འདི་ལོའི་སྤྱི་ཟླ་ ༥ ཚེས་ ༡༢ ཉིན་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་རེཀཌར་ཐོག་ཤུགས་ཚད་ ༧་༨ ཅན་ཞིག་བྱུང་ཡོད་པ་དང་ས་ཡོམ་དེས་རྐྱེན་པས་མི་མང་སྟོང་ཕྲག་བདུན་ཅུ་ལྷག་གི་ཚེ་སྲོག་ཤོར་བ་དང་བྱིས་པ་ལྔ་སྟོང་ལྷག་དྭ་ཕྲུག་ཏུ་གྱུར་ཡོད། དྭ་ཕྲུག་མང་པོ་ཞིག་ཕྲུ་གུ་མེད་པའི་ཕ་མ་ཚོས་གསོས་ཕྲུག་ལྟབུར་ཉར་ཚགས་བྱེད་ཀྱི་ཡོད་ནའང་དབང་པོ་སྐྱོན་ཅན་གཙོས་པའི་ཕྲུ་གུ་མང་དག་ཅིག་སྤུན་མཆེད་སོགས་ནང་མི་གང་གིས་ཀྱང་བདག་གཅེས་བྱེད་མཁན་མ་བྱུངབར་ཕྱིའི་རོགས་ཚོགས་སོགས་ཀྱི་ལྟ་སྐྱོང་འོག་ལྷག་ཡོད་པ་རེད།

ས་ཡོམ་བྱུང་ཡུལ་དེ་རྒྱ་བོད་ཀྱི་ས་མཚམས་སུ་ཁེལ་ཡོད་པ་དང་འདི་ལོའི་ས་ཡོམ་གྱི་ཤུགས་ཚད་དེ་མི་ཕལ་ཆེ་བའི་ཚོད་དཔག་ལས་བརྒལ་བའི་ཆེ་བ་བྱུང་ཡོད་ཀྱང་། ཚན་རིག་པས་ཉམས་ཞིབ་གཏིང་ཟབ་བྱས་པའི་བརྒྱུད་རིམ་ནང་ཤེས་རྟོགས་བྱུང་བ་ཞིག་ལ་ཡུལ་དེའི་སའི་གནས་བབས་ཀྱི་ཐོག་ནས་རྒྱུན་དུ་ས་ཡོམ་ཡོང་སྲིདཔ་ཞིག་དང་། ས་ཡོམ་གྱི་ཉེན་ཁ་ཆེ་སའི་ས་སུལ་ཞིག་ཏུ་ཁེལ་ཡོད། དེ་ཡང་ང་ཚོས་ཤེས་གསལ་ལ་སའི་གོ་ལ་འདི་ཡང་གོང་བུ་གཅིག་མ་ཡིན་པར་དབྱིན་སྐད་ནང་ཌེཀཌོ་ནིཀ་པེལེཊ་(Tectonic plate)འམ་ཡང་ན་གོ་ལའི་སྡེར་མ་ཞེས་ས་གཞིའི་གོང་བུ་དུ་མ་ལས་གྲུབ་པ་ཞིག་དང་གོང་བུ་དེ་དག་ཀྱང་འགུལ་མེད་གཏན་ཚུགས་མ་ཡིན་པར་གོ་ལའི་དབུས་ཀྱི་ཚ་དྲོད་ལ་བརྟེན་ནས་འགུལ་སྐྱོད་བྱེད་བཞིན་ཡོད། འགུལ་སྐྱོད་ཁྲོད་སྐབས་རེ་གོ་ལའི་སྡེར་མ་གཉིས་ཁ་བྲལ་ནས་འགྲོ་བ་དང་སྐབས་རེ་གདོང་ཐུག་བྱེད་ཀྱི་ཡོད་པས་ད་ལྟའི་ཟི་ཁྲོན་གྱི་ས་ཁུལ་དེ་བོད་ཀྱི་མཐོ་སྒང་གི་སྡེར་མ་དང་རྒྱ་ནག་སྐམ་ས་གཉིས་གདོང་ཐུག་བྱེད་སའི་ས་ཁུལ་ཞིག་ཁེལ་ཡོདཔས་གོ་ལའི་གནོན་ཤུགས་ཀྱི་རྐྱེན་པས་ས་ཤུན་གློ་བུར་དུ་འགུལ་སྐྱོད་བྱུང་ནས་ས་ཡོམ་ཤུགས་ཆེ་དེ་བྱུང་ཡོད། མདོར་ན་བོད་རྒྱ་གཉིས་ལོ་རྒྱུས་དང་མི་རིགས། རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་ནས་ཐ་དད་ཡིན་པ་ཙམ་མ་ཟད་ས་གཞི་གོང་བུ་ཡང་ཐ་དད་ཡིན། བོད་རྒྱའི་ས་མཚམས་སུ་ཡོད་པའི་རི་བརྒྱུད་ཆེན་པོ་དེདག་ཀྱང་མི་ལོ་ཁྲི་སྟོང་མང་པོའི་རིང་ས་གཞིའི་གོང་བུ་གཉིས་པོ་ཕན་ཚུན་གདོང་གཏུག་གི་གནོན་རྩིར་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཞིག་ཡིན།

Post a Comment

Previous Post Next Post