འབྱོར་ཐད་གྲོག་མའི་ཕན་གནོད་ཅི་ཡོད་ཚོད་དཔག་བྱེད་རྒྱུ་ཁག་པོ་ཡིན། དེ་ནི་དཔེར་ན་ཤིང་མཁན་གྲོག་མ་ལྟ་བུར་མཚོན་ན་ཁོང་ཚོས་ཤིང་ལ་གནོད་སྐྱེལ་གྱི་ཡོད་ནའང་སྔོན་ནས་འབུ་སྲིན་གཞན་གྱི་བེད་མེད་དུ་བཏང་ཟིན་པའི་ཤིང་རོ་དེ་དག་གཙང་བཟོ་བྱེད་རྒྱུའི་ཕན་ཐོགས་ཡོང་གི་ཡོད་པ་ལྟ་བུ་རེད།  ཡང་འབྲུ་རིགས་འོར་འདྲེན་བྱེད་མཁན་གྱི་གྲོག་མ་དེ་དག་གྲངས་འབོར་ཧ་ཅང་མང་ན་འབྲུ་རིགས་ཀྱི་འཐོན་སྐྱེད་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་ནའང་རྒྱུན་དུ་ཞིང་ཁར་ཡོད་པའི་གནོད་ཚེ་ཅན་གྱི་འབུ་སྲིན་མང་པོ་ཞིག་ཁོང་ཚོས་མེད་པར་བཟོ་བ་དང་དེའི་ཐོག་ནས་ཞིང་ཁར་ཕན་ཐོགས་ཀྱི་ཆ་ཞིག་ཡོང་གི་ཡོད་པ་རེད། དེ་བཞིན་སྤང་རྩྭ་བཟའ་མཁན་གྱི་གྲོག་རིགས་དེ་དག་གིས་གླིང་ཁ་གཏོང་ས་དང་དེ་མིན་སྤང་ས་མང་པོ་ཞིག་ ལ་ཚང་བཅའ་བ་དང་ས་རློགས་ཀྱི་ཐོག་ནས་གནོད་སྐྱོན་ཐེབས་ཀྱི་ཡོད་ཀྱང་ཁོང་ཚོས་སྤང་ས་དེ་དག་གཤིན་པོ་བཟོ་བའི་ཕན་ཐོགས་ཀྱང་ཡོང་གི་ཡོད་པས་དེ་དག་སྣང་མེད་དུ་འཇོག་ཐབས་མེད།


བྱེད་ལས།
གྲོག་སྡེ་རེ་རེར་རྩ་བའི་ཆ་ནས་གྲོག་ཚང་རེ་ཡོད་ཀྱང་འབྲོག་པ་ལྟར་ངེས་མེད་ཐོག་ས་ཆ་གཅིག་ནས་གཞན་དུ་གནས་སྤོ་བྱེད་མཁན་གྱི་གྲོག་མའི་སྤྱི་ཚོགས་དེ་འདྲ་ཡང་ཡོད། གྲོག་མའི་སྤྱི་ཚོགས་ཀྱི་ངལ་རྩོལ་བྱེད་སྟངས་དེར་ལས་བགོས་ཀྱི་རྣམ་པ་མངོན་གསལ་ཡོད་པ་དང་སྐབས་རེ་ལས་ཀ་བྱེ་བྲག་པ་ཞིག་ལ་ལས་མི་བྱེ་བྲག་གཏན་འཇག་ཡོད་པ་ཡིན། དཔེར་ན། གདོད་མའི་གྲོག་རིགས་ཁ་ཤས་ནང་མགོ་ཆེན་པོ་ཡོད་པའི་ལས་མི་ཚོས་འབྲུ་རིགས་བཅག་རྒྱུའི་བྱ་བ་ཁོ་ན་བྱེད་ཀྱི་ཡོད། འོན་ཀྱང་ཤིང་མཁན་གྲོག་མ་ལྟ་བུར་མཚོན་ན་ལས་བགོས་ཇི་འདྲ་ཡིན་ཡངགནས་སྐབས་ཙམ་དང་ལས་ཀའི་རྣམ་པ་དེ་རང་གི་གཟུགས་པོ་ཆེ་ཆུང་ལ་ལྟོས་པ་ཞིག་ཡིན། གཟུགས་ཚད་ཆེ་ཤོས་ཚོས་གྲོག་ཚང་གི་མཐའ་འཁོར་སྲུང་སྐྱོབ་བྱེད་རྒྱུ་དང་འབྲིང་བ་ཚོས་ཟ་ཆས་མཁོ་བསྡུ་དང་ཆུང་ཤོས་ཚོས་སྒོ་ངར་བལྟ་སྐྱོང་དང་གྲོག་ཚང་གཙང་ཕྱིས་བྱེད་ཀྱི་ཡོད།
དེ་ནི་སོ་སོའི་ལུས་པོ་ལ་ལྟོས་པའི་ལས་འགན་གཙོ་བོ་རེ་ཡོད་པ་དེ་ཡིན་པ་ལས་སྤྱིར་གྲོག་མ་ཚང་མས་གྲོག་ཚང་སྲུང་སྐྱོབ་བྱེད་ཐུབ་ལ་ཚང་མས་ཟ་ཆས་མཁོ་བསྡུ་བྱེད་ཐུབ། མདོར་ན་ཁོང་ཚོ་ཚང་མས་ལས་དོན་གང་ཡང་བྱེད་ཐུབ་ལ་གང་ཡང་བྱེད་ཆོག།གྲོག་མའི་ལས་དོན་བྱེད་ཚད་དེ་ནམ་དུས་དང་སྔ་དགོང་བར་ཁྱད་པར་ཆེན་པོ་ཡོད་ཀྱང་སྤྱི་ཡོངས་ཀྱི་ཐོག་ནས་སྤྱི་ཚོགས་འབུ་སྲིན་ཕལ་ཆེབ་བཞིན་གྲོག་མ་ཚོར་ཡང་འཐོན་སྐྱེད་ཧུར་བཙོན་མཁན་ཞེས་བརྗོད་ཆོག། དེ་ཡང་ཁག་ཅིག་ཉིན་ལས་བྱེད་མཁན་དང་ཁག་ཅིག་མཚན་ ལས་བྱེད་མཁན་ཡིན་པས་མ་ཟད་ཉིན་ལས་བྱེད་མཁན་ཡིན་ན་ཞོགས་པ་ཉིན་ཤར་རྗེས་ལས་ཀ་མང་ཤོས་བྱེད་པ་དང་མཚན་ལས་བྱེད་མཁན་ཚོས་དགོང་མོ་ས་རུབ་མཚམས་ལས་ཀ་མང་ཤོས་བྱེད་ཀྱི་ཡོད། དེ་བཞིན་ས་བབ་དང་ནམ་དུས་བཅས་ལ་ཡང་རག་ལས་ཡོད་པ་ཞིག་སྟེ་ཚ་གྲང་སྙོམ་པའི་(Temperate)ས་བབ་ནང་གྲོག་མ་ཚོས་དབྱར་རིང་ལས་ཀ་བྱེད་པ་དང་དགུན་ཁའི་རིང་ཚང་དུ་ལས་མེད་སྡོད་པ་ཡིན།
གྲོག་མ་ཁ་ཤས་ཧ་ཅང་བྲེལ་ཚུབ་དང་ཧུར་བཙོན་ཅན་ཡིན་ཡང་ཁ་ཤས་དལ་ལྷོད་དང་ཧུར་བཙོན་མི་བྱེད་མཁན་ཡིན་པས་སོ་སོའི་སྒེར་གྱིརྣམ་དཔྱོད་མི་འདྲ་བ་ཡོད།གྲོག་མ་ཁ་ཤས་ལ་སྦྱང་སྟོབས་ཀྱི་ནུས་པ་གང་འཚམས་ཆེན་པོ་ཡོད་པས་ཟས་འཚོལ་སྐབས་གོམ་ལམ་སྐྱག་སྐྱོག་མང་པོའི་བརྒྱུད་ནས་རང་ཚངདུ་མ་ ནོར་བར་ཕྱིར་འཁོར་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་ཁོང་ཚོའི་སྦྱང་སྟོབས་ཀྱི་ནུས་པ་དེ་ནུ་གསོའི་སེམས་ཅན་དང་མི་འདྲ་བར་ཚད་ངེས་ཅན་ཞིག་ཡིན།
ཕྱི་རུ་ཁ་ཟས་འཚོལ་དུ་སྐྱོད་སྐབས་གྲོག་རིགས་ཁ་ཤས་ཀྱིས་ས་ཀྱི་རྗེས་ཤུལ་ལ་བརྟེན་ནས་ཕན་ཚུན་འགྲོ་འོང་བྱེད་པ་དང་ཡང་ཁག་ཅིག་གིསསོ་སོའི་ཐུན་མོང་མ་ཡིན་པའི་ཚོར་བརྡ་ལ་བརྟེན་ནས་འགྲོ་འོང་བྱེད་ཀྱི་ཡོད། གྲོག་རིགས་ཕལ་ཆེ་བ་ས་འོག་ཏུ་གནས་སྡོད་བྱེད་པ་དང་ཡང་ཁཤས་ཤིང་སྡོང་ཁོ་ནའི་ཁོག་ཏུ་འཚོ་སྡོད་བྱེད་ཀྱི་ཡོད། འོན་ཀྱང་སྤྱིར་གྲོག་རིགས་ཀྱི་འབུ་སྲིན་འདི་སའི་སྟེང་འོག་གཉིས་ཀར་མཐོང་ཆོས་ཐུབ་པའི་སྲོག་ཆགས་ཤིག་ཡིན། གྲོག་མ་ཕན་ཚུན་བར་གོ་བརྡ་སྤྲོད་ཚུལ་དེ་ཧང་ཅང་གི་དོན་གོ་འཕེར་ངེས་ཡིན་པ་དང་དེ་ཡང་ཁོང་ཚོས་རེག་ཚོར་དང་ས་ཤུལ་གྱི་ལམ་ནས་གོ་བརྡ་སྤྲོད་ཀྱི་ཡོད། ཡང་སྒྲའི་ཐོག་ནས་ཕན་ཚུན་གོ་བརྡ་སྤྲོད་མཁན་ཡོད་ཀྱང་དེ་ནི་ཡོངས་གྲགས་ཤིག་མ་ཡིན། ཁ་ཟས་འཚོལ་དུ་སྐྱོད་མཁན་ཚོས་ཕྱིའི་ཁོར་ཡུག་ནང་ཟས་ཀྱི་འབྱུང་ཁུངས་ཤིག་གསར་རྙེད་བྱུང་ཚེ་གནས་ཚུལ་དེ་གྲོག་ཚང་ནང་ཡོད་པའི་ལས་རོགས་གཞན་ཚོར་བརྡ་སྐྱེལ་བྱེད་དགོས་ཀྱི་ཡོད་པ་དང་གྲོག་རིགས་སོ་སོར་བརྡ་སྐྱེལ་བྱེད་ཚུལ་ཐུན་མོང་མ་ཡིན་པ་རེ་ཡོད།
དཔེར་ན། ང་ཚོའི་རྒྱུན་དུ་ཐབ་ཚང་ནང་དུ་མཐོང་རྒྱུ་ཡོད་པའི་གྲོག་མ་དམར་སེར་ཆུང་ངུ་དེ་དག་ལ་མཚོན་ན། ཕྱི་རུ་ཁ་ཟས་རྙེད་པའི་གནས་ཚུལ་དེ་ཕྱིར་ཚང་གི་ནང་དུ་འཁོར་མཚམས་ཚང་ནང་དུ་དྲི་ཞིག་གློད་འདོན་གྱིས་གྲོག་མ་གཞན་ཚོར་བརྡ་སྐྱེལ་བྱེད་ཀྱི་ཡོད། དེ་ཡང་ཁོང་གིས་རྙེད་སོན་བྱུང་བའི་ཁ་ཟས་མང་ཉུང་ལ་ལྟོས་ནས་དྲིའི་འདོན་ཚད་སྟངས་འཛིན་བྱེད་པ་དང་དེའི་ཐོག་ནས་ཁ་ཟས་ཇི་ཙམ་རྙེད་སོན་བྱུང་བ་དང་ལས་མི་ཇི་ཙམ་དེར་སྐྱོད་དགོས་མིན་ཤེས་རྟོགས་ཐུབ་ཀྱི་ཡོད། དེ་ནས་ཁོས་སླར་ཡང་ཁ་ཕྱིར་སྐོར་ནས་སྔར་ཁ་ཟས་རྙེད་སོན་བྱུང་བའི་ཕྱོགས་སུ་ལམ་བར་ས་དེ་གློག་བཞིན་སྐྱོད་པ་དང་ལས་མི་གཞན་ཚོས་ཁོའི་རྗེས་སུ་འདེད་ནས་འགྲོ་བ་ཡིན།གྲོག་ཚང་ཕལ་ཆེ་བའི་ནང་འབུ་སྲིན་གྱི་རིགས་གཞན་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད། དེ་དག་ཁ་ཤས་གྲོག་ཚང་ལ་ཕན་ཐོགས་ཡོད་པའི་བྱ་བ་བྱེད་ཀྱི་ཡོད་པ་དང་ཡང་ཁ་ཤས་ནི་བཟའ་རོགས་ཙམ་ལས་གཞན་ཕན་ཐོགས་ཡོང་གི་མེད། གྲོག་མའི་རིགས་ཀྱི་ནང་ནས་ཀྱང་རིགས་ཁ་ཤས་གྲོག་ཚང་གཞན་གྱི་ནང་དུ་འཚོ་སྡོད་བྱས་ནས་ཁ་ཟས་རག་ཐབས་བྱེད་ཀྱི་ཡོད། དེ་དག་ཁ་ཤས་ནི་གནས་སྐབས་རིང་ཡིན་ནའང་ཁ་ཤས་ནི་གཏན་དུ་གྲོག་ཚང་གཞན་ནས་ཁ་ཟས་རག་ཐབས་བྱས་ནས་འཚོ་སྡོད་བྱེད་ཀྱི་ཡོད།གཞན་ཨེ་མེ་ཛོན་ནང་ཡོད་པའི་གྲོག་རིགས་ཤིག་གིས་གྲོག་ཚངགཞན་ནས་ཁ་མ་ཕྱེ་བའི་སྒོ་ང་རྐུ་འཁྱེར་གྱི་རྗེས་སུ་ནར་སོན་ མཚམས་ཁོང་ཚོ་ཚེ་གཡོག་ལྟ་བུ་ཉར་ནས་ངལ་རྩོལ་གྱི་ལས་ཀ་བྱེད་འཇུག་གི་ཡོད།

མཆན། 
ཤིང་མཁན་གྲོག་མ། {Carpenter ants}༼ ཤིང་སྡོང་སོགས་ཀྱི་ཁོག་པར་ཚང་བཅའ་བས་ན་ཤིང་མཁན་གྲོག་མ་ཞེས་འབོད།༽

ཕ་རོ་གྲོག་མ། {Pharaoh ants (Monomarium pharaonis)}༼ ང་ཚོའི་ཐབ་ཚང་སོགས་ཀྱི་ནང་རྒྱུན་དུ་མཐོང་རྒྱུ་ཡོད་པའི་གྲོག་མ་དམར་སེར་ཆུང་ངུ་ཞིག༽

ཨེ་མེ་ཛོན་གྲོག་མ། {Amazon ants (Polyergus breviceps)}༼གཙོ་བོ་ཨེ་མེ་ཛོན་ཤིང་ནགས་ཀྱི་ནང་དུ་འཚོ་སྡོད་བྱེད་པས་ཨེ་མེ་ཛོན་གྲོག་མ་ཞེས་འབོད།༽

གྲོག་དམར་ཡང་ན་མེ་གྲོག། (Fire ant {red ant}) ༼མདུང་འཛུགས་མཁན་གྱི་གྲོག་མ་ཞིག་དང་ནང་གསེས་དབྱེ་བ་ཉིས་བརྒྱ་བརྒྱད་ཅུ་ལྷག་ཡོད། གཙོ་བོ་རྩི་ཤིང་གི་ལོ་མ་སོགས་ལོངས་སུ་སྤྱོད་ཀྱང་སྐབས་རེ་སེམས་ཅན་ཆུང་ཚག་རིགས་ལ་མདུང་བཙུག་ནས་གསོད། མདུང་ལ་དུག་ཡོད་པ་དང་ལུས་མདོག་དམར་པོ་ཡིན་པས་གྲོག་དམར་རམ་མེ་གྲོག་ཅེས་འབོད། རྒྱུན་དུ་ཆུ་འགྲམ་དང་རླན་གཤེར་ཅན་གྱི་ས་ཆར་འཚོ་གནས་བྱེད༽

གྲོག་མ་ནག་ཆུང་། (Tiny black ants)༼རྒྱུན་དུ་གང་སར་མཐོང་རྒྱུ་ཡོད་པ་དང་མིའི་སྡོད་ཁང་ནང་འཛུལ་སྐྱོད་བྱེད་པའི་གྲོག་རིགས་ཤིག༽

དམག་མིའི་གྲོག་མ། (Army ants) ༼དམག་མི་བཞིན་སྡེ་ཚན་རུ་བགོས་ནས་འབུ་སྲིན་གསོད་པ་དང་གདུག་རྩུབ་ཆེ་བའི་རང་བཞིན་གྱི་མིང་དེ་ལྟར་ཐོབ་པ་རེད།༽

ཁ་ལོ་བའི་གྲོག་མ། (Driver ants (Dorylus)) ༼ཨ་ཕི་རི་ཀའི་གླིང་ཆེན་གྱི་དབུས་དང་ཤར་ཕྱོགས་སུ་གནས་པ་དང་འགྲམ་རུས་ཧ་ཅང་ཆེ་བའི་གྲོག་རིགས་ཤིག། ནང་གསེས་ཡང་དབྱེ་བ་མི་འདྲ་བ་བདུན་ཅུ་ལྷག་ཡོད།༽


ཤིང་དམར་གྲོག་མ། (Red wood ants) ༼ ཕྱེ་མ་ལེབ་ཀྱི་ཕྲུ་གུ་དང་ཨ་མ་ཁྲ་ཐིག་སོགས་འབུ་སྲིན་ཆུང་ཚགས་བཟའ་མཁན་གྱི་ཤ་གཟན་གྲོག་རིགས་ཤིག༽

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།