ནི་ཐར་ལེནཌ་གྱི་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་ཚན་རིག་པ་ཁག་གཅིགགིས་གསར་རྙེད་བྱུང་བར་གཞིགས་ན། མིའི་མཆིལ་མའི་ནང་དུ་ཡོད་པའི་འདུས་ས་ཤིག་གིས་ང་ཚོའི་རྨ་ཁ་གསོ་བའི་ཕན་ཐོགས་ཡོང་གི་ཡོད་པ་དང་། ཁོང་ཚོས་ཉམས་ཞིབ་འདིའི་བརྒྱུད་ནས་བྱེ་མ་ཀ་རའི་ན་ཚ་ཡོད་པའི་མིའི་རྨ་ཁདང་དེ་མིན་མེས་འཚིགས་པ་སོགས་ཀྱི་རྨ་གང་མགྱོགས་གསོ་ཐུབ་པའི་ཐབས་ལམ་ཞིག་རྙེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་འདུག།

དེ་ཡང་ཁོང་ཚོས། ང་ཚོར་གང་བརྙེད་པ་འདིས་རྨས་སྐྱོན་ཕོག་ནས་ཡུན་རིངདྲག་སྐྱེད་མ་བྱུང་བའི་རྨ་རྙིང་རིགས། དཔེར་ན། རྐང་པའི་རྨ་འབྲུམ་དང་། བྱེ་མ་ཀ་རེའི་ན་ཚ་ཡོད་པའི་མིའི་རྨ་རྙིང་། དེ་བཞིན་མེས་འཚིག་པའི་རྨ་ཁ་སོགས་གང་མགྱོགས་གསོ་ཐབས་ཡོང་བའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད། སྤྱིར་ང་ཚོའི་མཆིལ་མའི་ནང་འདུས་ས་ཧ་ཅང་གི་མང་པོ་ཡོད་པས་དེ་དག་ལས་འདུས་ས་བྱེ་བྲག་པ་གང་ཞིག་གིས་རྨ་ཁགསོ་བར་ཕན་ཐོགས་བྱེད་ཀྱི་ཡོད་མིན་དེ་ཤེས་དགོས་ཀྱི་ཡོད་སྟབས་ཁོང་ཚོར་མཆིལ་མའི་འདུས་ས་རེ་རེ་བཞིན་ལོགས་སུ་དབྱེས་ནས་བརྟགདཔྱད་བྱས་པས་མཐར་འདུས་ས་ཀྱི་སྤྲི་དཀར་ཧིས་ཊ་ཊིན་ histatin ཞེས་པ་དེས་རྨ་ཁ་གསོ་བར་ཕན་ཐོགས་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད། དེ་སྔོན་འདུས་ས་འདི་འབུ་སྲིན་གསོད་བྱེད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ད་ཆ་རྨ་ཁ་གསོ་བར་ཕན་ཐོགས་ཡོད་པ་དེ་གསར་དུ་ཤེས་རྟོགས་བྱུང་ཡོད། ཚན་རིག་པའི་གསར་རྙེད་གང་ཡིན་རུང་བརྟག་དཔྱད་ཀྱི་ལམ་ནས་ཁུངས་སྐྱེལ་བྱེད་དགོས་ཀྱི་ཡོད་པ་བཞིན་གནས་ཚུལ་འདི་ཁུངས་སྐྱེལ་བྱེད་པར་ཁོང་ཚོས་བརྟག་དཔྱད་ཅིག་བྱས་ཡོད། བརྟག་དཔྱད་འདིའི་ནང་ཁོང་ཚོས་འགྲམ་པའི་ནང་གི་ཕུང་གྲུབ་ཕྲ་ཕུང་ཨེ་པི་ཐི་ལི་འམ་ epithelial cells ཁ་ཤས་ཤིགསྡེར་མ་གཉིས་ཀྱི་ནང་སོ་སོར་བགོས་པ་དང་ཕྲ་ཕུང་གི་གོང་བུ་གཉིས་ཀའི་ཟུར་ནས་རྨ་ཁ་ལྟ་བུ་དབྲལ་ནས་བཞག་ཡོད། སྡེར་མ་གཉིས་ལས་གཅིགགི་ནང་མཆིལ་མ་བླུགས་ཡོད་པ་དང་གཞན་དེའི་ནང་མཆིལ་མ་བླུགས་མེད། མཆིལ་མ་ཡོད་མིན་ཙམ་ཞིག་མ་གཏོགས་སྡེར་མ་གཉིས་ཀའི་གནས་བབསདང་ཆ་རྐྱེན་གཅིག་མཚུངས་ཡིན། ཆུ་ཚོད་ ༡༦ ཙམ་གྱི་རྗེས་སུ་བལྟ་སྐབས་ཁོང་ཚོས་ཤེས་རྟོགས་བྱུང་བ་ཞིག་ལ་མཆིལ་མ་ཡོད་པའི་སྡེར་མའི་ཤ་སྐྱིརྣམས་སོས་ཡོད་པ་དང་སྡེར་མ་གཞན་དེའི་ཕུང་གྲུབ་ཀྱི་རྨ་ཁ་སྔར་བཞིན་ལྷག་ཡོད་པ་རེད། བརྟག་དཔྱད་འདིའི་ལམ་ནས་མིའི་མཆིལ་མས་རྨ་ཁ་གསོ་བར་ཕན་ཐོགས་བྱེད་ཀྱི་ཡོད་པའི་ཁུངས་སྐྱེལ་བྱེད་ཐུབ་པ་བྱུང་བ་དང་། དེ་ཡང་མཆིལ་མའི་འདུས་ས་ཐམས་ཅད་ཀྱིས་རྨ་ཁ་གསོ་བའི་བྱ་བ་བྱེད་ཀྱི་ མེད་པར་མཆིལ་མའི་ནང་ཡོད་པའི་གོང་གསལ་འདུས་ས་བྱེ་བྲག་པ་ ཧིས་ཊ་ཊིན་ཞེས་པ་དེས་རྨ་ཁ་གསོ་ཡི་ཡོད་པ་དེ་བརྟག་དཔྱད་ཀྱི་ལམ་ནས་ཤེས་རྟོགས་བྱུང་ཡོད། བརྟག་དཔྱད་འདིའི་ལམ་ནས་ང་ཚོས་ཤེས་རྟོགས་བྱུང་བ་ཞིག་ནི། སེམས་ཅན་ཚོས་རང་གི་རྨ་ཁར་རྒྱུན་དུ་ལྕེ་ལྡག་བྱེད་པ་དེ་དོན་མེད་ཅིག་མ་ཡིན་པ་ཤེས་ཡོད་པ་དེ་ཡིན། དེ་དང་ལྷན་དུ་མཆིལ་མ་ནི་རང་བཞིན་གྱི་གྲུབ་པའི་སྨན་ས་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན་པ་དེ་ང་ཚོས་ཤེས་རྟོགས་བྱུང་ཡོད།

Post a Comment

Previous Post Next Post