སྦྲང་མའི་རིགས་མང་པོ་ཡོད་པ་ལས་སྐབས་བབ་འདིར་སྦྲང་རྩི་སྐྲུན་མཁན་གྱི་སྦྲང་མའི་སྤྱི་ཚོགས་དང་ཁོང་ཚོའི་འཚོ་བ་སྐྱེལ་སྟངས། ལྷག་པར་དུ་ང་ཚོའི་ཟ་ཆས་དང་གནད་དོན་མང་པོ་ཞིག་ཁོང་ཚོའི་སྤྱི་ཚོགས་དང་འབྲལ་བ་ཡོད་པར་བརྟེན་གཤམ་དུ་སྦྲང་མ་ཞེས་བརྗོད་སྐབས་སྦྲང་མའི་རིགས་ཚང་མར་མི་གོ་བར་སྦྲང་རྩི་སྐྲུན་མཁན་སྦྲང་མའི་རིགས་བྱེ་བྲག་པ་དེར་གོ་དགོས།

ང་ཚོའི་རྒྱུན་དུ་སྦྲང་མའི་བཀའ་དྲིན་དང་གནད་དོན་ཐད་བསམ་བློ་གཏོང་སྐབས་རོ་ཤིན་ཏུ་མངར་བའི་སྦྲང་རྩིའི་བྲོ་བ་དེ་ཡིད་ལ་འཁོར་གྱི་ཡོད། འོན་ཀྱང་དངོས་ཡོད་ཐོག་སྦྲང་མས་སྦྲང་རྩི་བསྐྲུན་པ་ཙམ་ཅིག་མིན། ཁོང་ཚོས་ང་ཚོས་རྒྱུན་དུ་སྤྱོད་པའི་ཤིང་ཏོག་དང་སྔོ་ཚལ་རིགས་མང་པོ་ཞིག་སྐྱེ་འཕེལ་ཡོང་རྒྱུར་མཐུན་རྐྱེན་བྱེད་ཀྱི་ཡོད། དཔྱིད་ཀར་ཤིང་འབྲས་སྐྱེས་པར་སྡོང་པོའི་མེ་ཏོག་གི་ཟེའུ་་འབྲུ་ཕོ་མོ་ཕན་ཚུན་དབར་འདྲེས་སྦྱོར་བྱེད་དགོས་པས་གལ་གནད་ཆེ་བའི་ལས་ཀ་དེ་སྦྲང་མའི་སྤྱི་ཚོགས་ཀྱིས་སྒྲུབ་པ་རེད། སྦྲང་མ་ནི་སྤྱི་ཚོགས་ནང་གནས་པའི་སེམས་ཅན་ཞིག་ཡིན་པས་ཚོགས་པར་མ་གནས་པར་ཡན་གར་འཚོ་གནས་ཐུབ་རྒྱུ་ཁག་པོ་ཡིན། སྤྱི་ཚོགས་སེམས་ཅན་ཕལ་ཆེ་བ་ལྟར་སྦྲང་མའི་སྤྱི་ཚོགས་ནང་དུ་ཡང་གྲལ་རིམ་གྱི་དབྱེ་བ་ཧ་ཅང་གི་མངོན་གསལ་ཆེ་བ་ཡོད། ཚོགས་པའི་བྱེད་སྒོ་ཐ་དག་གྲལ་རིམ་སོ་སོར་བགོ་བཤའ་རྒྱབ་སྟེ་ཡོད། དེ་ཡང་ཁོང་ཚོའི་སྤྱི་ཚོགས་ཀྱི་གྲལ་རིམ་དབྱེ་བ་གཙོ་བོ་གསུམ་པོ་ནི་རྒྱལ་མོ་དང་། དེ་ནས་ངལ་རྩོལ་རུ་ཁག་དང་། ཕོ་སྦྲང་གི་རུ་ཁག་བཅས་སོ། །

རྒྱལ་མོ།


དུས་གཅིག་ལ་སྦྲང་མའི་སྤྱི་ཚོགས་སམ་སྦྲང་ཚང་གཅིག་གི་ནང་དུ་རྒྱལ་མོ་གཅིག་ལས་འོང་མི་སྲིད་པ་དང་། རྒྱལ་མོ་དེ་ནི་ཚོགས་པ་ཧྲིལ་པོའི་ཨ་མ་ཡིན་ལ་དབང་ཆའང་ཆེ་ཤོས་ཡིན། མོའི་ལས་འགན་ནི་རིགས་རྒྱུད་སྐྱེ་སྲིང་བྱེད་རྒྱུ་དེ་རེད། དེས་ཉིན་རེར་སྒོང་ང་ ༡༥༠༠ ལས་མི་ཉུང་བ་གཏོང་བས་དེ་ནི་སྐབས་རེ་རང་གི་གཟུགས་པོའི་ལྗིད་ཚད་དང་མཉམ་པའམ་ཆེ་བ་ཡིན། ལུས་ཀྱི་ཆགས་བཀོད་ཀྱི་དབང་ནས་བཤད་ན་ངལ་རྩོལ་སྦྲང་མ་དང་། ཕོ་སྦྲང་གཉིས་དང་མི་འདྲ་བར་མོའི་གཟུགས་ཕུང་རིང་ལ་ཁོག་སྨད་སྦྲང་མ་གཞན་ལས་ཧ་ཅང་གི་ཆེ་བ་ཡོད་པར་མ་ཟད་སྦྲང་མ་སྤྱི་དང་མི་འདྲ་བར་མོའི་མཆུ་གཏོའི་ནང་སོ་ཡང་ཡོད་པ་རེད།

སྤྱིར་བཏང་སྦྲང་མ་ཅིག་གིས་སེམས་ཅན་ཞིག་ལ་མདུང་བཙུགས་རྗེས་རང་ཉིད་འཆི་བར་འགྱུར་ཡང་རྒྱལ་མོས་གཞན་ལ་མདུང་བཙུགས་སྐབས་རང་ཉིད་ལ་སྲོག་སྐྱོན་སོགས་གནོད་འཚེ་ཕོག་གི་མེད། མདུང་དེ་སྦྲང་མའི་མཇུག་ལ་ཡོད་པ་ལས་ཁའི་ནང་མེད་པ་དེ་ཤེས་དགོས། ད་དུང་མདུང་གི་དབྱིབས་བཀོད་ཀྱང་སྦྲང་མ་རིགས་སོ་སོར་མི་འདྲ་བ་ཡོད། རྒྱལ་མོའི་གདུང་དེ་གུག་ནས་ཡོད་ལ་ངལ་རྩོལ་བྱེད་མཁན་གྱི་སྦྲང་མའི་མདུང་དེ་དྲོངས་ཤིང་སེམས་ཅན་གཞན་གྱི་ཐོག་ཏུ་ཐེངས་གཅིག་ལས་བེད་སྤྱོད་བྱེད་ཐུབ་ཀྱི་མེད། རྒྱུ་མཚན་ནི་རང་གི་མདུང་དེ་ཕ་རོལ་པོའི་ལྤགས་པའི་ནང་དུ་ལྷག་པས་དེ་མ་ཐག་སྦྲང་མ་རང་གི་སྲོག་ཆད་འགྲོ་བ་ཡིན། ཁོང་ཚོས་འུ་ཐུག་ན་མ་གཏོགས་གཞན་ལ་མདུང་བེད་སྤྱོད་བྱེད་ཀྱི་མེད། དེ་ནི་སེམས་ཅན་ཇི་འདྲ་ཞིག་ཡིན་ཀྱང་དོན་མེད་རང་སྲོག་དོར་འདོད་མེད་པ་དེ་ཡིན། འོན་ཀྱང་རང་གི་སྤྱི་ཚོགས་དང་ཚང་ལ་གནོད་ཚེ་བྱེད་མཁན་མཐོང་ཚེ་རང་སྲོག་བློས་གཏོང་གིས་འཐབ་འཛིངས་བྱེད་རྒྱུ་དེ་ཁོང་ཚོའི་རྩ་བའི་ལས་འགན་ཡིན་ལ་ལས་འགན་དེ་སྒྲུབ་པར་ཐེ་ཚོམ་བྱེད་ཀྱི་མེད།

དེ་ལྟར་རྒྱལ་མོར་ངལ་རྩོལ་རུ་ཁག་ལ་ཡོད་པའི་ལག་ཆ་རྣམས་མོ་ལ་མེད་པས་མེ་ཏོག་གི་ཁུ་བ་འཇིབ་པ་དང་སྦྲང་རྩི་བསྐྲུན་པ་སོགས་བྱེད་ཐུབ་ཀྱི་མེད། ཟས་ལ་ཡང་རོ་ཡལ་ཇེལི་[royal jelly] ཞེས་ངལ་རྩོལ་སྦྲང་མས་བཟོས་པའི་དམིགས་བསལ་གྱི་མངར་ཆ་ལ་བརྟེན་ནས་སྤྱིར་བཏང་སྦྲང་མ་ལས་དུས་ཡུན་ལྡབ་གསུམ་གྱིས་རིང་བར་འཚོ་ཐུབ། །

ཕོ་སྦྲང་།


སྦྲང་མའི་སྤྱི་ཚོགས་ནང་ཕོ་ཡི་གྲངས་འབོར་ཧ་ཅང་ཉུང་ཉུང་རེད། ཁོང་ཚོ་ལ་མདུང་མེད་པར་མ་ཟད་ཟེའུ་འབྲུ་ཕན་ཚུན་འོར་འདྲེན་བྱེད་རྒྱུའི་ནུས་པའང་མེད། དེ་འདྲ་སོང་ཁོང་ཚོའི་སྦྲང་ཚང་སྲུང་སྐྱོབས་བྱེད་མི་ཐུབ་ལ་སྦྲང་རྩི་བསྡུ་ལེན་གྱི་ལས་རྩོལ་ཡང་བྱེད་ཐུབ་ཀྱི་མེད། ཁོང་ཚོའི་མི་ཚེའི་ནང་ལས་དོན་གཅིག་ཡོད་པ་ནི་རྒྱལ་མོ་གསར་པ་ཚོར་ལུས་འདྲེས་ཀྱིས་རིགས་རྒྱུད་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། དེ་ཡང་རྒྱལ་མོ་དང་ལུས་འདྲེས་ཐེངས་གཅིག་བྱས་རྗེས་རང་ཉིད་འཆི་འགྲོ་བ་ཡིན། སྤྱིར་རྒྱལ་མོ་གཅིག་གི་མི་ཚེའི་ནང་ཕོ་སྦྲང་དྲུག་ཙམ་དང་ལུས་འདྲེས་བྱེད་སྲིད་ཀྱང་ལུས་འདྲེས་གཅིག་བྱས་པའི་ཕོའི་ཁུ་བ་དེ་མོའི་ལུས་པོའི་ནང་མི་ཚེ་ཧྲིལ་པོར་ལྷག་གི་ཡོད་ཀྱང་སྐབས་རེ་སྒོ་ང་བཏང་བ་དང་ལུས་འདྲེས་བྱེད་པའི་སྐབས་ཕྱིར་ཤོར་བ་ཡིན། སྟོན་ཁ་ཟིན་པ་དང་རྒྱལ་མོའི་ལུས་འདྲེས་བྱེད་མཚམས་བཞག་ཀྱི་ཡོད་པས་སྦྲང་ཚང་ནང་ཡོད་པའི་ཕོ་ཚང་མ་ཕྱིར་འབུད་བཏང་བར་བརྟེན་མུ་གེས་ཤི་བ་ཡིན། །

སྤྱི་ཚོགས་ཀྱི་འཚོ་བ་དང་ལས་བགོས།


རྒྱལ་མོ་དང་ལས་མི་ཆ་ཚང་མཉམ་རུབ་ཐོག་ནས་ཚོགས་པ་སྤྱིའི་ལས་དོན་སྒྲུབ་ཆེད་སོ་སོའི་ལས་འགན་རྣམས་འཐུས་ཤོར་མེད་པར་སྒྲུབ་ཀྱི་ཡོད། སྒོ་ང་བྱེ་བྲག་པ་ཞིག་མ་འོངས་པར་ཕོ་མོ་གང་དུ་འགྱུར་མིན་དེ་རྒྱལ་མོས་སྟངས་འཛིན་བྱེད་པ་དང་དེ་ཡང་ཁོང་ཚོའི་ཁ་ཟས་དང་གསོ་སྐྱོང་བྱེད་སྟངས་ལའང་རག་ལས་པ་ཡིན། རྒྱལ་མོ་ཆགས་རྒྱུའི་སྒོ་ང་དེ་ཅུང་མི་འདྲ་བ་ཡོད་པ་མ་ཟད་ཁོང་ཚོའི་ཁ་ཟས་ཀྱང་གཞན་དང་མི་འདྲ་བ་ཡོད། དེ་བཞིན་ངལ་རྩོལ་སྦྲང་མ་འཚར་ལོངས་བྱེད་ས་དང་། ཁོང་ཚོའི་ཁ་ཟས་ཀྱང་གཞན་དང་མི་འདྲ་བ་ཡོད། རྒྱལ་མོ་ཞིག་སྒོ་ངའི་གནས་སྐབས་ནས་འཚར་ལོངས་ཡོངས་རྗོགས་ཐུབ་པར་ཉིན་གྲངས་བཅུ་དྲུག་ཙམ་འགོར་བ་དང་ངལ་རྩོལ་སྦྲང་མར་ཉིན་གྲངས་ཉི་ཤུ་རྩ་གཅིག་ཙམ་འགོར། ཕོ་སྦྲང་ཡིན་ན་དེ་བས་མང་བའི་ཉིན་གྲངས་ཉི་ཤུ་རྩ་བཞི་ཙམ་འགོར།

ངལ་རྩོལ་སྦྲང་མས་ཕྱོགས་གང་ས་ནས་མེ་ཏོག་གི་ཁུ་བ་རང་གི་མིད་པའི་ནང་འོར་འདྲེན་བྱས་དེེ། སྦྲང་ཚང་དུ་འབྱོར་སྐབས་དེའི་ནང་གི་གསོ་སྐྱོང་བྱ་རྒྱུའི་སྦྲང་མར་རང་གི་མིད་པ་རྒྱུད་རྩིས་སྤྲོད་བྱེད་ཀྱི་ཡོད། གསོ་སྐྱོང་བྱ་རྒྱུའི་སྦྲང་མ་ཞེས་པ་ནི་གོང་དུ་བརྗོད་ཟིན་པ་ལྟར་ངལ་རྩོལ་སྦྲང་མ་ལོ་ན་གཞོན་པ་རྣམས་ཡིན། ཁོང་ཚོ་ཕྱི་རོལ་ཏུ་ལས་དོན་ཆེད་མ་བསྐྱོད་གོང་ཚང་ནང་གི་ལས་ཀ་འདྲ་མིན་བྱས་ནས་སྡོད་ཀྱི་ཡོད། དེ་འདྲའི་མཁོ་བསྡུ་བྱས་པའི་མེ་ཏོག་གི་ཁུ་བ་དེ་དག་མཐར་སྦྲང་རྩིའི་ངོ་བོར་འགྱུར་རྒྱུ་དེ་ཡང་གསོ་སྐྱོང་སྦྲང་མའམ་ཚང་ནང་དུ་སྡོད་མཁན་གྱི་ངལ་རྩོལ་སྦྲང་མའི་ལས་འགན་ཡིན། ཆ་ཡོངས་སུ་སྨིན་པའི་སྦྲང་རྩི་རྣམས་ཕྱོགས་ཡོངས་ནས་རླུང་འགྲོ་མེད་པའི་ཁང་མིག་ལྟ་བུའི་སྟོང་ཆ་ཆུང་ངུ་རྣམས་ཀྱི་ནང་གསོག་ཉར་བྱེད། སྦྲང་མ་སྤྱིའི་དགུན་ཟས་ཆེད་ངལ་རྩོལ་སྦྲང་མ་རྒན་གཞོན་མེད་པ་ཚང་མས་སྦྲང་རྩི་གསོག་སྒྲུབ་རྒྱུན་མ་ཆད་པར་འབད་བརྩོན་བྱེད་དགོས་ཀྱི་ཡོད། ད་དུང་མེ་ཏོག་གི་ཟེའུ་འབྲུའི་རྡུལ་བསྡུ་རུབ་ཀྱི་ལས་བྱེད་པས་མེ་ཏོག་གཅིག་ནས་གཞན་དུ་བསྐྱོད་པ་འདིས་མེ་ཏོག་དང་རྩི་ཤིང་རིགས་ཀྱི་སྐྱེད་འཕེལ་ལའང་མེད་དུ་མི་རུང་བ་ཞིག་ཆགས་ཡོད། མེད་ན་མེད་ཐབས་ལྟ་བུ་ཡིན།

སྤྱི་ཚོགས་ཀྱི་གོ་རིམ་དང་སྒྲིག་འཛུགས་ངེས་ཅན་ལྡན་པའི་སྦྲང་མའི་སྤྱི་ཚོགས་ལ་བལྟས་ན་ང་ཚོས་སྤྱི་ཚོགས་ཅན་གྱི་སེམས་ཅན་ཡོངས་ཀྱི་སྒྲིག་འཛུགས་དང་བྱེད་ལས་ཤེས་རྟོགས་བྱེད་པར་ཕན་རླབས་ཆེན་པོ་འོང་རྒྱུ་ཡིན། འགོ་འཁྲིད་དང་ངལ་རྩོལ་རུ་ཁག་སོགས་གྲལ་རིམ་གྱི་དབྱེ་མཚམས་ངེས་ཅན་ཡོད་པར་མ་ཟད་ངལ་རྩོལ་རུ་ཁག་ལྟ་བུར་མཚོན་ན་ནང་གསེས་ཀྱི་ལོ་ཚོད་ལ་དཔག་པའི་ལས་འགན་གྱི་དབྱེ་བ་འདྲ་མིན་ཡོད། །

ངལ་རྩོལ་རུ་ཁག


ངལ་རྩོལ་རུ་ཁག་གམ་ལས་མིའི་གྲངས་འབོར་དེ་གྲལ་རིམ་གཞན་ལས་གྲངས་འབོར་ལྡབ་ཀྱིས་མང་བ་དང་སྦྲང་མའི་སྤྱི་ཚོགས་སམ་ཚང་གཅིག་གི་ནང་དཔྱིད་དུས་སུ་ཆ་སྙོམས་གྲངས ༨༠༠༠ ནས་ ༡༥༠༠༠ བར་ཡོད། དེ་ནས་དབྱར་དཀྱིལ་སྐབས་ཁོང་ཚོའི་གྲངས་འབོར་ནས་ ༨༠༠༠༠ ཙམ་གྱི་བར་འཕེལ་སྐྱེད་འགྲོ ངལ་རྩོལ་བྱེད་མཁན་རིགས་ཚང་མ་སྦྲང་མ་ཕོ་ཡིན་ནའང་ཁོང་ཚོར་རིགས་རྒྱུད་སྤེལ་བའི་ནུས་པ་མེད་པས་ཁོང་ཚོའི་ལས་འགན་ནི་སྦྲང་ཚང་བསྲུང་བ་དང་། བྱི་དོར་བྱེད་པ་དང་། ཟེའུ་འབྲུ་བསྡུ་རུབ་དང་། འཐུང་ཆུ་འོར་འདྲེན་དང་། མེ་ཏོག་ཁུ་བ་འཚོལ་བ་དང་ཁུ་བ་དེ་དག་སྦྲང་རྩིར་བསྒྱུར་བ་བྱེད་པ་སོགས་ངལ་རྩོལ་གྱི་ལས་ཐམས་ཅད་སྒྲུབ་དགོས། ད་དུང་གནམ་གཤིས་ཚ་བ་ཆེ་བའི་སྐབས་རང་གི་གཤོག་པ་ལྡབ་སྟེ་གྲང་བར་བྱེད་པ་དང་གནམ་གཤིས་གྲང་བའི་སྐབས་སྦྲང་ཚང་གི་ཕྱིར་ཁེབས་ཏེ་དྲོས་པར་བྱེད་རྒྱུ་སོགས་ཕྱོགས་གང་ཐད་ནས་རང་གི་སྡོད་ཁང་སྲུང་སྐྱོབ་དང་དེའི་ནང་དུ་ཡོད་པའི་སྒོ་ང་རྣམས་འཚར་ལོངས་ཚད་ལྡན་ཡོང་བར་འབད་པ་ཡིན། ཚ་གྲང་སྙོམ་པོ་ཞིག་མ་བྱུང་ཚེ་དེའི་ནང་དུ་ཡོད་པའི་སྒོ་ང་དེ་དག་འཚར་ལོངས་ཚད་ལྡན་ཞིག་ཡོང་ཐུབ་ཀྱི་མེད། ཁོང་ཚོ་འཚར་ལོངས་བྱུང་བ་དང་ཐོག་མར་བདུན་གསུམ་ཙམ་གྱི་རིང་སྦྲང་ཚང་བྱི་དོར་དང་། ཆ་ཤས་རྙིང་པ་རྣམས་ཞིག་གསོ། རྒྱལ་མོ་དང་སྒོ་ངར་ལྟ་སྐྱོང་བྱེད་རྒྱུ། དེ་བཞིན་སྦྲང་ཚང་ཡོངས་ཀྱི་ཚ་དྲོད་ལ་སྟངས་འཛིན་སོགས་ནང་གི་ལས་དོན་འདྲ་མིན་སྒྲུབ་པ་ལས་ཕྱིའི་ལས་ཀ་གང་ཡང་བྱེད་ཀྱི་མེད། དེ་ནས་ཉམས་མྱོང་གང་ཙམ་བསྐྱེད་རྗེས་རིམ་པས་ཟེའུ་འབྲུ་བསྡུ་རུབ་ལྟ་བུ་ཕྱིའི་ལས་ཀར་སྐྱོད། ཁོང་ཚོའི་ཚེ་ཚད་ནི་ནམ་དུས་ལ་རག་ལས་ཡོད་པས་དཔེར་ན། དཔྱིད་དུས་སུ་སྐྱེས་པ་རྣམས་གཟའ་འཁོར་དྲུག་ཙམ་གྱི་རིང་འཚོ་བ་དང་ཁོང་ཚོའི་དུས་ཡུན་དེ་ནི་ཧ་ཅང་བྲེལ་འཚུབ་ངང་རྗོགས། འོན་ཀྱང་སྟོན་དུས་སུ་སྐྱེས་པ་རྣམས་རྗེས་མའི་དཔྱིད་ཀ་བར་འཚོ་ཐུབ། འོན་ཀྱང་སྟོན་དུས་གྲངས་ཧ་ཅང་ཉུང་ཉུང་ལས་སྐྱེས་མི་ཐུབ། དེ་ནི་ཁོང་ཚོ་འཚོ་བའི་རིང་ལ་ཟ་འཐུང་འཚོལ་བའི་རྩོལ་བ་ལས་དམིགས་བསལ་ལས་ཀ་གཞན་གང་ཡང་མེད་པ་རེད། །

སྐད་བརྡ།


སྦྲང་མའི་སྤྱི་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ནི་ཁོང་ཚོ་ཕན་ཚུན་གོ་བརྡ་སྤྲོད་ཚུལ་དེ་ཡིན། སྤྱི་ཚོགས་ཀྱི་སེམས་ཅན་གཞན་ལྟར་ཚོགས་པའི་ལས་དོན་ཚགས་ཚུད་ཡོང་བར་ཕན་ཚུན་འབྲེལ་བ་བྱེད་དགོས་ཀྱི་ཡོད་པ་ལྟར། དཔེར་ན་ངལ་རྩོལ་སྦྲང་མ་ཚོས་ས་ཕྱོགས་གང་སར་ཁ་ཟས་འཚོལ་བར་འགྲོ་སྐབས་སོ་སོས་གསར་རྙེད་བྱུང་བའི་མེ་ཏོག་གི་ལྡུམ་རའམ་ཁ་ཟས་འབྱུང་ཁུངས་དེ་ཕྱིར་སྦྲང་ཚང་ནང་ལ་ཡོད་པའི་སྦྲང་མ་གཞན་ཚོར་ལོན་བསྐྱལ་དགོས་ཀྱི་ཡོད། དེ་ཡང་རང་གི་ཚང་དུ་འཁོར་མཚམས་གཤོག་པ་རྡབ་པ་དང་ཁོག་སྨད་སྒུལ། ཚང་དཀྱིལ་དུ་སྒོར་བྲོ་འཁྲབ་པ་སོགས་ཀྱི་ལམ་ནས་སྦྲང་མ་གཞན་ལ་བརྡ་ལན་བྱེད་ཀྱི་ཡོད། ཁ་ཟས་དང་ཚང་གི་བར་ཐག་རིང་ཐུང་ལ་གཞིག་པའི་ཁོང་ཚོའི་སྒོར་བྲོ་འཁྲབ་སྟངས་མི་འདྲ་བ་ཡོང་གི་ཡོད་པ་ཡིན། དེ་འདྲའི་ཐོག་ནས་གང་ལྟར་མཐར་ཁ་ཟས་ཡོད་པའི་ས་ཆ་དེ་སྦྲང་མ་གཞན་ཚོས་མ་ནོར་བར་རྙེད་སོན་ཐུབ་ཀྱི་ཡོད། །

མཐའ་དོན།


སྤྱིར་སྦྲང་མའི་སྤྱི་ཚོགས་དེ་གཞི་རྒྱ་ཆེ་བ་དང་གོ་རིམ་ལྡན་པའི་སྤྱི་ཚོགས་ཤིག་ཡིན་ཀྱང་དེང་རབས་ཀྱི་ཁོར་ཡུག་འདིའི་ནང་ཁོང་ཚོའི་འཚོ་གནས་ལ་དོ་ཕོག་ཧ་ཅང་ཆེ་བ་ཐེབས་ཡོད་པར་སོང་སྟབས་སྤྱི་ཚོགས་ཧྲིལ་པོར་དཀའ་ངལ་གྱི་གནས་སུ་འགྱུར་ཡོད། གཅིག་ནས་ཁོར་ཡུག་བགས་བཙོག་གི་རྐྱེན་པས་རང་འབྱུང་གི་ནད་གཞི་མང་བ་དང་། གཉིས་ནས་ཁོང་ཚོའི་ཡུན་རིང་དཀའ་ཚེགས་ཀྱིས་འཚོལ་སྒྲུབ་བྱས་པའི་སྦྲང་རྩི་རྣམས་མིས་འཕྲོག་བཅོམ་མང་བ་སོགས་ལ་བརྟེན་ནས་སྦྲང་མ་མང་པོ་དགུན་དུས་སུ་གྲང་ངར་དང་བཀྲས་སྐོམ་གྱི་འཆི་བ་སོགས་ཀྱིས་ཁོང་ཚོའི་འཚོ་གནས་དེ་དཀའ་ངལ་གྱི་གནདཅིག་ཏུ་གྱུར་ཡོད། ཇི་ལྟར་ཡང་རྣམ་པ་ཚོས་རྒྱུན་དུ་སྦྲང་རྩི་མངར་མོ་དང་རོ་བཅུད་ལྡན་པའི་ཤིང་ཏོག་དང་སྔོ་ཚལ་རྣམས་ལོངས་སུ་སྤྱོད་སྐབས་ཡ་ང་བའི་སྦྲང་མ་འདི་དག་གི་བཀའ་དྲིན་བསམ་ཤེས་གནང་རོགས། །

Post a Comment

Previous Post Next Post