དེ་ཡང་ཟླ་ཤས་སྔོན་ལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གིས་མནར་བཞིན་པ་དང་། དཀའ་ཚེགས་ཆེ་བའི་ལམ་བུར་བསྐྱོད་བཞིན་པའི་རྣམ་པར་འགྲེལ་བརྗོད་བྱེས་སྟེ། རྒྱ་གར་དེ་རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་ཕོག་པའི་མི་གྲངས་མང་ཤོས་གཉིས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མི་འབོར་ཐེར་འབུམ་༡་༣ གྱིས་ཁེངས་པའི་རྒྱ་གར་རྒྱལ་ཁབ་ཆེན་པོ་དེར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱིས་ཚོད་འཛིན་དཀའ་བའི་གནས་སྟངས་སུ་འགྱུར་ལུགས་བཅས་རྒྱལ་སྤྱིའི་གསར་ཁང་བརྒྱུད་ལམ་མང་པོར་ཐོན་ཡོད། 

འོན་ཀྱང་། ༢༠༢༠ ཕྱི་ཟླ་༠༧ པ་ཙམ་ནས་ད་བར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་འཕེལ་ཇེ་ཉུང་ཏུ་ཕྱིན་པ་དང་། ཨིན་ཇི་དང་། ཨ་རི། ཕ་རན་སི་ལྟ་བུ་ཡུ་རོབ་རྒྱལ་ཁབ་ཁ་ཤས་ནང་ཏོག་དབྱིབས་ནད་དུག་ཁྱབ་འཕེལ་ཇེ་མང་དུ་འགྲོ་བཞིན་པས། འཛིན་སྐྱོང་ནས་རྒྱལ་ཁབ་ནང་ཁྱིམ་སྡོད་བཀའ་ཁྱབ་ཐེངས་རིམ་པ་ཁ་ཤས་བཏང་དགོས་པའི་གནས་སྟངས་སུ་འགྱུར་བཞིན་ཡོད། མ་ཟད་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཨིན་ཇིའི་རྒྱལ་ཁབ་ནང་ཏོག་དབྱིབས་ནད་དུག་འགོག་ཁབ་ལས་གཞི་སྔོན་ཚུད་ནས་སྤེལ་རུང་། ཏོག་དབྱིབས་ནད་དུག་གིས་མནར་མཁན་མི་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཨིན་ཇིའི་རྒྱལ་ཁབ་ནང་གི་སྨན་ཁང་རྣམས་ནད་པས་ཁེངས་སྟེ། སྨན་ཁང་དེ་དག་གཡུལ་ས་ལྟ་བུར་འགྱུར་བཞིན་ཡོད་པ་དང་། དེ་བཞིན་ཨ་རིའི་ནང་ཏོག་དབྱིབས་ནད་དུག་ཁྱབ་འཕེལ་ཇེ་མང་དུ་ཕྱིན་ནས། སྨན་ཁང་རྣམས་ནད་པས་ཁེངས་བཞིན་ཡོད་པ་དང་། ཨ་རིའི་མངའ་སྡེ་ཁེ་ལི་ཕོར་ནི་ཡ་ནི་ཨ་རིའི་ནང་ཏོག་དབྱིབས་ནད་ཡམས་ཁྱབ་འཕེལ་ཆེ་ཤོས་འགྲོ་བཞིན་པའི་མངའ་སྡེ་ཤིག་ཏུ་འགྱུར་ཡོད། 


རྒྱ་གར་ནང་སྔ་ལོའི་ཕྱི་ཟླ་༠༧ ནས་ནད་ཡམས་ཁྱབ་འཕེལ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། རྒྱ་གར་ནང་ཚ་ཚ་འུར་འུར་ངང་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད། ༢༠༢༡ ཕྱི་ཟླ་༠༡ ཚེས་༢༢ བར་རྒྱ་གར་མི་འབོར་ས་ཡ་༡་༠༤ ཙམ་ལ་འགོག་ཁབ་ཐེངས་དང་པོ་དེ་རྒྱབ་ཟིན་པ་དང་། ༢༠༢༡ཕྱི་ཟླ་ ༠༧བར་རྒྱ་གར་ནང་ཨ་རིའི་རྒྱལ་ཡོངས་མི་འབོར་གྲངས་ཚད་དང་མཚུངས་པའི་རྒྱ་གར་མི་འབོར་ས་ཡ་༣༠༠ ལ་ཏོག་དབྱིབས་ནད་དུག་འགོག་ཁབ་རྒྱབ་ཐུབ་པའི་རེ་བ་དང་གྲ་སྒྲིག་བྱེད་བཞིན་ཡོད། རྒྱ་གར་ནང་མི་འབུམ་༢ ལྷག་ཙམ་ལ་འགོག་ཁབ་རྒྱབ་རྒྱུའི་ཁྱད་ལས་སྦྱོང་བརྡར་སྤྲོད་ཟིན་པ་དང་།      རུ་ཁག་འབུམ་༣དང་ཁྲི་༠༧ ཙམ་ལ་འགོག་ཁབ་རྒྱབ་ཆེད་ཁྱད་ལས་སྦྱོང་བརྡར་སྤྲད་ཡོད། རྒྱ་གར་མི་མང་རྣམས་ཏོག་དབྱིབས་ནད་དུག་འགོག་ཁབ་རྒྱབ་བཞིན་པ་མ་ཟད། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་འགོག་ཁབ་མཁོ་སྤྲོད་བྱེད་བཞིན་ཡོད། རྒྱ་གར་ནས་འབྲུག་ཡུལ་ལ་འགོག་ཁབ་འབུམ་༡ དང་ཁྲི་༥དང་། མལ་དྥིབ་(Maldives)ལ་འགོག་ཁབ་འབུམ་༡   བལ་ཡུལ་ལ་འགོག་ཁབ་ས་ཡ་༡   བང་ལ་དེཤི་(Bangaladesh) ལ་འགོག་ཁབ་ས་ཡ་༢   འབར་མར་(Burma)འགོག་ཁབ་ས་ཡ་༡ དང་ཕྱེད་ཀ།   དེ་བཞིན་མོ་རི་ཤེཡསི་(Mauritius)ལ་འགོག་ཁབ་འབུམ་༡  སཡེ་ཤེལིས་(Seychelles)ལ་འགོག་ཁབ་ཁྲི་༥ བཅས་རིན་མེད་ཐོག་གནང་ཡོད། ཨཕ་གྷ་ནི་སི་ཐན་དང་སེང་གི་ལར་མགྱོགས་མྱུར་མཁོ་སྤྲོད་བྱེད་འཆར་ཡོད་འདུག། དེ་བཞིན་བ་ར་ཛིལ་(Brazil)དང་མོ་རོ་ཀོ་(Morocco)གཉིས་ལ་འགོག་ཁབ་ས་ཡ་༢ རེ་ཚོང་འབྲེལ་ཐོག་སྤྲོད་འཆར་ཡོད་འདུག 



ཡར་ཐོན་ཅན་གྱི་ཨ་རི་དང་ཨིན་ཇིའི་རྒྱལ་ཁབ་གཉིས་ཏོག་དབྱིབས་ནད་ཡམས་ཁྱབ་འཕེལ་གྱིས་ཚོད་འཛིན་མི་ཐུབ་པའི་དུས་ཚོད་དེ་ལྟ་བུར་རྒྱ་གར་རྒྱལ་ཁབ་ཀྱིས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཁྱོན་ཡོངས་ནས་འགོག་ཁབ་ས་ཡ་༡༠ ཙམ་རིན་མེད་ངང་སྤྲད་འཆར་ཡོད་པ་དང་། རྒྱལ་ཁབ་དེ་དག་གི་སྨན་པ་དང་སྨན་ཞབས། དེ་བཞིན་མདུན་ཐོན་གདོང་ལེན་མི་སྣ་ཁག་གི་སྲོག་ལ་ཉེན་སྲུང་བྱེད་ཐུབ།  དེ་ནི་རྒྱ་གར་གི་འགོག་ཁབ་བརྒྱུད་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཕན་སེམས་བཅངས་པའི་ལས་འགུལ་ཞིག་ཡིན་འདུག། (Vaccine Maitri)

ཨིན་ཇི་དང་བེལ་ཇིམ། ལྷོ་ཨ་ཕི་རི་ཁ། ནྱེ་ཇེ་རིཡ། U.A.E སོགས་རྒྱལ་ཁབ་མང་པོས་རྒྱ་གར་གྱི་ཏོག་དབྱིབས་འགོག་ཁབ་ལ་རེ་སྒུག་བྱེད་བཞིན་ཡོད་འདུག། མ་ཟད་ཌོ་མི་ནི་ཁའི་(Dominica)སྲིད་འཛིན་གྱིས་རྒྱ་གར་སྲིད་བློན་མཆོག་ལ་རེ་འབུལ་འཕྲིན་ཡིག་ཞིག་གཏང་ཏེ། ཁོང་གི་མི་མང་རྣམས་ཏོག་དབྱིབས་ནད་དུག་ལས་མྱུར་སྐྱོབ་ཡོང་ཆེད་རྒྱ་གར་གཞུང་ནས་འགོག་ཁབ་རོགས་སྐྱོར་གནང་སྐྱོང་ཡོང་བའི་རེ་འབུལ་ཡང་ཞུས་འདུག། དེར་བརྟེན་དེ་ལྟ་བུ་རྒྱལ་ཁབ་མང་ཆེ་བས་རྒྱ་གར་ནས་བཟོ་བསྐྲུན་བྱས་པའི་འགོག་ཁབ་ལ་ཡིད་ཆེས་བློ་གཏད་བྱེད་དོན་ཅི་ཡིན་ནམ། རྒྱུ་མཚན་ནི། གཅིག་ནས་རྒྱ་གར་གྱི་འགོག་ཁབ་དེའི་རིན་སྒོར་རན་པ་ཞིག་དང་། གཉིས་ནས་འགོག་ཁབ་དེ་བརྟན་ཆ་ལྡན་པ་ཡིན་པས་རེད་འདུག། དཔེར་ན། ཨ་རིའི་འགོག་ཁབ་Moderna རིན་སྒོར་ཨ་སྒོར་༣༠ ཨུ་རུ་སུའི་འགོག་ཁབ་Sputnik V རིན་སྒོར་ཨ་སྒོར་༡༠ ཡིན་འདུག  འོན་ཀྱང་རྒྱ་གར་གི་འགོག་ཁབ་Covishieldརིན་སྒོར་ཨ་སྒོར་༦ ཙམ་མ་གཏོགས་གནས་ཀྱི་མེད་སྟབས་གོང་ཚད་ཆ་ནས་ཆུང་བ་ཡོད། 




རྒྱ་གར་ནི་སྔ་མ་ནས་གོ་ལའི་སྨན་ཐོན་ཁུངས་ཀྱི་མཛོད་ལྟ་བུར་ངོས་འཛིན་བཞིན་ཡོད་པ་དང་། རྒྱ་གར་ནང་སྨན་གྱི་བཟོ་བསྐྲུན་ཁང་ཆེ་བ་རྣམས་རྒྱལ་སྤྱིའི་ཟས་དང་སྨན་ཚོད་འཛིན་ལྷན་ཁང་FDA ནས་ངོས་འཛིན་ལྡན་པ་ཤ་སྟག་ཡིན། ཏོག་དབྱིབས་ནད་ཡམས་མ་ཐོན་སྔོན་ནས་རྒྱ་གར་ནི་གོ་ལའི་འགོག་ཁབ་མཁོ་གནད་བརྒྱ་ཆ་༥༠ ལྷག་མཁོ་འདོན་བྱེད་བཞིན་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་དང་། རྒྱ་གར་ནས་ཨ་རིར་ས་བོན་མཁོ་འདོན་བརྒྱ་ཆ་༢༥ ལྷག་བྱས་ཡོད་པ་དང། ཨིན་ཡུལ་གྱི་སྨན་བརྒྱ་ཆ་༢༥ ཙམ་རྒྱ་གར་ནས་བཟོ་བསྐྲུན་བྱེད་ཀྱི་ཡོད། རྒྱ་གར་ནས་བཟོ་བསྐྲུན་བྱས་པའི་སྨན་རྣམས་རྒྱལ་ཁབ་༡༧༠ ལས་མང་བར་འོན་འདྲེན་དང་མཁོ་འདོན་བྱེད་བཞིན་ཡོད། དེར་བརྟེན་རྒྱ་གར་གྱི་འགོག་ཁབ་ཕྱི་འབྲེལ་སྲིད་བྱུས་དེར་ཕྱུག་བདག་བིལ་གྷེཌ་(Bill Gates)དང་། རྒྱལ་སྤྱིའི་འཕྲོད་བསྟེན་སྤྱི་ཁྱབ་སྐུ་ཞབས་ཀྲེ་ཌོས་(Dr.Tedros)ལ་སོགས་པའི་རྒྱལ་སྤྱིའི་ནང་གི་གནད་ཡོད་མི་སྣ་མང་པོས་རྒྱ་གར་གྱི་ཚན་རིག་པ་དང་། འགོག་ཁབ་བཟོ་བསྐྲུན་ཁང་རྣམས་ཀྱིས་རྒྱལ་སྤྱིའི་ནད་ཡམས་ཀྱི་དཀའ་སྡུག་ལྗིད་མོ་དེ་ལྟ་བུར་ཕན་སེམས་ཀྱི་ལེགས་སྐྱེས་ཕུལ་བཞིན་པ་དེར་བསྟོད་བསྔགས་བྱེད་བཞིན་ཡོད། 




འོན་ཀྱང་རྒྱ་ནག་ཕྱོགས་ནས་རྒྱ་གར་ལ་ངོ་རྒོལ་བྱེད་ཚུལ་ལ། རྒྱ་ནག་གིས་རྒྱལ་སྤྱིའི་ནང་ཏོག་དབྱིབས་འགོག་ཁབ་བཟོ་བསྐྲུན་བྱེད་ཕྱོགས་ལ་འགྲན་སེམས་མེད་པར། རང་ངོས་ཀྱི་འགོག་ཁབ་བཟོ་བསྐྲུན་བྱེད་རྒྱུ་དེར། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འགོག་ཁབ་ལ་གནོན་ཤུགས་ཡོང་རྒྱུར་རྒྱ་གར་ནས་རེ་བ་བྱེད་བཞིན་པ་དེར་སྐྱོན་བརྗོད་དང་ངོ་རྒོལ་ཡོད་ཚུལ་བཅས་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཛའོ་Zhao ཡིས་བརྗོད་ཡོད་པ་མ་ཟད། རྒྱ་ནག་གི་གྷོ་ལོ་སྦལ། ཌ་ཡེམསེ་གསར་ཁང་(Globle Times)ནང་གསལ་སྟོན་དུ་རྒྱ་གར་གྱིས་རྒྱལ་སྤྱིའི་ནང་ཏོག་དབྱིབས་འགོག་ཁབ་བགོས་འགྲེམས་བྱེད་འཆར་དེ་རྒྱལ་སྤྱིའི་ཁྲོམ་རྭར་གཏམ་བཟང་ཞིག་ཡིན་རུང་། རྒྱ་གར་གྱིས་རྒྱལ་སྤྱིའི་ནང་ཆབ་སྲིད་དང་ཚོང་དོན་གྱི་དགོས་དམིགས་ཆེན་པོ་ཞིག་འཛིན་བཞིན་ཡོད་པ་སྐྱོན་བརྗོད་ཀྱི་རྣམ་པ་སྟོན་འདུག། 


 

རྒྱ་དཀར་ནག་གཉིས་ནི་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་གཉིས་ཡིན་ཞིང་། འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན། རྒྱ་ནག་ནི་དམར་ཤོག་ལམ་ལུགས་ཀྱི་སྲིད་གཞུང་ཞིག་དང་། གུང་ཁྲན་ཏང་དམར་ཤོག་ཚོགས་པས་དབང་འཛིན་བྱས་པའི་སྲིད་དབང་གཅིག་བསྡུད་ཀྱི་རྒྱལ་ཁབ་ཅིག་ཡིན། འོན་ཀྱང་རྒྱ་གར་ནི་འཛམ་གླིང་ནང་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་དང་། དམངས་གཙོའི་ལམ་ལུགས་ཡོངས་སུ་ལག་བསྟར་ཞུ་མཁན་གྱི་མང་མོས་འོས་འདེམས་བྱས་པའི་གཞུང་འཛིན་པ་ཞིག་ཡིན། དེ་ལྟ་བུའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཡིན་རུང་། རྩ་འཛིན་དང་། ལྟ་གྲུབ། ལངས་ཕྱོགས་བཅས་ཕྱོགས་ཡོངས་ནས་ཐ་དད་ཡིན། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་སྟོབས་ཤུགས་ངོམས་སྟེ་མགོ་སྐོར་བསླུ་ཐབས་བྱས། རྒྱ་ནག་གིས་བལ་ཡུལ་དང་། བང་ལ་དེཤི་ལྟ་བུར་ཏོག་དབྱིབས་འགོག་ཁབ་རིན་མེད་ངང་སྤྲོད་རྒྱུའི་ཁས་ལེན་བྱས་རུང་དངོས་སུ་ལག་བསྟར་བྱས་མེད། གང་ལྟར་རྒྱ་ནག་ནས་རྒྱལ་སྤྱིའི་ནང་རྒྱལ་ཁབ་མང་པོར་དངོས་ཤུགས་རྒྱུད་གསུམ་ནས་སོ་སོར་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་ཡོད། འོན་ཀྱང་རྒྱ་གར་ནི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་གཞི་རྟེན་དུ་བརྟན་པོར་འཛིན་བཞིན། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་འགོག་ཁབ་རིན་མེད་ངང་མཁོ་སྤྲོད་གནང་ནས། གཞན་ལ་ཕར་རྒྱབ་སྐྱོར་དང་རམ་འདེགས་ཞུ་མཁན་གྱི་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་གིས་དཔལ་འབྱོར་དང་། དམག་ཤུགས་བརྒྱུད་རྒྱལ་སྤྱིའི་ནང་འགོ་ཁྲིད་ཐབས་བྱེད་པ་དང་། རྒྱ་གར་གྱིས་འཚེ་མེད་ཞི་བའི་ལྟ་གྲུབ་དང་། ཚད་ལྡན་གྱི་དམངས་གཙོའི་ལམ་ལུགས། དེ་བཞིན་གཞན་ཕན་དང་བྱམས་བརྩེའི་ལམ་ནས་རྒྱལ་སྤྱིའི་ནང་མིག་དཔེར་བཟུང་བཞིན། བཟང་ཕྱོགས་ཀྱི་ལམ་ནས་སྣེ་ཁྲིད་བྱེད་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། 




འཕྲིན་ལས་དབང་འདུས་ནས།

བོད་ཀྱི་དཔེ་མཛོད་ཁང་།

ཚན་རིག་སྡེ་ཚན།





<གོང་གསལ་གནད་དོན་རྣམས་ཝེའོན་WION གསར་ཁང་གིས་སྤེལ་བའི་གནས་ཚུལ་ནས་མཁོ་སྒྲུབ་བྱས་པ་ཞིག་ཡིན། >

Post a Comment

Previous Post Next Post