ང་ཚོས་ག་རེ་ཤེས་ཀྱི་ཡོད་སྙམས་པར་བསྐྱར་ཞིབ།
རྩོམ་ཤོག་འདིས་ཚན་རིག་གི་ཚོགས་སྡེའི་ཐད་སློབ་ཕྲུག་ཚོས་འཛིན་པའི་གོ་ལོག་གི་བསམ་ཚུལ་གཙོ་བོ་འགའ་ཞིག་ཐོག་གླེང་སློང་དང་ལྷན་དུ་གསལ་བཤད་བྱེད་རྒྱུའི་འབད་བརྩོན་བྱས་ཡོད། འདིར་གྲོས་བསྡུར་བྱས་པའི་རྟོག་སྒྲུང་བཅུའི་ནང་ཚན་རིག་གི་རྣམ་གཞག་ཁག་ཁྲིམས་ལ་འགྱུར་ཚུལ་ཐོག་ཐུན་མོང་གི་བལྟ་ཚུལ་དང་། ཚོད་གཞག་རྣམས་ཀྱི་ངོས་འཛིན་ཡག་ཤོས་དེ་ཤེས་ཡོན་པ་ཚོས་ཚོད་དཔག་ཡིན་པ་དང་། ད་དུང་དེར་ཐུན་མོང་གི་ལག་བསྟར་བྱས་པའི་ཚན་རིག་གི་ཐབས་ལམ་ཞིག་ཡོད་པ་རྣམས་ཚུད་ཡོད། དང་ཐོག་རྩོམ་ཤོག་འདིའི་ནང་དུ་དཔང་རྟགས་རྣམས་ཀྱིས་ཤེས་བྱ་ངོ་མ་ར་སྤྲོད་པ་དང་། ཡང་ཚན་རིག་དང་དེའི་ཐབས་ལམ་གྱིས་དོན་དམ་གྱི་ཁུངས་སྐྱེལ་མཁོ་སྤྲོད་བྱས་པ། ཡང་ཚན་རིག་ནི་གསར་གཏོད་ཅན་གྱི་རྩོལ་བ་མ་ཡིན་པའི་ལྟ་ཚུལ་ལྟ་བུའི་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་གཞན་གྱི་གྲོས་བསྡུར་རྣམས་ཚུད་ཡོད། མཐའ་མར་ཚན་རིག་པ་རྣམས་ཕྱི་དོན་སྨྲ་བ་ཡིན་པ། བརྟག་དཔྱད་ནི་ཚན་རིག་གི་ཤེས་བྱའི་ལམ་བུ་ཁོ་ན་དེ་ཡིན་པ་དང་། དེས་ན་ཚན་རིག་གི་མཇུག་སྡོམ་རྣམས་མུ་མཐུད་ནས་བསྐྱར་ཞིབ་བྱེད་ཀྱི་ཡོད་པ་བཅས་ཀྱི་སྒོ་ནས་རྟོག་སྒྲུང་གི་རྩོམ་ཡིག་དེ་མཇུག་སྒྲིལ་བར་བྱས། ཚན་རིག་གི་ཚོད་གཞག་ཕྱིར་འདོན་བྱེད་པར་དགེ་རྒན་དངོས་གཞིའི་སྐབས་དང་དེའི་སྔོན་གྱི་དགེ་རྒན་འོས་སྦྱོང་སྐབས་སུ་དགེ་རྒན་ཤེས་ཡོན་འོས་སྦྱོང་ནང་དུ་ཚན་རིག་གི་རང་བཞིན་ནམ་གཤིས་ལུགས་ཀྱི་ངོ་སྤྲོད་དང་གོ་སྐབས་ཀྱི་ཉམས་མྱོང་དགོས་གལ་ཆེ་ཚུལ་གྱི་ཞུ་འབོད་དང་བཅས་སྟེ་རྩོམ་ཤོག་འདི་མཇུག་སྒྲིལ་ཡོང་གི་རེད།རྟོག་སྒྲུང་ནི་རྒྱུན་གཏན་དུ་སྲོལ་རྒྱུན་གྱི་ལྟ་ཚུལ་ལམ། སྒྲུང་གཏམ། གནའ་གཏམ་མམ་སྒྲུང་ལ་འགྲེལ་བཤད་བྱེད་ཡོང་། དེས་ན་རྟོག་སྒྲུང་གིས་མི་རྣམས་ལ་འཛམ་གླིང་ཐོག་གི་གནད་ཚུལ་སྤྲོད་ཀྱི་ཡོད་པའི་ཆ་ནས་སྤྲོ་སེང་ཅན་དང་། ད་དུང་ཤེས་ཡོན་ལྡན་པ་ཡང་ཡིན་ཆོག། དོན་དངོས་ཐོག་རྟོག་སྒྲུང་གི་འགྲེལ་བརྗོད་བྱེད་ཚུལ་ནི་ཕལ་ཆེར་དེས་རྒྱ་བསྐྱེད་དང་། ཁྱབ་དེལ། གནས་ལུགས་ལ་ཤུགས་ཆེར་འགྲེལ་བརྗོད་བྱས། གང་ལྟར་ཡང་དངོས་ཡོད་གནས་ཚུལ་དང་རྟོག་རྩོམ་གསལ་པོ་མེད་པ་ཆགས་དུས་རྟོག་སྒྲུང་དེ་ཚོའི་སྤྲོ་སེང་གི་རིན་ཐང་ཤོར་བ་དང་གོ་རྟོགས་ཆ་ཚང་ལོན་པར་འགོག་རྐྱེན་ཁོ་ན་བཟོ་རྒྱུའི་དགོས་མཁོ་སྒྲུབ། ཚན་རིག་གི་རྟོག་སྒྲུང་གི་གནད་དོན་འདི་ལྟར་ཡིན།
མཁས་དབང་ཇཱོ་སེཕ་ ཁེམ་བྷེལ་ Joseph Campbell ༼༡༩༦༨༽ གྱིས་འཛམ་གླིང་ཁྱོན་ཡོངས་ལ་དམངས་ཁྲོད་ཀྱི་རྟོག་སྒྲུང་མང་པོའི་དབར་མཚུངས་ཆོས་ཡོད་པ་ནི་མི་ཚང་མའི་ཤེས་པ་ཕྲ་མོའི་དབར་འབྲེལ་མཐུད་ཡོད་པར་གྲོས་འཆར་གཏོན་ཡོད། ཡིནའང་འབྲེལ་མཐུད་འདི་ལྟ་བུས་ཚན་རིག་གི་རྟོག་སྒྲུང་ལ་འགྲེལ་བཤད་རྒྱབ་མི་ཐུབ། ཚན་རིག་ཐོག་གི་གོ་ནོར་རྣམས་ཕལ་ཆེར་ཤུགས་ཆེ་བ་དགེ་རྒན་འོས་སྦྱོང་གི་ལས་གཞིའི་ནང་ཚན་རིག་གི་ལྟ་གྲུབ་གྱི་ནང་དོན་མ་འདང་བ། ལས་གཞི་འདི་ལྟ་བུས་དགེ་རྒན་དངོས་གཞིའི་སྔོན་གྱི་དགེ་རྒན་ཚོར་ཚན་རིག་གི་ཉམས་མྱོང་ཚད་ལྡན་ཞིག་མཁོ་སྤྲོད་བྱས་མ་ཐུབ་པའི་དོན་དག་འཆུག་པ་དང་མ་འདང་བའི་དོན་གོ་མ་ཆོད་པ་དང་། སྤྱིར་བཏང་ནས་དགེ་རྒན་ཚོས་ལམ་སྟོན་ཞུས་པར་ཁ་ཕྱོགས་བྱས་སྲིད་པའི་མཐོ་རིམ་སློབ་གྲྭའི་སྔོན་གྱི་སློབ་དེབ་ནང་ཚན་རིག་གི་རང་བཞིན་ལ་བློ་ཆུང་གི་ལྟ་ཚུལ་འཛིན་སྟངས་བཅས་ཀྱི་བྱས་པ་རེད།
སི་ཊི་ཝེན་ ཇཱེ་ གུལ་ཌི་ Steven Jay Gould ཡིས་དལ་འགྲོའི་སྤྱང་ཀི་དང་ཁྱི་ཨ་སོབ་ཀྱི་ངོ་འདྲའི་རིགས་ཀྱི་གནད་དོན་ The Case of the Creeping Fox Terrier Clone་༼༡༩༨༨༽ གྱི་ནང་ཚན་རིག་སློབ་དེབ་ཀྱི་རྩོམ་པ་པོ་རྣམས་རྟོག་སྒྲུང་དང་འཁྲུལ་ཅན་མཁོ་སྒྲུབ་བྱས་མཁན་ཁྱད་པར་བ་ཚ་ཤོས་ཀྱི་གྲས་ཡིན་པར་ཐེར་འདོན་བྱས་ཡོད། བརྗོད་གཞིའི་ཐོག་ཁྱི་སྤྱང་ཞེས་བཀོད་པ་ལྟར་དེང་དུས་ཀྱི་རྟའི་སྔ་རོལ་དུ་བགྲོད་པ་ཆུང་ལ་ཐོ་རེངས་རྟའི་ཆེ་ཚད་བརྗོད་པར་བེད་སྤྱོད་བྱས་པའི་སྲོལ་རྒྱུན་གྱི་མཚུངས་ཟླར་གོ། རྒྱུ་མཚན་གཉིས་ཀྱི་ཐོག་ནས་མཚུངས་ཟླ་འདི་ལམ་འགྲོ་མེད་པར་འགྱུར།
རྟའི་ཕ་མེས་འདི་ཁྱི་སྤྱང་འདི་ཉིད་ལས་ཆེ་བ་ཡོད་པར་ཙམ་དུ་མ་ཟད་ཁྱིའི་སྐྱེད་སྤེལ་གྱི་དལ་འགྲོའི་ཁྱི་སྤྱང་དེ་ནི་ཨ་མི་རི་ཀའི་སློབ་ཕྲུག་ཚོས་མཐོང་ཆོས་སུ་མི་སྣང་བའི་རྒྱུས་མངའ་མེད། གུལ་ཌི་ཡིས་གོ་རིམ་སྒྲིག་པའི་དག་ཐེར་དཔྱད་ཞིབ་གཙོ་བོའི་ནང་དོན་དུ་ནམ་ཞིག་མཚུངས་ཟླ་འདིར་བདག་དབང་ཐོབ་ཚེ་མི་སུས་ཀྱང་དེའི་ཁུངས་ཐུབ་ཕུགས་འཕེར་རམ་བེད་སྤྱོད་ཐོག་བསམ་གཞིགས་བྱས་མེད། དུས་ཡུན་བརྒྱུད་ནས་འགྲོ་སྐབས་རྩོམ་པ་པོ་གཅིག་རྗེས་གཉིས་མཐུད་ཀྱིས་མི་འཚམ་པའི་མཚུངས་ཟླ་དེ་བསྐྱར་ཟློས་བྱས་པ་དང་། འདི་དང་གྲངས་དང་མི་མཉམ་པའི་དོན་ཚན་གཞན་ཚོའི་ཐོག་ཚན་རིག་གི་སློབ་དེབ་མང་པོ་ཕན་ཚུན་མཐོང་ཆོས་སུ་མི་སྣང་བའི་ངོ་འདྲའི་རིགས་སུ་བསྒྱུར་བའི་ལུགས་སྲོལ་ཞིག་མུ་མཐུད་ཡོད།
ཚན་རིག་གི་དངོས་ཡོད་གནས་ཚུལ་ལྟ་ཚུལ་དང་ཚན་རིག་གི་དགེ་རྒན་ཚོས་གནད་དོན་གང་གི་ཐད་དམིགས་དགོས་མིན་གྱི་ཐེར་འདོན་མང་བ་མཁོ་སྤྲོད་བྱས་པའི་འབད་རྩོལ་གྱི་སླད་དུ་རྩོམ་ཤོག་འདིས་ཚན་རིག་གི་རང་བཞིན་ཐོག་ཡོངས་ཁྱབ་ཏུ་འཛིན་བཞིན་པ་ལ་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་བཅུར་གྲོས་བསྡུར་དང་སྤྱན་བསྟར་འབུལ་གྱི་རེད། དེས་ན་གནད་དོན་འདིའི་ཐད་སློབ་ཕྲུག་ཚང་མའམ་དགེ་རྒན་ཕལ་མོ་ཆེས་ལྟ་ཚུལ་དེ་ཚོ་ཚང་མ་བདེན་པར་འཛིན་པའི་ཚབས་ཆེན་གྱི་གོ་བརྡ་ཡང་སྤྲོད་ཀྱི་མེད་ལ་ཐོ་གཞུང་དེ་དཀར་ཆག་ངེས་ཅན་ཆ་ཚང་བ་ཞིག་ཏུ་ཡང་གོ་མི་ཐུབ། ཁོལ་ Cole ༼༡༩༨༦༽ དང་ རོཐ་མེན་ Rothman ༼༡༩༩༢༽ གྱིས་ཆ་འཇོག་བྱེད་ཆོག་པར་འོས་པའི་གོ་ནོར་འཕར་མའི་ཐོག་བསམ་ཚུལ་སྟོན་ཡོད། གང་ལྟར་ཡང་ལོ་མང་རིང་ཚན་རིག་སློབ་ཁྲིད་དང་སློབ་དེབ་གྲངས་ལས་འདས་པ་བསྐྱར་ཞིབ་བྱེད་པས་འདིར་སྟོན་པའི་འཚོལ་ཞིབ་གསར་རྙེད་ཀྱི་ཁུངས་ཐུབ་ཕུགས་འཕེར་ར་སྤྲོད་བྱས།
རྟོག་སྒྲུང་དང་པོ། ཚོད་གཞག་རྣམས་རྣམ་གཞག་ལ་གྱུར་བ་དང་དེ་ཉིད་ཁྲིམས་ལ་གྱུར།
རྟོག་སྒྲུང་འདི་སྤྱིར་བཏང་གི་ཡིད་ཆེས་ཤིག་དང་འབྲེལ་ནས་ཡོད་དེ་དེ་ཡང་དཔང་རྟགས་ཇེ་མང་དུ་འགྲོ་བ་དང་སྦྲགས་གོ་རིམ་གོང་འཕེལ་ཕྱིན་པའི་རྐྱེན་གྱིས་ཚན་རིག་གི་ལྟ་ཚུལ་རྣམས་མཐའ་མའི་ཁས་ལེན་གྱི་ཕྱོགས་སུ་བསྐྱོད་པར་བྱེད། མི་མང་པོས་ཚན་རིག་གི་ལྟ་ཚུལ་དེ་ཚོ་ཚོད་གཞག་དང་རྣམ་གཞག་ནས་མཐར་ཁྲིམས་ཀྱི་ཕྱོགས་སུ་ཡོངས་སུ་རྫོགས་པར་ཡིད་ཆེས་བྱས་ཀྱི་ཡོད། ཨ་རིའི་སྲིད་འཛིན་ཟུར་པ་ཞིག་གིས་ཁོང་འཕེལ་འགྱུར་གྱི་ལྟ་ཚུལ་ལ་དཀའ་ངལ་མེད་ལུགས་དེ་ཡང་དེ་ནི་རྣམ་གཞག་གཅིག་རྐྱང་ཡིན་པའི་རྒྱུ་ཚན་དུ་བྱས་ནས་བཤད་པ་དེས་ཁོང་གི་ཚན་རིག་གི་གོ་ནོར་ལེན་ཚུལ་སྟོན་པ་རེད། སྲིད་འཛིན་ཁོང་གི་ནོར་འཁྲུལ་ཅན་གྱི་གཏམ་བཤད་དེས་རྟོག་སྒྲུང་འདིའི་རྙིང་པོ་ཡིན། དེ་ཡང་ལྟ་ཚུལ་ཞིག་ལ་ཁྲིམས་ཆགས་ཚུལ་ཀྱི་གནས་བབས་མ་ཐོབ་བར་དུ་ལྟ་ཚུལ་དེར་བརྩི་འཇོག་བྱེད་དགོས་པའི་བརྩི་འཇོག་བྱེད་ཀྱི་མ་རེད།
རྟོག་སྒྲུང་འདིའི་ནང་ལྷན་སྐྱེས་སུ་ཡོད་པའི་ནོར་འཁྲུལ་ཅན་གྱི་རིམ་བྱུང་གི་རང་བཞིན་གྱིས་བཟོས་པའི་དཀའ་ངལ་ནི་རྣམ་གཞག་དང་ཁྲིམས་རྣམས་ཤེས་བྱའི་རིགས་མི་འདྲ་བ་ཡིན་པ་དེ་རེད། ཁྲིམས་དང་རྣམ་གཞག་གཉིས་ལ་འབྲེལ་བ་ཡོད་པ་ཅི་ནས་སྨྲོས། ཡིནའང་མངོན་སུམ་གྱི་དཔང་རྟགས་ག་ཚོད་མང་པོ་སྤུངས་པ་ཡིན་རུང་གཅིག་ཤོད་དེ་གཞན་དེར་མི་འགྱུར། ཁྲིམས་དེ་ཚོ་རང་འབྱུང་གི་སྤྱི་བཤད་དང་། སྤྱི་ཁྲིམས། ཡང་ན་བཀོད་དཔེ་ཡིན་པ་དང་། རྣམ་གཞག་རྣམས་སྤྱི་བཤད་དེ་ཚོའི་འགྲེལ་བཤད་ཡིན། ༼རོ་ཌེ་སི་ དང་ ཤེ་བྷལ། ༡༩༨༩ Rhodes & Schaible, 1989; ཧོ་མར་ དང་ རུབ་བྷ། ༡༩༧༩ Homer & Rubba, 1979; ཁེམ་བེལ། ༡༩༥༣ Campbell, 1953༽ སྐབས་ཁྲལ་དུ་ནིའུ་ཊོན་གྱིས་ཞིབ་ཚགས་ཀྱིས་ཐོག་ནས་གདོས་ཚད་དང་རྒྱང་ཐག་གཉིས་དངོས་པོ་ཕན་ཚུན་བར་གྱི་འཐེན་ཤུགས་དང་འབྲེལ་བར་འགྲེལ་བཤད་རྒྱག་པ་དེས་ང་ཚོས་འཐེན་ཤུགས་ཀྱི་གཏན་ཁྲིམས་བེད་སྤྱོད་བྱས་ནས་མཁའ་དབྱིངས་བསྐོར་བསྐྱོད་ཀྱི་འཆར་གཞི་སྒྲིག་ཐུབ། ཨེ་པོ་ལོ་ ༨ པའི་འགྲུལ་བཞུད་སྐབས་སུ་མཁའ་དབྱིངས་འཕུར་སྐྱོད་པ་ བིལ་ ཨེན་ཌ་ར་སེ་ ཡིས་མཁའ་དབྱིངས་འཕུར་སྐྱོད་ཀྱི་གནམ་གྲུ་སུས་གཏོང་གི་འདུག་གམ་འདྲི་བར་ཁོང་གིས་ ངོས་ཀྱི་བསམ་པར་ད་ལྟའི་ཆར་གཏོང་ཡས་ཀྱི་ཤུགས་ལས་མང་ཆེ་བ་ ཨ་ཡི་སེཁ་ ནིའུ་ཊོན་གྱིས་བྱེད་ཀྱི་འདུག ཅེས་ཡ་ལན་བྱས། ༼ཆ་ཡེ་ཀིན་ Chaikin, ༡༩༩༤ ཤོག་གྲངས། ༡༢༧༽ ཁོང་གི་ཡ་ལན་དེར་ཚང་མས་གོ་བ་ལེན་ཚུལ་དེ་ཡང་ འཕུར་སྐྱོད་གནམ་གྲུ་དེ་ལོ་མང་བརྒྱ་ཕྲག་ཁ་ཤས་སྔོན་ ཨ་ཡི་སེཁ་ ནིའུ་ཊོན་ གྱིས་འགྲེལ་བཤད་བྱས་པའི་དངོས་ཁམས་ཚན་རིག་གི་གཞི་རྩའི་གཏན་ཁྲིམས་ཙམ་རྗེས་དེད་བྱས་ཀྱི་ཡོད་པར་གོ་བ་རེད།
ཁྲིམས་དེ་དག་གི་བྱ་བ་འདི་ལྟར་བྱེད་དགོས་པའི་རྒྱུ་ཚན་གྱི་འགྲེལ་བཤད་དེ་ནི་འཐེན་ཤུགས་དང་འབྲེལ་བའི་གནད་དོན་དེ་མི་མང་པོས་དཀའ་རྙོག་དང་དོ་དབྱིངས་ཆེ་བ་ཞིག་ཡིན་པར་བཤད། སྐབས་ཐོག་ཏུ་ང་ཚོར་ཁས་ལེན་ཡང་དག་ཐུབ་པའི་འཐེན་ཤུགས་ཀྱི་རྣམ་གཞག་མེད། དངོས་ཁམས་ཚན་རིག་པ་འགའ་རེས་འཐེན་ཤུགས་ཀྱི་རླབས་དེ་ཚོས་འཐེན་ཤུགས་ཀྱི་ཁྲིམས་ལ་འགྲེལ་བཤད་ཡང་དག་རྒྱབ་ཀྱི་ཡོད་པའི་བསམ་ཚུལ་འདོན་ཡོད། ཡིནའང་ངེས་བརྟན་དང་མང་མོས་ཀྱི་མོས་མཐུན་གསལ་པོ་མ་འདང་བར་བརྟེན་མང་ཆེ་ཤོས་ཀྱིས་འཐེན་ཤུགས་ཀྱི་རྣམ་གཞག་གིས་ད་དུང་ཚན་རིག་ལ་གཟུར་གཡོལ་བྱས་ཀྱི་ཡོད་པའི་ཚོར་བ་ཡོད། དོ་དབྱིངས་ཆེ་བ་ཞིག་ལ་ནིའུ་ཊོན་གྱིས་འཐེན་ཤུགས་དང་འབྲེལ་བའི་རྣམ་གཞག་དང་ཁྲིམས་གཉིས་ཀྱི་བར་ཁྱད་པར་གླེང་སློང་བྱེད་ཡོད། ཁོང་གིས་འཐེན་ཤུགས་ཀྱི་ཁྲིམས་འཚོལ་རྙེད་ཐུབ་པ་ཡིན་རུང་དེའི་རྒྱུ་རྐྱེན་མང་ཚོགས་སར་འཆར་སྒོ་འདོན་པར་འཛེམ་སོན་བྱས་པ་རེད། གཙོ་ཆེ་ཤོས་སུ་ནིའུ་ཊོན་གྱིས་འདི་ལྟར་ ངོས་ཀྱིས་རང་འབྱུང་གི་སྣང་ཚུལ་ལས་འཐེན་ཤུགས་ཀྱི་ཁྱད་ཆོས་དེ་དག་གི་རྒྱུ་རྐྱེན་འཚོལ་རྙེད་ཐུབ་པ་མ་བྱུང་ལ་ཚོད་གཞག་ཀྱང་བཟོས་མེད་ཅེས་དང་། ཡང་འཐེན་ཤུགས་ནི་དངོས་ཡོད་གནས་ཚུལ་ལ་གནས་ཡོད་པ་དེ་རང་གི་འགྲིགས་པ་དང་། ང་ཚོས་འགྲེལ་བཤད་བྱས་པའི་ཁྲིམས་གཞིར་ཟུང་གི་བྱེད་ལས་བྱས། ༼ནིའུ་ཊོན། ༡༧༢༠།༡༩༤༦ ཤོག་གྲངས་༥༤༧༽
རྟོག་སྒྲུང་གཉིས་པ། ཚོད་གཞག་ནི་ཤེས་ཡོན་པ་ཚོས་ཚོད་དཔག་ཡིན།
ཚོད་གཞག་ཅེས་པའི་ཐ་སྙད་དེའི་ཚིག་དོན་ཚན་རིག་འཛིན་གྲྭའི་ནང་སྔགས་གསོག་ལྟ་བུའི་རང་ཉིད་ཀྱི་ཚེ་སྲོག་ཐོགས་ཐུབ་པ་བྱུང་ཡོད། གལ་སྲིད་སློབ་ཕྲུག་ཚོས་ཁྱད་པར་དུ་ནན་བརྗོད་བྱས་པ་ལྟར་ཚོད་གཞག་དེ་དུས་རྟག་ཏུ་ཤེས་ཡོན་པ་ཚོས་ཚོད་དཔག་ཡིན་ན་ག་རེའི་ཐོག་ཤེས་ཡོན་པ་ཚོས་ཚོད་དཔག་བྱས་སམ་ཞེས་པའི་དྲི་བ་འདི་ལྷག་ཡོད། དྲི་བ་འདིའི་ལན་ཡག་ཤོས་འདི་ཡིན་དགོས། དེ་ཡང་ཚིག་དེ་བེད་སྤྱོད་བྱེད་རྒྱུའི་འབྲེལ་ཆགས་དེ་གསལ་པོ་ཞིག་མ་མཐོང་བར་ང་ཚོས་དེ་ནམ་ཡང་བཤད་མི་ཐུབ།ཚོད་གཞག་ཅེས་པའི་ཐ་སྙད་དེར་ཉུང་མཐར་ཚིག་དོན་གསུམ་ཡོད། དེའི་རྒྱུ་མཚན་དུ་བྱས་ནས་དེ་འདོར་དགོས་པ་དང་། ཡང་ན་མ་མཐར་དོགས་ཟོན་གྱི་བེད་སྤྱོད་བྱས་དགོས། སྐབས་ཁྲལ་དུ་ནིའུ་ཊོན་གྱིས་འཐེན་ཤུགས་ཀྱི་རྒྱུ་རྐྱེན་གྱི་སྒང་ལ་ཚོད་གཞག་བཟོས་མེད་བཤད་དུས་ཁོང་གིས་འཐེན་ཤུགས་ཀྱི་ཁྲིམས་ག་རེ་བྱས་ནས་འདི་ལྟར་བྱེད་ལས་བྱས་པའི་འགྲེལ་བཤད་ཀྱི་འཆར་སྒོ་མེད་ཚུལ་ཤོས་ཀྱི་ཡོད། གནད་དོན་འདིའི་སྐབས་སུ་ནིའུ་ཊོན་གྱིས་དུས་ལ་མ་བབས་པའི་རྣམ་གཞག་མཚོན་བྱེད་དུ་ཐ་སྙད་ཚོད་གཞག་ཅེས་པ་དེ་བེད་སྤྱོད་བྱས་པ་རེད།
ཚོད་གཞག་གི་དཀའ་རྙོག་སེལ་ཐབས་སུ་སོན་ལིཊ་ནར་ ༼༡༩༨༩༽ གྱིས་གཏན་འབེབས་མ་ཟིན་པའམ་ཚོད་ལྟའི་ཁྲིམས་དེ་དག་སྤྱི་མཚན་གྱི་ཚོད་གཞག་དུ་འཇོག་པ་དང་། འཕྲལ་སེལ་གྱི་རྣམ་གཞག་རྣམས་དོན་འགྲེལ་ཚོད་གཞག་ཏུ་གོ་ཆོག་པའི་བསམ་ཚུལ་སྟོན་ཡོད། ལངས་ཕྱོགས་གཞན་ཞིག་དེ་ཚོད་གཞག་ཀྱི་ཐ་སྙད་དེ་ཡོངས་སུ་དོར་ནས་འཆར་སྒོའི་ཁྲིམས་སམ་འཆར་སྒོའི་རྣམ་གཞག་ལྟ་བུའི་ཐ་སྙད་ཀྱི་ཕྱོགས་སུ་རྒྱབ་སྐྱོར་བྱས་པ་དེ་ཡིན། དཔང་རྟགས་ཟུང་གི་སྤྱི་མཚན་ཚོད་གཞག་དེ་དག་ཁྲིམས་དང་། འཆར་སྒོའི་རྣམ་གཞག་དེ་དག་རྣམ་གཞག་ལ་གྱུར་བ་ཡིན་ནའང་གནས་སྟངས་གང་ནའང་རྣམ་གཞག་དེ་དག་ཁྲིམས་ལ་གྱུར་བ་མེད། མཐའ་མ་དེར་སློབ་ཕྲུག་རྣམས་ལ་བརྟག་དཔྱད་ཁང་གི་ཉམས་མྱོང་གསོག་པའི་གནས་སྐབས་སུ་ཚོད་གཞག་ཅིག་གི་གྲོས་འཆར་འདོན་རོགས་ཞུས་པ་ཡིན་ན་དེ་སྐབས་ཐ་སྙད་དེ་སྔོན་དཔག་ཅིག་ལ་གོ། དངོས་ཡོད་དུ་སྔོན་བརྡ་ཡིན་པའི་ཚོད་གཞག་དེ་ཚོར་སྔོན་དཔག་ཅེས་ཟེར་འདུག་ན་དེ་ལྟར་བརྗོད་ན་ཡིན་ཤས་ཆེ།
རྟོག་སྒྲུང་གསུམ་པ། སྤྱི་དང་ཡོངས་ཁྱབ་ཀྱི་ཚན་རིག་གི་ཐབས་ལམ་གནས་ཡོད་པ་རེད།
དམའ་རིམ་མཐོ་སློབ་ཀྱི་ཚན་རིག་སློབ་དེབ་མང་ཆེ་བའི་ངོ་སྤྲོད་སློབ་ཚན་དེ་ཚོའི་ནང་དུ་མངོན་པའི་ཐོ་གཞུང་འཁོད་པ་དེ་དག་ལ་གཞིགས་ན་ཉམས་ཞིབ་ཚན་རིག་པ་ཚང་མས་ཐུན་མོང་གི་གོམ་པ་རིམ་པ་བསྟར་ཆགས་རྗེས་དེད་བྱས་པའི་བསམ་ཚུལ་དེ་ནི་ཚན་རིག་གི་རྟོག་སྒྲུང་ཁྱབ་གདལ་ཆེ་ཤོས་ཡིན་སྲིད། རྟོག་སྒྲུང་དེ་རྣམ་གྲངས་རིག་པ་སྨྲ་བ་ ཀརླ་ པི་ཨར་སན་གྱིས་སྟོན་པ་ནས་བཟུང་སློབ་གྲྭའི་ཚན་རིག་གི་གནའ་གཏམ་གྱི་ཆ་ཤས་སུ་འགྱུར་ཡོད། ཚན་རིག་གི་ཐབས་ཚུལ་གྱི་ཆེད་དུ་གོམ་རིམ་བཀོད་པ་དེ་ཚོ་སློབ་དེབ་ནས་སློབ་དེབ་དབར་མི་འདྲ་ནའང་སྤྱིར་བཏང་ནས་གོ་རིམ་འདི་ལྟར་འཁོད་ཡོད། ཀ༽ དཀའ་གནད་ལ་འགྲེལ་བཤད་བྱས་པ། ཁ༽ རྒྱབ་སྦྱོང་གི་གནས་ཚུལ་སྒྲུག་པ། ག༽ ཚོད་གཞག་སྒྲུབ་པ། ང༽ བརྟག་ཞིབ་བྱས་པ། ཅ༽ ཚོད་གཞག་ལ་ཚོད་ལྟ་བྱས་པ། ཆ༽འཇུག་བསྡོམས་རྒྱག་པ། སློབ་དེབ་ཁ་ཤས་ཀྱིས་འགྲུབ་འབྲས་ཕན་ཚུན་གྱི་འབྲེལ་བ་དེ་མཐའ་མའི་ཆ་ལག་ཏུ་བཀོད་ནས་དེ་དག་གི་ཚན་རིག་གི་ཐབས་ཚུལ་གྱི་གོ་རིམ་གྱི་ཐོ་གཞུང་དེ་འཇུག་བསྡུ་བར་བྱས།ཡོངས་གྲགས་ཚན་རིག་གི་སེལ་ཐབས་ནང་དུ་དར་ཁྱབ་ཏུ་ཕྱིན་པའི་ཡིད་ཆེས་ཀྱི་རྒྱུ་མཚན་གཅིག་དེ་ནི་ཞིབ་འཇུག་གི་དུས་དེབ་ནང་དུ་གྲུབ་འབྲས་རྣམས་ཀྱི་དཔར་སྐྲུན་བྱེད་ཚུལ་དེ་ཡིན་སྲིད། རྣམ་པ་ཚད་ཅན་དེ་དག་གིས་ཚན་རིག་པ་ཚོས་ཞིབ་འཇུག་གི་འཆར་བཀོད་ཚད་ཅན་ཞིག་རྗེས་འདེད་བྱེད་ཀྱི་ཡོད་པར་སྣང་དུ་བཅུག མེ་དཱ་ཝར་ Medawar ༼༡༩༩༠༽ གྱིས་ཚན་རིག་གི་རྩོམ་ཤོག་དེ་དག་བཅོས་མ་ཞིག་ཡིན་པར་བཤད་ནས་ཞིབ་འཇུག་གི་རྩོམ་ཤོག་དེ་ཚོས་ཐུན་མོང་གི་རྣམ་པ་སྟོན་པར་ཡ་ལན་སྤྲད་ཡོད། དེས་ན་དུས་དེབ་ཀྱི་མཐའ་སྡོམ་གྱི་སྙན་ཐོས་དངོས་ཡོད་དུ་དཀའ་གནད་ཀྱི་འཚོལ་ཞིབ་བྱ་ཚུལ་གྱི་འཆར་ཟིན་རེ་འགའ་ཙམ་ལས་སྟོན་གྱི་མེད།
ཚན་རིག་གི་ལྟ་གྲུབ་རིག་པ་བ་རྣམས་ཀྱིས་ལས་ལ་བཞུགས་པའི་ཚན་རིག་པ་རྣམས་ལ་ཞིབ་འཇུག་བྱས་པའི་བརྒྱུད་ འཇིག་རྟེན་ཀུན་ཁྱབ་ཏུ་ལག་ལེན་སྐྱེལ་བའི་ཞིབ་འཇུག་གི་ཐབས་ཚུལ་ཅི་ཡང་མེད་པ་ར་སྐྲོད་བྱེད་ཡོད། ༼ཁཱེ་རི་ Carey ༡༩༩༤; གྷིསྦ་སི་དང་ལོ་ཝ་སན་ Gibbs & Lawson ༡༩༩༢; ཆཱལ་མར་སི་ Chalmers ༡༩༩༠; གྷཊ་སེན་ Gjertsen༡༩༨༩༽ ཚན་རིག་གི་ཐབས་ཚུལ་རྐྱང་པ་གཅིག་རང་ཡོད་པའི་བསམ་ཚུལ་དེ་ཁྱབ་གདལ་ཤིན་ཏུ་ཆེ་བའི་སློབ་ཕྲུག་མང་པོས་ཚན་རིག་པ་ཚོར་ཚན་རིག་གི་ཐབས་ཚུལ་གྱི་རིམ་པ་བརྟག་དཔྱད་ཁང་གི་ལས་ཁྲི་རེ་རེའི་སྟེང་ཡར་མཐོན་པོོར་སྦྱོར་བའི་དཔར་བཤུས་ཀྱི་སྒྲོམ་གཞི་ཞིག་མེད་པ་ཤེས་ཚེ་བློ་ཕམ་བྱུང་བར་ངེས་པ་ཡིན་ཤེས་ཆེ།
རྟོག་ཞིབ་ཟབ་པོ་བྱེད་པ་ཡིན་ན་ཚན་རིག་པ་ཚོས་འཆར་སྣང་དང་། རིག་པའི་རྩལ། སྔོན་གྱི་ཤེས་བྱ། སྙུགས་རུས་བཅས་དང་འབྲེལ་ནས་དཀའ་གནད་སེལ་ཐབས་དང་ལངས་ཕྱོགས་འཁྱེར་ཚུལ་གསལ་སྟོན་བྱེད། དེ་དག་ནི་དཀའ་གནད་སེལ་མཁན་ཚང་མའི་བེད་སྤྱོད་བྱས་པའི་ཐབས་ཚུལ་དང་གཅིག་མཚུངས་སུ་ཡིན་པ་གདོན་མི་ཟ། སྦྱང་དགོས་པའི་ནང་དོན་གྱི་བསླབ་བྱ་ནི་ཚན་རིག་དེ་མགོ་རྙོག་རྟོག་ཞིབ་བྱེད་སྐབས་འགྲོ་བ་མིས་འབད་རྩོལ་གཞན་དང་མི་འདྲ་བ་མིན། སྟབས་ལེགས་པ་ཞིག་ལ་ཚན་རིག་གི་ཐབས་ཚུལ་གྱི་གྲོས་བསྡུར་ལ་ངོས་ལེན་རྒྱབ་སྐྱོར་བྱས་པའི་ཕྱིར་དུ་སློབ་དེབ་གསར་པ་མང་པོས་ཟིན་ཐོ་དེ་དག་སྐྱུར་བའམ་ཁ་སྣོན་རྒྱབ་བཞིན་ཡོད་པས་ན་རྟོག་སྒྲུང་གཅིག་པུ་འདི་མཐའ་འཇུག་ཏུ་རང་གནས་ནས་འབུད་སྲིད་པ་ཡིན།
རྟོག་སྒྲུང་བཞི་པ། ཟབ་ཟབ་ངང་དཔང་རྟགས་བསྡུ་རུབ་བྱེད་པ་དེས་ཡིད་བརྟན་འཕེར་བའི་ཤེས་བྱ་སྐྲུན།
ཚན་རིག་པ་ཚོ་ཚུད་པའི་རྟོག་ཞིབ་པ་ཚང་མས་བྱེ་བྲག་ནས་སྤྱི་དཔོག་པའི་རྒྱུན་རིམ་རྒྱུད་ནས་མངོན་སུམ་གྱི་དཔང་རྟགས་བསྡུ་རུབ་དང་གོ་དོན་འགྲེལ་བཤད་བརྒྱབས་ཀྱི་ཡོད། དེ་ནི་གཏན་ཁྲིམས་ཤིག་གསར་རྙེད་མ་ཐུབ་ཀྱི་བར་དུའམ་རྣམ་གཞག་ཞིག་གསར་བཟོ་མ་བྱེད་ཀྱི་བར་དུ་དཔང་རྟགས་དུམ་ཚན་རེ་རེ་བསྡུ་རུབ་བྱེད་པ་དང་ཞིབ་འཇུག་བྱེད་པའི་དཔྱད་ཐབས་ཤིག་ཡིན། དཔྱད་ཐབས་འདི་བེད་སྤྱོད་ཡོད་རུང་བྱེད་བྲག་ནས་སྤྱི་དཔག་པའི་དཀའ་གནད་ཅེས་པ་དེའི་རྒྱུ་མཚན་དུ་བྱས་ནས་དཔང་རྟགས་ཀྱི་གྲུབ་ཆའི་གཙོ་བོ་དེ་དག་གིས་ཤེས་བྱ་ཚད་མ་བསྐྲུན་ཐུབ་པའི་འགན་ལེན་བྱས་མི་ཐུབ།བྱེ་བྲག་ནས་སྤྱི་དཔོག་ཚུལ་དེ་ཐོག་མར་དུས་རབས་༡༧ ནང་ ཧྥ་རན་སི་སི་ སྦེ་ཁོན་ གྱིས་ལམ་སྲོལ་འཛུགས། ཁོང་གི་དེབ་ ནོ་ཝམ་ ཨོར་གཱེ་ནམ་ (༡༦༢༠/༡༩༥༢) ནང་དུ་སྦེ་ཁོན་གྱིས་མཇུག་སྡོམ་ཞིག་སླེབས་པར་ཕྱོགས་ལྷུང་མེད་པར་དངོས་ཡོད་གནས་ཚུལ་མཉམ་བསྲེས་གཏོང་དགོས་པར་སློབ་སྟོན་བྱས་ཡོད། ཁོང་གིས་བསམ་འཆར་འདོན་པའི་བྱེ་བྲག་ནས་སྤྱི་དཔོག་ཚུལ་གྱི་ཐབས་ལམ་ཞིག་ནི་སྔོན་དཔག་ཡོང་ཆོག་པའི་འགྲོ་བ་མིས་ལམ་སྲོལ་རྒྱུད་ནས་སྤྱི་བསྐྲུན་ཚུལ་གྱི་ཐབས་ལམ་གཙོ་བོ་དེ་ཡིན། བྱས་ན་བྱེ་བྲག་ནས་སྤྱི་དཔོག་ཚུལ་ལ་དཀའ་གནད་ག་རེ་ཡོད་དམ།
གནས་སྟངས་བྱེ་བྲག་པ་ཞིག་ལ་གཏོགས་པའི་རྟོག་ཞིབ་ཡོངས་རྫོགས་རྟོགས་རྒྱུ་ནི་མི་སྲིད་པ་ཞིག་དང་འདས་མ་ད་གསུམ་གྱི་དུས་ཐམས་ཅད་ཀྱི་ཐོག་འབྲེལ་ཡོད་ཀྱི་དངོས་ཡོད་གནས་ཚུལ་ཐ་དག་སྒྲུག་ཐབས་བྱས་པ་ཡང་དོན་མེད་རྒྱུ་མཚན་མེད་པ་ཞིག་ཀྱང་ཡིན། དེ་ལྟར་ནའང་དུས་ཐམས་ཅད་བརྒྱུད་ནས་འབྲེལ་ཡོད་ཀྱི་རྟོག་ཞིབ་ཡོངས་རྫོགས་བྱས་ཐུབ་ཚེ་མཐའ་མཇུག་གི་མཇུག་སྡོམ་ཚད་མ་ཞིག་སྒྲུབ་ཐུབ་པར་བཤད་ཐུབ། འདི་ནི་བྱེ་བྲག་ནས་སྤྱི་དཔོག་ཚུལ་གྱི་དཀའ་གནད་དེ་ཡིན། མི་གང་ཟག་སྒེར་ཞིག་གི་གནས་བབས་ལ་དཀའ་གནད་དེའི་ཤུགས་རྐྱེན་ཆུང་ཆུང་ཞིག་ལས་མེད་རུང་ཚན་རིག་གི་ནང་དུ་དཀའ་གནད་དེ་གནད་དགག་ཆགས་ཡོད། ཚན་རིག་པ་ཚོས་གནས་སྐབས་ཐམས་ཅད་དང་དུས་ཐམས་ཅད་དུ་ངེས་པའི་གཏན་ཁྲིམས་དང་རྣམ་གཞག་བཟོ་སྒྲིག་བྱས་ནའང་བྱེ་བྲག་ནས་སྤྱི་དཔོག་ཐབས་ཀྱི་དཀའ་གནད་དེས་དེ་ལྟ་བུའི་ཁག་ཐེག་མི་སྲིད་པ་ཞིག་ཏུ་བསྒྱུར་གྱི་ཡོད།
དངོས་ཡོད་གནས་ཚུལ་དེ་དག་དེ་དང་འབྲེལ་ཡོད་ཀྱི་དངོས་ཡོད་གནས་ཚུལ་གཞན་གྱི་ཐོག་ཏུ་སྤུངས་པའི་སྒོ་ནས་བྱེ་བྲག་ནས་སྤྱི་དཔོག་ཚུལ་རྒྱུད་གཏན་ཁྲིམས་གསར་པ་ཞིག་གི་གྲོས་འཆར་འདོན་གྱི་ཡོད། སྤྱི་ནས་བྱེ་བྲག་དཔོག་ཚུལ་དེ་གཏན་ཁྲིམས་ཤིག་འཐད་ལྡན་ཡིན་མིན་དཔྱད་ཚུལ་ལ་བེད་སྤྱོད་བྱས་ཀྱི་ཡོད། དཔེར་ན། གལ་སྲིད་ང་ཚོས་ངང་པ་ཚང་མ་དཀར་པོ་ཡིན་པའི་དགོས་འདུན་འདོན་ན། ང་ཚོས་རྗེས་ཀྱི་ངང་པ་རྙེད་པ་དེ་དཀར་པོ་རང་ཡིན་དགོས་པའི་སྔོན་དཔག་བྱས་ཏེ་གཏན་ཁྲིམས་དེས་དཔྱད་ཞིབ་བྱེད་ཐུབ། གལ་སྲིད་དེ་བདེན་ན་གཏན་ཁྲིམས་ལ་རྒྱབ་སྐྱོར་བྱེད་ནའང་ཁུངས་སྐྱེལ་བྱེད་མེད་པ་ཡང་ཚན་རིག་གི་རྟོག་སྒྲུང་གཞན་གྱི་གྲོས་བསྡུར་བྱེད་པའི་ནང་དུ་མངོན་ཐུབ། ངང་པ་ནག་པོ་རྐྱང་པ་གཅིག་སྟོན་ཐུབ་ཚེ་གཏན་ཁྲིམས་དེ་ཚད་ལྡན་ཡིན་མིན་གྱི་དྲི་བའི་རྒྱུ་རྐྱེན་དུ་སློང་བར་བྱས།
བྱེ་བྲག་ནས་སྤྱི་དཔོག་ཚུལ་གྱི་རང་བཞིན་ཁོ་རང་རྟོག་སྒྲུང་འདི་དང་འབྲེལ་བའི་རྣམ་པ་ལྟ་ཚུལ་བློ་ལ་འཐད་པ་གཞན་ཞིག་ཡིན། གལ་སྲིད་ང་ཚོས་བྱེ་བྲག་ནས་སྤྱི་དཔོག་ཚུལ་གྱི་དཀའ་གནད་དག་ཡུད་ཙམ་གྱི་རིང་ཕར་ལ་བཞག་པ་ཡིན་ན་ཡང་ད་དུང་ཚན་རིག་པ་ཚོས་དཔང་རྟགས་ཀྱི་འདུས་ཚོགས་ནས་མཇུག་བསྡོམ་གྱི་གོམ་པ་མཐའ་མ་ཇི་འདྲ་བྱས་ནས་སྤོ་རྒྱུའི་གནད་དོན་དེ་ལྷགས་ཡོད། བྱེ་བྲག་ནས་སྤྱི་དཔོག་ཚུལ་གྱི་ཡང་དག་པའི་ལྟ་ཚུལ་ཞིག་གི་ནང་དུ་ཕུང་གསོག་གི་དཔང་རྟགས་ཀྱིས་རྒྱུད་རིམ་མམ་བཀོལ་སྤྱོད་འགྲོ་ལུགས་བརྒྱུད་དེ་གཏན་ཁྲིམས་སམ་རྣམ་གཞག་གསར་པ་ཞིག་བསྐྲུན་རྒྱུའི་གྲུབ་འབྲས་སྟབས་བདེའི་ངང་ཐོན་དུ་བཅུག དངོས་ཡོད་གནས་ཚུལ་ལ་དེ་ལྟ་བུའི་ཐབས་ཚུལ་མེད། གནད་དོན་འདི་དེ་ལས་ཞེ་དྲག་གི་མགོ་རྙོག་ཚ་བ་དང་དོ་དབྱིངས་ཆེ་བ་ཡིན། དཔང་རྟགས་ནས་ཚན་རིག་གི་ཤེས་བྱའི་ཕྱོགས་སུ་བློ་རྩལ་ཆེ་བའི་གོམ་པ་མཐའ་མ་དེ་ནི་ཚན་རིག་གི་རྟོག་སྒྲུང་གཞན་གྱི་དམིགས་གཞི་ཡིན།
རྟོག་སྒྲུང་ལྔ་པ། ཚན་རིག་དང་དེའི་ཐབས་ཚུལ་གྱིས་ཚད་ཐུབ་ཀྱི་ཁུངས་སྐྱེལ་མཁོ་སྤྲོད་བྱས།
ཚན་རིག་གི་རྩོལ་བའི་སྤྱིའི་གྲུབ་འབྲས་སོན་པ་དག་གིས་དེའི་འབྲས་བུ་ཚད་མ་ཡིན་དགོས་པའི་བསམ་ཚུལ་འདོན་གྱི་ཡོད། དེ་ལྟར་ནའང་ཚན་རིག་གི་ཤེས་བྱའི་སྤུད་ཚད་ལེགས་རྟགས་ཤིག་ནི་གནས་ཚུལ་གསར་པ་ཐོན་དུས་དེར་བསྐྱར་ཞིབ་ཐུབ་པ་ཡིན། ཚན་རིག་དེ་ཤེས་བྱ་རྣམ་གྲངས་གཞན་དང་ལོགས་སུ་དབྱེ་བའི་གནད་དོན་ཞིག་ནི་ཚོད་ལྟའི་གོམས་བགྲོད་དེ་ཡིན། ཕུང་གསོག་གི་དཔང་རྟགས་ཀྱིས་གཏན་ཁྲིམས་སམ་རྣམ་གཞག་ཞིག་གི་རྒྱབ་སྐྱོར་བྱེད་པ། འཐད་ལྡན་བཟོས་པ་དང་། ཡོད་པར་སྒྲུབ་ཐུབ་པ་ཡིན་ནའང་གཏན་ཁྲིམས་དང་རྣམ་གཞག་དེ་དག་བདེན་པ་ཡིན་པའི་ཁུངས་སྐྱེལ་ནམ་ཡང་བྱེད་མི་ཐུབ། ཧོ་མར་དང་རུ་སྦ་ Homer and Rubba (༡༩༧༨) དང་ ལོ་པན་ཤིན་སི་ཀི་ Lopnshinsky (༡༩༩༣) རྣམ་པས་བསམ་ཚུལ་འདི་འདོན་གནང་ཡོད།བྱེ་བྲག་ནས་སྤྱི་དཔོག་ཚུལ་གྱི་དཀའ་གནད་ཀྱིས་ཚན་རིག་གི་ཁུངས་སྐྱེལ་ལ་དགག་པ་རྒྱག་གི་ཡོད་ནའང་རྟོག་སྒྲུང་འདིའི་གྲུབ་ཆ་གཞན་ཞིག་ཡོད་པ་དེར་འཚོལ་ཞིབ་བྱེད་ན་དགེ་མཚན་ཆེ། དངོས་ཡོད་དུ་བསམ་ཚུལ་ཞིག་འཁྲུལ་བ་གྲུབ་པ་ན་ཚན་རིག་གིས་མཇུག་སྡོམ་གྱི་ཤེས་བྱ་ངོ་མ་ཁོ་ན་དེ་བསྐྲུན་གྱི་ཡོད། དེའི་གོ་དོན་ནི་འདི་ལྟར་ཏེ་ཚན་རིག་གི་ལྟ་ཚུལ་ཅི་འདྲ་ཞིག་ཆ་འཇོག་བྱས་ནའང་ནམ་ཞིག་དཔང་རྟགས་གསོག་སྒྲུབ་བྱེད་ཚེ་ང་ཚོས་ཉུང་མཐར་ཡང་བསམ་ཚུལ་དེ་མི་བདེན་པ་ཡིན་པར་ཤེས། སྔོན་གྱི་གྲོས་བསྡུར་བྱས་པའི་ངང་པ་དཀར་པོའི་དཔེ་ལ་ཆ་གཞོག་དང་། རང་ཉིད་ཀྱིས་འཛམ་བུ་གླིང་ལ་འཚོལ་ཞིབ་བྱས་ནས་ངང་པ་དཀར་པོ་ཁོ་ན་མཐོང་སྟེ་ངང་པ་ཚང་མ་དཀར་པོ་རེད་ཅེས་པའི་སྤྱི་བཤད་ཐོག་ཏུ་བབས་ཀྱི་ཡོད། དེ་ལྟར་ནའང་ངང་པ་ནག་པོ་གཅིག་གསར་རྙེད་བྱུང་བ་ན་གཏན་འབེབས་བྱུང་བའི་རང་བྱུང་གི་གཏན་ཁྲིམས་འདི་མགོ་རྟིང་སློག་པའི་ནུས་པ་ལྡན་པའམ་དམའ་མཐར་ཡང་སྒྱུར་བཅོས་གཏོང་བའི་རྒྱུ་སྒྲུབ་ཐུབ། གང་ལྟར་ཡང་ཚན་རིག་པ་ཚོས་རྒྱུན་ལྡན་དུ་ཁོ་རང་ཚོས་ལྟ་ཚུལ་འཁྲུལ་བ་སྒྲུབ་ཐབས་བྱེད་རུང་ཡང་ན་ཚན་རིག་པས་སེམས་འགུལ་ཐེབས་པར་འགལ་འདུའི་དཔང་རྟགས་ག་ཚོད་དགོས་མིན་སོགས་ཀྱི་གནད་དོན་རྣམས་ལ་འཚོལ་ཞིབ་བྱེད་ན་དགེ་མཚན་ཆེ།
རྟོག་སྒྲུང་དྲུག་པ། ཚན་རིག་ནི་རིག་རྩལ་ལས་རྒྱུད་རིམ་གྱི་འཕྲོད་དུ་མང་།
ང་ཚོས་ཚན་རིག་གི་བྱས་རྗེས་ཐོག་ལ་ཚན་རིག་གི་ཡིད་བརྟན་འཕེར་བའི་ཐབས་ཚུལ་རྐྱང་པ་ཞིག་གི་རྒྱུ་རྐྱེན་སྒྲུབ་མི་ཐུབ་པ་ཁས་ལེན་བྱས་ཀྱི་ཡོན་ནའང་ང་ཚོས་བྱེ་བྲག་ནས་སྤྱི་དཔོག་ཚུལ་ཏེ། གཏན་ཁྲིམས་དང་རྣམ་གཞག་གི་ཆེད་དུ་རྒྱུ་ཆ་མཁོ་སྤྲོད་བྱེད་པའི་རྒྱུད་དངོས་ཡོད་གནས་ཚུལ་སྒེར་བྱེ་བྲག་པ་དེ་དག་འདུ་གསོག་བྱེད་པ་དང་འགྲེལ་བརྗོད་བྱེད་པ་དེ་ཚན་རིག་གི་རྩོལ་བ་ཕལ་ཆེ་བའི་གཞི་རྟེན་དུ་གནས་པར་རྟོགས་ཐུབ། དེ་ལྟ་བུའི་ཤེས་རྟོགས་ཀྱིས་འགལ་ཚིག་ཞིག་འདྲེན་གྱི་ཡོད། གལ་སྲིད་བྱེ་བྲག་ནས་སྤྱི་དཔོག་ཚུལ་དེ་ཁོ་རང་མཇུག་སྡོམ་དུ་སླེབས་རྒྱུའི་ཁག་ཐེག་ནུས་པའི་ཐབས་ཚུལ་ཞིག་མིན་པ་ཡིན་ན་ཚན་རིག་པ་ཚོས་བེད་སྤྱོད་ཡོད་པའི་གཏན་ཁྲིམས་དང་རྣམ་གཞག་ཇི་ལྟར་བྱས་ནས་ཡར་རྒྱས་གཏོང་ཐུབ་བམ།བྱེ་བྲག་ནས་སྤྱི་དཔོག་ཐབས་ཀྱིས་དངོས་ཡོད་གནས་ཚུལ་སྒེར་བྱེ་བྲག་པ་བེད་སྤྱོད་བྱས་ནས་དེ་དག་འདུ་གསོག་བྱས་པ་དང་། དཔྱད་ཞིབ། ཞིབ་འཇུག་ནང་བཀོལ་གྱི་ཡོད། རྟོག་ཞིབ་པ་ཁ་ཤས་ཀྱིས་ཟིན་ཐོ་དེ་ཚོར་བཀོད་པ་ཅིག་ཡོད་པར་སྣང་སྲིད་ལ་དེའི་ཡ་ལན་དུ་གཏན་ཁྲིམས་ཤིག་འདོན་ཆོག་པ་ཡིན། ཡིནའང་བཀོད་པ་དེའི་བསམ་ཚུལ་འདོན་པར་ཐབས་ལམ་རྒྱུ་མཚན་ལྡན་པ་དང་རྒྱུད་རིམ་ལྡན་པ་ཞིག་མེད། གནད་དོན་དེ་རྣམ་གཞག་ཅིག་དང་འབྲེལ་ན་གཅིག་མཚུངས་སུ་གནས་ཡོད། ཚན་རིག་པ་སྒེར་རང་གི་རྣམ་དཔྱོད་རིག་རྩལ་ཁོ་ནས་གཏན་ཁྲིམས་གསར་རྙེད་བྱེད་དུ་བཅུག་པ་དང་རྣམ་གཞག་གསར་བསྐྲུན་བྱེད་དུ་བཅུག གལ་སྲིད་ཚན་རིག་གི་ཐབས་ལམ་རྐྱང་པ་ཞིག་བདེན་དོན་དུ་ཡོད་ན་རིག་གནས་ཤིག་ལ་མཁས་མཉམ་ཡིན་པའི་སྒེར་གཉིས་ཀྱིས་དཔྱད་གཞི་གཅིག་ལ་བསྐྱར་ཞིབ་བྱས་ནས་མཇུག་སྡོམ་གཅིག་མཚུངས་ཡོང་དགོས་པ་ཡིན། རིག་རྩལ་གྱི་ཁྱབ་ཚད་དང་རང་བཞིན་ནི་གང་ཟག་སྒེར་གྱི་ཡོན་ཏན་ཡིན་པའི་རྒྱུ་མཚན་གྱིས་འདིའི་ཁག་ཐེག་འགན་ལེན་བྱེད་མི་ཐུབ།
སྟབས་མི་ལེགས་པ་ཞིག་ལ་ཐུན་མོང་གི་ཚན་རིག་སློབ་འཁྲིད་ཀྱི་སྦྱོང་བདར་དང་ཐབས་ལམ་མང་པོས་ཚན་རིག་གི་རྣམ་དཔྱོད་རིག་རྩལ་གྱི་ཆ་ལ་དགག་པ་རྒྱབ་རྒྱུའི་ལས་བརྩམས་ཀྱི་ཡོད། བརྟག་དཔྱད་ཁང་གི་བརྟག་ཞིབ་མང་ཆེ་བ་སྐབས་དོན་དུ་བརྟག་དཔྱད་ཀྱི་བདེན་དཔང་གི་བྱེད་སྒོ་རེད། དགེ་རྒན་གྱིས་བརྟག་དཔྱད་ཁང་ནང་གང་བྱུང་སྲིད་པའི་ཐོག་གྲོས་བསྡུར་བྱས་པ་དང་། ལག་དེབ་ཀྱིས་གོམ་པ་རེ་རེའི་ལམ་སྟོན་མཁོ་སྤྲོད་བྱེད། སློབ་ཕྲུག་ཚོར་ལན་བྱེ་བྲག་པ་ཞིག་ལ་བབས་རྒྱུའི་སྔོན་དཔག་བྱེད་དུ་བཅུག འཇུག་སྒོ་འདི་དངོས་ཡོད་དུ་ཚན་རིག་གི་བཀོལ་སྤྱོད་བྱེད་སྟངས་ཀྱི་མི་མཐུན་ཕྱོགས་ཡིན་པ་ཙམ་དུ་མ་ཟད་ད་དུང་དེ་ལྟ་བུའི་འགྲེལ་བཤད་དེ་ངེས་པར་དུ་སློབ་ཕྲུག་མང་པོར་བློ་ལ་མི་བབས་པ་དང་། ནད་ན་ཚ། དོ་དབྱིངས་མེད་པར་མངོན། ཤི་ལ་ ཊོ་སྦི་ཡས་༼༡༩༩༠༽ ཀྱིས་ ཁོང་ཚོ་གླེན་པ་མ་རེད། ཁོང་ཚོ་མི་འདྲ་བ་རེད། ཅེས་པའི་
མོ་རང་གི་དཔེ་དེབ་ནང་དུ་རིག་སྟོབས་དང་འཇོན་ཐང་ལྡན་པའི་སློབ་ཕྲུག་མང་པོས་ཚན་རིག་དེ་རང་ཉིད་ཀྱི་མདུན་ལམ་དུ་འཇོག་པར་ཕྱིར་འཕེན་གྱི་ཡོད་ཚུལ་རྩོད་པ་རྒྱག་ཡོད། རྒྱུ་མཚན་ནི་ཁོང་ཚོར་ཚན་རིག་དེ་སྤྲོ་སེམས་འཁོལ་བ་དང་གསར་གཏོད་ཀྱི་རྩོལ་གཞི་ལྟ་བུར་ལྟ་རྒྱུའི་གོ་སྐབས་སྤྲོད་ཀྱི་མེད། ཚན་རིག་གི་སློབ་འཁྲིད་བྱེད་ཚུལ་དུ་རྒྱུ་མཚན་དུ་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་ཐོན་སྒོ་དགོས་པར་སེམས་པའི་སློབ་ཕྲུག་ཚོས་ཚན་རིག་དེ་ཕན་ནུས་ལྡན་པའི་མདུན་ལམ་ལྟ་བུ་ཞིག་ཏུ་འཇོག་རྒྱུ་འདོར་བ་ཡིན་ན་ཚན་རིག་རང་ཉིད་ཉམས་གུད་དུ་སོང་བ་ཡིན་ཏེ་དེ་ནི་ཊོ་སྦི་ཡས་ཀྱི་ཆེད་རྩོམ་གྱིས་བསླབ་སྡོམ་དེ་ཡིན།
རྟོག་སྒྲུང་བདུན་པ། ཚན་རིག་དང་དེའི་ཐབས་ལམ་གྱིས་དྲི་བ་ཚང་མར་ལན་སྤྲོད་ཐུབ།
ཚན་རིག་གི་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་ ཀཱརླ་ པོ་པར་ ༼༡༩༦༨༽ གྱི་བསྟེན་བཅོས་དང་ཁོང་གི་འཁྲུལ་བ་སྒྲུབ་རུང་གི་རྩ་འཛིན་ལ་ཁུངས་གཏུགས་པ་དེས་བཀོལ་སྤྱོད་རུང་བའི་ཚན་རིག་གི་གོ་དོན་འགྲེལ་བཤད་མཁོ་སྤྲོད་བྱེད་རྒྱུར་ཕན་ཐོགས་ཡོད་པ་རྙེད་སོན་བྱུང་ཡོད།དཔེ་མཚོན་བྱས་ན། འཐེན་ཤུགས་ཀྱི་གཏན་ཁྲིམས་དེས་གལ་ཏེ་བར་ཐག་དེ་བརྟན་གྲངས་ཤིག་འཁྱེར་ཚེ་གདོས་ཚད་ཆེ་བའི་དངོས་པོ་དེ་ཚོས་གདོས་ཚད་ཆུང་བའི་དངོས་པོ་དེ་ཚོ་ལས་ཀྱང་འཐེན་ཤུགས་ཀྱི་འགུགས་ནུས་ཆེ་བ་སྤྲོད་ཀྱི་ཡོད་པར་འགྲེལ་བརྗོད་བྱས་ཀྱི་ཡོད། གལ་སྲིད་གསར་རྙེད་ཀྱི་དངོས་པོ་ཞིག་གིས་འཐེན་ཤུགས་ཀྱི་འགུགས་ནུས་ལ་ལྟོས་ནས་བཀོལ་སྤྱོད་བྱེད་སྟངས་མི་འདྲ་བ་བྱས་པ་ཡིན་ན་གཏན་ཁྲིམས་གཅིག་པོ་དེ་འཁྲུལ་བ་བསྒྲུབ་པའི་རྒྱུ་མཚན་གྱིས་གཏན་ཁྲིམས་ཡིན་པར་སྒྲུབ། དེའི་ལྡོག་ཟླར་འཇིག་རྟེན་བཀོད་པ་པོ་ཡོད་པར་སྨྲ་བ་ཚོའི་ནང་ཁུལ་ལྟེ་ཉིང་གི་ལྟ་ཚུལ་ནི་འཇིག་རྟེན་ལས་འདས་པའི་གང་ཟག་ཞིག་གིས་སེམས་ཅན་གྱི་རིགས་རྣམས་གཟུགས་ཕུང་ཆ་ཚང་སྒྲུབ་པའི་སྒོ་ནས་འཛམ་གླིང་ཐོག་བཞག་གི་ཡོད་པ་དེ་རེད། དངོས་གསལ་དོད་པོ་ཞིག་ལ་དེ་ལྟ་བུའི་ཡིད་ཆེས་ཅིག་དེ་ནོར་བར་སྒྲུབ་པར་སྟོན་པའི་ཚན་རིག་གི་ཐབས་ཚུལ་མེད། དམིགས་གསལ་གྱི་འཇིག་རྟེན་བཀོད་པ་པོའི་ལྟ་ཚུལ་དེ་ནོར་འཁྲུལ་ཅན་ཡིན་པ་བསྒྲུབ་མི་སྲིད་པ་སོང་ཙང་དེ་ནི་ཞར་ཡང་ཚན་རིག་མ་ཡིན་གྱིས་འཇིག་རྟེན་བཀོད་པ་པོའི་ཚན་རིག་ཅེས་པའི་ཐ་སྙད་དེ་ནི་འགལ་བ་ཟུང་འཇུག་གི་རྒྱན་ཞིག་ཡིན། འཇིག་རྟེན་བཀོད་པ་པོའི་ཚན་རིག་དེ་ཆོས་ལུགས་ཀྱི་ཡིད་ཆེས་ཤིག་ཡིན་པར་སོང་ཙང་དེ་ལྟར་ན་དེ་ཉིད་འཁྲུལ་བ་བསྒྲུབ་པའི་ཉེ་བར་མཁོ་བ་མིན། ལོ་བརྒྱ་ཕྲག་ཁ་ཤས་སྔོན་ལ་ལྟ་གྲུབ་སྨྲ་བ་དང་ཚན་རིག་པ་རྣམ་དཔྱོད་ཡོད་མཁན་ཚོས་ཁོ་རང་ཚོའི་ཤན་སྟོབས་ཀྱི་ཁྱབ་ཚད་ཆ་བགོས་བྱས་ནས་བཟུང་འཁོན་འཛིན་ཉུང་ཤས་ལས་མེད་པའི་ཐོག་སྤྱི་མཐུན་མཉམ་གནས་ངང་བསྡད་ཡོད། དེང་གི་ཆར་ཚན་རིག་དང་ཆོས་ལུགས་བར་གྱི་དབྱེ་འབྱེད་རྟོགས་མ་ཐུབ་པ་དེ་ཚོ་ཁོ་ནས་འཛམ་གླིང་གི་གལ་འགངས་ཆེ་བའི་ལྟ་ཚུལ་འདི་གཉིས་ཀྱི་སྒྲིག་གཞི་དང་། འགན་འཁྲིད། ཉེས་སྐྱོན་རྣམས་མགོ་རྨོངས་གཞིར་གྱུར་གྱི་ཡོད།
ད་གཟོད་ཚན་རིག་པ་ཚོར་དྲི་བ་འགའ་རེ་མ་འདྲི་ན་ལེགས་པ་གསལ་པོ་ཆགས་དགོས། ཉེ་བའི་ཆར་འཇིག་རྟེན་བཀོད་པ་པོའི་ཚན་རིག་གི་ཚོད་ལྟའི་སྐབས་ཀྱི་དཔེ་མཚོན་ལྟར་ཞི་བདེའི་གཟེངས་རྟགས་བཞེད་མཁན་ཚོར་ཁྲིམས་ཞིབ་ཁང་ལ་ལམ་སྟོན་འགའ་རེ་མཁོ་སྤྲོད་བྱེད་པའི་དོན་དུ་ཚན་རིག་གི་རང་བཞིན་བརྗོད་པ་ཞིག་གི་སྟེང་མཚན་རྟགས་བཀྱོན་པར་རེ་བསྐུལ་བྱས་འདུག ཚན་རིག་པ་སྙན་གྲགས་ཆེ་བ་དེ་ཚོས་བརྗོད་པ་དེ་ལྟ་བུར་རྒྱབ་སྐྱོར་གྱི་རྣམ་པ་སྐྱོན་མེད་གསལ་པོ་སྟོན་འདུག གང་ལྟར་ཡང་ཁོང་ཚོ་ཚན་རིག་གི་ཁྱབ་ཁུལ་གྱི་ནང་མཁས་དབང་ཤ་སྟག་ཡིན། ༼ཀེ་ལེ་མཱན། Klayman ས་ལོ་ཁོམ་སྦེ། Slocombe ལེཧ་མཱན། Lehman ཀཱོཕྷ་མཱན། Kaufman , ༡༩༨༦༽ དེ་རྗེས་ཕྲུ་གུའི་སྐྱེ་མགོ་བཀག་ཚུལ་གྱི་གྲོས་གླེང་ནང་མཁས་དབང་གི་བསམ་ཚུལ་ལུང་འདྲེན་བྱེད་རྒྱུར་དོ་དབྱིངས་བྱས་མཁན་ཚོས་གནད་དོན་འདིའི་ཐོག་ཚན་རིག་པ་ཚོས་ཚོར་བ་དང་འབྲེལ་བའི་ཐོག་བརྗོད་པ་འགྲེམས་སྤེལ་བྱེད་དགོས་པའི་རེ་སྐུལ་ཞུས་འདུག རྣམ་དཔྱོད་ལྡན་པ་ཞིག་ལ་འགའ་རེས་མཉམ་ཞུགས་གནང་ཞག ཚན་རིག་གིས་སྐྱེ་མགོ་བཀག་ཚུལ་གྱི་གནད་དོན་ལས་སྐྱེད་པའི་བཟང་སྤྱོད་དང་ཀུན་སྤྱོད་ཀྱི་དཀའ་གནད་ཚོར་ལན་འདེབས་བྱས་མི་ཐུབ། ཚན་རིག་པ་སྒེར་གྱི་ཆ་ནས་གནད་དོན་མང་པོའི་ཐོག་རང་ཉིད་སྒེར་གྱི་བསམ་ཚུལ་ཡོད་པ་ཨ་ཅང་ཅང་། ཡིན་ནའང་སྡེ་ཚན་ཞིག་གི་ཆ་ནས་གལ་སྲིད་གནད་དོན་དེ་དག་ཚན་རིག་གི་འདྲི་ཞིབ་ཀྱི་ཁྱབ་ཁུལ་གྱི་ཕྱི་ལ་ཡོད་ན་ཁོང་ཚོ་འཇམ་ཐིང་ཐིང་ངང་བསྡད་དགོས། བཟང་སྤྱོད་དང་། ཀུན་སྤྱོད། ཉམས་འགྱུར། སྤྱི་ཚོགས། གཟུགས་ཅན་ལས་འདས་པའི་དྲི་བ་དེ་ཚོར་ཚན་རིག་གིས་ལན་འདེབས་བྱེད་མི་ཐུབ།
རྟོག་ཞིབ་བརྒྱད་པ། ཚན་རིག་པ་ཚོ་དམིགས་གསལ་གྱི་ཕྱི་རོལ་དོན་དུ་གཉེར་མཁན་ཡིན།
ཕྱི་དོན་འདོད་ཚུལ་གྱི་གནས་ཚད་ཆ་ནས་ཚན་རིག་པ་ཚོ་ཆེད་ལས་པ་གཞན་དང་མི་འདྲ་བ་མིན། ཁོང་ཚོ་མཇུག་སྡོམ་ལ་བབས་པའི་ཆེད་དུ་དཔང་རྟགས་ལ་དཔྱད་ཞིབ་བྱེད་ཚུལ་དང་རྒྱུད་རིམ་ལག་བསྟར་བྱེད་ཚུལ་ལ་གཟབ་ནན་བྱསཀྱི་ཡོད། ངོས་ལེན་འདི་དང་མཉམ་དུ་རྟོག་སྒྲུང་འདི་ཚད་མ་ཡིན་པར་མངོན་སྲིད་ཀྱང་ཚན་རིག་དང་སེམས་ཁམས་རིག་པའི་ལྟ་གྲུབ་གཉིས་ཀྱིས་མཐུན་སྦྱོར་བྱེད་པའི་ཉེར་ལེན་གྱིས་ཕྱི་རོལ་དོན་དུ་གཉེར་ཚུལ་ཆ་ཚང་ཞིག་མི་སྲིད་པ་སྒྲུབ་མཁན་ཉུང་མཐར་རྒྱུ་མཚན་གལ་ཆེ་བ་གསུམ་ཡོད་པར་སྟོན།ཚོད་དཔག་དང་སུན་འབྱིན་ཞེས་པའི་གཅིག་རྗེས་གཉིས་མཐུད་ཀྱི་རྒྱུད་རིམ་ཁོ་ནའི་སྒོ་ནས་ཚན་རིག་དེ་གོང་འཕེལ་འགྲོ་རྒྱུའི་ཀཱརླ་པོ་པར་ Karl Popper ༼༡༩༦༣༽གྱི་ལྟ་ཚུལ་ལ་ཚན་རིག་གི་ལྟ་གྲུབ་སྨྲ་བ་མང་པོས་རྒྱབ་སྐྱོར་བྱས་ཀྱི་ཡོད། ཚིག་གཞན་ཞིག་གི་ཐོག་ནས་ཞུས་ན་ཚན་རིག་པ་ཚོས་གཏན་ཁྲིམས་དང་རྣམ་གཞག་རྣམས་འོལ་ཚོད་ལྟ་བུར་འཇོག་དགོས་པ་དང་དེས་ན་ཧུར་པོའི་སྒོ་ནས་ལྟ་ཚུལ་དེ་དག་ཁུངས་དག་མ་ཡིན་པ་སྒྲུབ་པའམ་སུན་འབྱིན་དགོས། པོ་པར་གྱིས་ལས་ལ་འཇུག་བཞིན་པའི་སུན་འབྱིན་གྱི་ལས་རིམ་རྒྱུད་ནས་གསལ་སྟོན་བྱས་པའི་མི་མཐུན་ཕྱོགས་ཀྱི་དཔང་རྟགས་ཆ་མ་ཚང་བ་དེ་ཚོས་མཁོ་བདེ་ཅན་གྱི་རྒྱབ་སྐྱོར་ཡག་ཤོས་མཁོ་སྤྲོད་བྱས་པར་བསམ་ཚུལ་སྟོན་ཡོད། ཁུངས་དག་མིན་པ་ར་སྤྲོད་བྱེད་སྟངས་མེད་པ་དེ་བདེན་དཔང་ར་སྤྲོད་བྱེད་ཚུལ་གྱི་བསམ་ཚུལ་ཁྱད་མཚར་ལྟ་བུ་ཞིག་ཏུ་མངོན་སྲིད་ཀྱང་དེ་ནི་རྒྱབ་སྐྱོར་ཞིག་གི་རྣམ་པར་ངོས་འཛིན་བྱེད་ཀྱི་ཡོད། ཚོད་དཔག་དང་སུན་འབྱིན་གྱི་ལྟ་ཚུལ་དེར་དཀའ་གནད་ཆེ་ཤོས་གཙོ་བོ་གཅིག་ཡོད། པོ་པར་གྱིས་བསམ་ཚུལ་དེ་ཚན་རིག་པ་ཚོར་སློབ་སྟོན་ལྟ་བུར་འདུན་འཆར་འགོད་པ་ཙམ་ལས་ཚན་རིག་པ་ཚོས་བྱ་གཞག་གི་འགྲེལ་བཤད་མིན་པར་མངོན། ལྟ་གྲུབ་ཀྱི་ལྟ་ཚུལ་ཐོག་ནས་ལྟ་ཚུལ་དེ་ལྡན་རུང་ཚན་རིག་པ་ཚོས་ཧུར་བརྩོན་སྒོ་ནས་དཔང་རྟགས་རྣམས་ངེས་བརྟན་མིན་པར་བཟོ་རྒྱུ་འཚོལ་རྒྱུའི་ལས་རིམ་ལག་བསྟར་བྱེད་ཀྱི་ཡོད་པའི་བརྡ་མཚོན་མེད།
རྣམ་གཞག་གཞིར་བཞག་པའི་རྟོག་ཞིབ་སྟེ་སེམས་ཁམས་འཁྱེར་ཚུལ་ཞིག་གི་ནང་དུ་ཚན་རིག་པ་རྣམས་ཕྱི་རོལ་ཡུལ་ལ་དོན་གཉེར་བྱེད་མི་ནུས་པའི་རྣམ་པ་གཞན་དེ་རྙེད་ཡོད། ༼ཧོཌ་སན། Hodson, ༡༩༨༦༽ རྟོག་ཞིབ་པ་གཞན་ཚང་མ་ནང་བཞིན་ཚན་རིག་པ་ཚོས་འཇིག་རྟེན་བཀོལ་སྤྱོད་བྱེད་ཚུལ་ཐོག་སྔོན་ཚུད་ཀྱི་འཛིན་སྟངས་དང་ཕྱོགས་ལྷུང་གྲངས་མེད་འཁྱེར་གྱི་ཡོད། དེ་ལྟ་བུའི་སེམས་བྱུང་ནང་གི་ལྟ་ཚུལ་འཁྱེར་ཕྱོགས་དེས་གང་ཟག་ཚང་མའི་རྟོག་ཞིབ་བྱེད་སྟངས་ཀྱི་ནུས་པ་ལ་ཤུགས་རྐྱེན་བཟོས་ཀྱི་ཡོད། ཕྱོགས་ལྷུང་མེད་པར་དངོས་པོའི་གནས་ཚུལ་འདུ་གསོག་བྱེད་པ་དང་དེར་འགྲེལ་བརྗོད་བྱེད་ཐུབ་མི་སྲིད། ཚན་རིག་པ་ཚོས་དངོས་པོའི་ཆོས་ཀྱི་མཐའ་མཇུག་གི་དཔྱད་ཞིབ་ཁོངས་སུ་རྟོག་ཞིབ་བྱེ་བྲག་བཙུད་མ་ཐུབ་པའི་གནད་དོན་གྲངས་ལས་འདས་པ་ཚན་རིག་གི་ལོ་རྒྱུས་ནང་དུ་འཁོད་ཡོད། དེ་ནི་ཟོག་རྫུན་དང་སླུ་བྲིད་ཀྱི་རྒྱུ་མཚན་བྱས་ནས་བྱུང་གི་མེད་པར་སྒེར་རང་ཉིད་ལ་སྔོན་ཚུད་ཀྱི་ཤེས་བྱ་ཡོད་པ་དེས་རྐྱེན་གྱི་ཡིན། ཚན་རིག་པ་ཚོར་སྔོན་ཚུད་ནས་ཡོད་པའི་ཤེས་བྱ་གཞིར་བཟུང་གིས་སྒོ་ནས་གནད་དོན་འགའ་རེ་ནམ་ཡང་མངོན་མ་ཐུབ་པ་ཡིནའང་འདྲ་ཡང་ན་གནད་དགག་ཅིག་ལ་ཆ་འཇོག་བཞག་གི་མེད་པ་རེད། སྔར་གྱི་བྱེ་བྲག་ནས་སྤྱི་དཔོག་ཚུལ་གྱི་གྲོས་བསྡུར་ནང་དུ་ང་ཚོས་མི་སྒེར་གཉིས་ཀྱིས་ཟིན་ཐོ་གཅིག་པ་གཅིག་རྐྱང་ཞིག་བསྐྱར་ཞིབ་བྱས་ཚེ་མཇུག་སྡོམ་གཅིག་མཚུངས་ཐོབ་རྒྱུའི་སྔོན་དཔག་བྱེད་ཀྱི་མེད་པར་འཇོག་ཡོད། མི་སྒེར་གྱི་རིག་རྩལ་གྱིས་དེར་ལས་བྱས་པ་མ་ཟད་གང་ཟག་སྒེར་གྱི་རྣམ་གཞག་ལ་གཞི་བཅོལ་བའི་གནད་དོན་དེས་རྟོག་ཞིབ་ཀྱི་གནས་སྟངས་མགོ་རྙོག་ཚ་རུ་གཏོང་གི་ཡོད།
བསླབ་བྱ་འདིས་ཚན་རིག་གི་སློབ་འཁྲིད་ཐད་བསྟན་དོན་གསལ་པོ་ཞིག་སྤྲོད་ཀྱི་ཡོད། དགེ་རྒན་ཚོས་ཁྱད་པར་དུ་སློབ་ཕྲུག་རྣམས་ཀྱི་སྔོན་ཚུད་ཀྱི་ཤེས་བྱ་ལ་ཆ་འཇོག་མི་བྱས་པར་སྦྱོང་བརྡར་གྱི་ཉམས་མྱོང་མཁོ་སྤྲོད་བྱས་ཀྱི་ཡོད། བརྟག་དཔྱད་ཁང་གི་ནང་དུ་སྐབས་མཚོན་དུ་སློབ་ཕྲུག་རྣམས་ལ་བྱེད་སྒོ་བརྩམས་རྒྱུ་བསྐུལ་བ་དང་། རྟོག་ཞིབ་བྱེད་དུ་བཅུག་པ། དེ་ནས་མཇུག་སྡོམ་རྒྱབ་དུ་བཅུག་གི་ཡོད། དེས་ན་མཇུག་སྡོམ་སྒྲུབ་ཟིན་པ་དེ་རང་རང་གིས་ཁུངས་སྐྱེལ་བྱེད་ཐུབ་པ་དང་སྙོམས་པོ་བཟོ་ཐུབ་པ་གཉིས་ཀ་དགོས་པའི་རེ་བ་བཅངས་ཀྱི་ཡོད། ཚིག་གཞན་ཞིག་ནས་ཞུ་ན། དགེ་རྒན་ཚོས་ཟིན་ཐོ་བཀོད་བཞག་པ་དེས་སློབ་ཕྲུག་ཚང་མར་མཇུག་སྡོམ་གཅིག་པ་ཞིག་ལ་འདྲེན་ཐུབ་རྒྱུའི་རེ་བ་བྱས་ཀྱི་ཡོད། དེ་ཡང་གལ་སྲིད་ ལས་འཆར་འདྲ་མཚུངས་བེད་སྤྱོད་བྱས་ཏེ་སློབ་ཕྲུག་རེ་རེས་སྔོན་ཚུད་ཀྱི་བསམ་ཚུལ་གཅིག་པ་གཅིག་རྐྱང་འཁྱེར་ནས་རྟོག་ཞིབ་ཀྱི་ཚོད་རྩིས་བཟོས་པ་ཡིན་ན་དེ་ཡོང་རྒྱུ་ངེས་པ་ཡིན། དེ་ནི་ཚན་རིག་ནང་དུ་ཡོང་གི་མེད་པ་མ་ཟད་ཚན་རིག་གི་འཛིན་གྲྭའི་ནང་དུའང་བྱུང་གི་མེད་པ་རེད།
དཔེ་གཞི་ལ་མོས་གུས་བྱེད་པ་དེ་ནི་རྣམ་གཞག་ལ་གཞི་བཅོལ་བའི་རྟོག་ཞིབ་ཀྱི་གནད་དོན་དང་འབྲེལ་བ་ཞིག་ཡིན། ཐོ་མཱ་སི་ ཀྷུན་ ༼Thomas Kuhn ༡༩༧༠༽ གྱིས་ཁོང་གི་ཚན་རིག་གི་ལོ་རྒྱུས་ཐད་གསར་གཏོད་ཀྱི་དཔྱད་ཞིབ་ཅེས་པའི་ནང་དུ་དཔེ་གཞི་ཞེས་པའི་ཉམས་ཞིབ་ཀྱི་ལམ་སྲོལ་ཞིག་གི་ནང་དུ་ཚན་རིག་པ་ཚོས་བཀོལ་སྤྱོད་བྱས་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད། སྡེ་ཚན་བྱེ་བྲག་པའི་ནང་དུ་བྱེད་ལས་བརྩམས་ཟིན་པའི་མི་ཚོས་མཉམ་སྤྱོད་གནང་བའི་ཉམས་ཞིབ་ཀྱི་ལམ་སྲོལ་འདིས་འཚོལ་ཞིབ་བྱས་འོས་པའི་འདྲི་གནད་ཁག་གི་བརྡ་དོན་མཁོ་སྤྲོད་བྱས་པ་དང་། དཔང་རྟགས་ག་རེ་འཇུག་ཆོག་དང་མི་ཆོག་གི་བཀའ་བཀོད་གནང་བ། རྒྱུ་མཚན་ལྡན་པའི་བརྟག་དཔྱད་དང་བཀོལ་ཐབས་བཅས་བསྡོམ་བྱས་ཡོད། དཔེ་གཞིས་ཉམས་ཞིབ་ལ་ཁ་ཕྱོགས་བསྐྲུན་གྱི་ཡོད་ནའང་དེས་ཞིབ་འཇུག་མཁྲེགས་པོ་བཟོ་བའམ་ཚད་མཚམས་འཇོག་པའང་སྲིད། ཅི་འདྲ་ཞིག་གིས་ཉམས་ཞིབ་ཀྱི་འབད་རྩོལ་ལ་མཚམས་བཟོས་པ་དེ་ལྟར་ཕྱི་ཡུལ་དོན་གཉེར་ལ་དགོས་ངེས་ཀྱི་ཚད་མཚམས་འཇོག་པ་ཡིན། དེས་ན་ཚན་རིག་པ་ཚོས་ཕྱོགས་ནས་གྲོས་བསྡུར་ལ་ཚད་མཚམས་འཇོག་རྒྱུའི་བསམ་བཞིན་དུ་འདོད་པ་ནི་མེད་དེ་དཔེ་གཞིའི་གནད་དོན་རྒྱུ་མཚན་དུ་བྱས་ནས་ཚན་རིག་གི་བསམ་ཚུལ་གསར་པ་ཁ་ཤས་བཀག་རྒྱུ་ངེས་པ་ཡིན། ཉམས་ཞིབ་ཀྱི་སྙན་ཐོ་རྣམས་དཔར་བསྐྲུན་བཏབ་པར་འབུལ་ལམ་ཞུས་སྐབས་དེ་དག་སྡེ་ཚན་དེའི་ཚོགས་མི་གཞན་ཚོས་བསྐྱར་ཞིབ་བྱས་ཀྱི་ཡོད། དཔེ་གཞིའི་ཕྱིའི་བསམ་ཚུལ་དེ་དག་ཡ་མཚན་ནམ་ཞེན་པའི་ཚན་རིག་ལྟ་བུར་ངོས་འཛིན་བྱས་ནས་ཕྱིར་འདོར་འོས་པ་དང་དེ་ལྟར་ན་དཔར་མའི་ནང་དུ་ཐོན་ཐུབ་ཀྱི་མེད།
ངོས་འཛིན་ཡོད་པའི་དཔེ་གཞིའི་ཕྱི་ལ་ཚུད་པའི་རྒྱུ་མཚན་གྱིས་ཚན་རིག་གི་བསམ་ཚུལ་ལས་ཕྱིར་འདོར་བའི་དཔེ་མཚོན་དུ་ཉི་མ་ལྟེ་དབུས་ཀྱི་ཉི་མའི་ཁྱིམ་རྒྱུད་དང་། གདོད་མའི་སྲོག་ཆགས་གཏུམ་དྲག་ཆེ་བའི་ནང་དུ་ཁྲག་དྲོན་མོ་ཅན་གྱི་ཁྱད་ཆོས་ལྡན་པ། ན་ཚའི་ཕྲ་སྲིན་གྱི་རྣམ་གཞག གླིང་ཆེན་ཁ་བྲལ་གྱི་རྣམ་གཞག་བཅས་ཚུད་ཡོད། དཔེར་ན། དུས་རབས་ཉི་ཤུའི་མགོ་སྟོད་དུ་ཨེལ་ཕེ་རེཌ་ ཝེ་གྷེ་ནར་ Alfred Wegener གྱིས་གླིང་ཆེན་འགུལ་སྐྱོད་ཀྱི་ལྟ་ཚུལ་འདོན་སྐབས་དེར་ཤེད་ཤུགས་དྲག་པོས་ངོས་ལེན་མི་བྱེད་པ་རེད། ཚན་རིག་པ་ཚོ་ཁོ་རང་ཚོའི་སྡེ་ཚན་བྱེ་བྲག་པའི་ནང་དུ་རྒྱུན་གཏན་སློབ་འཁྲིད་ཀྱི་ལམ་སྲོལ་ལས་འགལ་བའི་ལྟ་ཚུལ་དང་ལེན་བྱེད་རྒྱུའི་དྲ་སྒྲིག་མེད་པ་རེད། མཐའ་མཇུག་ཏུ་གླིང་ཆེན་གྱི་སྡེར་མ་ཇི་ལྟར་འགུལ་བར་འགྲེལ་བཤད་བྱས་པའི་ཆ་ལག་གྲུབ་ཚུལ་ལམ་རྣམ་གཞག་གི་གྲོས་གཞི་འདོན་པའི་ཐོག་ནས་སྤྱི་ལོ་ ༡༩༦༠ འི་ནང་དུ་གླིང་ཆེན་འཕོ་འགྱུར་གྱི་འདོད་ཚུལ་དེ་ངོས་ལེན་བྱུང་བ་རེད། ༼ཧོ་ལེམ་ Hallam ༡༩༧༥ དང་ མི་ནར་ཌེ་ Menard ༡༩༨༦༽ དཔེ་གཞིའི་ནུས་ཤུགས་མེད་པ་ཡིན་ན་ཀྷུན་གྱིས་གསར་བརྗེ་ཞེས་བརྗོད་པའི་སའི་གོ་ལའི་ཚན་རིག་ནང་གི་གཞི་རིམ་གྱི་རྨངས་གཞིའི་འགྱུར་བ་འདི་ལོ་བཅུ་ཕྲག་ཁ་ཤས་སྔ་རོལ་དུ་བྱུང་བར་འགྱུར་བའང་སྲིད།
ཚན་རིག་གི་དཔེ་གཞིའི་གྲོས་བསྡུར་ཞིག་དགག་ཆའི་དཔྱད་ཞིབ་ཐོག་ནས་མཇུག་སྡོམ་རྒྱག་པ་ནི་བསམ་ཞིབ་མི་བྱེད་པའི་རྟགས་ཡིན། དཔེ་མཚོན་མཁོ་སྒྲུབ་བྱས་པ་དེ་ཚོས་དཔེ་གཞི་བརྟན་ཚུལ་དང་འབྲེལ་བའི་འགལ་ཟླུའི་རྣམ་པ་སྟོན་གྱི་ཡོད་ནའང་ཀྷུན་གྱིས་དཔེ་གཞི་དེ་དག་ལ་མོས་གུས་བྱས་ནས་བསྐྲུན་པའི་ཡོལ་བ་རྣམས་ཀྱིས་ཚན་རིག་པ་ཚོ་རྒྱུད་ལམ་དེད་པར་རོགས་རམ་བྱེད་ཀྱི་ཡོད་ཟེར་བ་དེར་དགག་པ་རྒྱག་གི་ཡོད། ཁོང་གིས་ཚན་རིག་གི་ལོ་རྒྱུས་ལ་བསྐྱར་ཞིབ་བྱེད་པའི་རྒྱུད་དཔེ་གཞི་དེ་དག་གིས་ཚན་རིག་གི་མཐུད་ཤོར་ཕྱིན་པའི་ཆ་ལས་ལེགས་པའི་ཆ་དེ་ཞེ་དྲག་གི་མང་བ་ཡོད་པར་སྟོན་ཡོད།
རྟོག་སྒྲུང་དགུ་པ། བརྟག་དཔྱད་ནི་ཚན་རིག་གི་ཤེས་བྱའི་ཕྱོགས་སུ་དྲངས་མཁན་གྱི་ལམ་གཞུང་གཙོ་བོ་དེ་ཡིན།
སློབ་གྲྭ་བ་ཚོར་ཚན་རིག་གི་མདུན་ལམ་སྒྲིམ་བཞིན་པའི་སློབ་གྲྭའི་མི་ཚེ་བསྟུད་མར་ཚན་རིག་དེ་བརྟག་དཔྱད་དང་འབྲེལ་དགོས་པའི་སེམས་ཤུགས་སྤོར་གྱི་ཡོད། སྦྱོང་བརྡར་དེ་ཚོར་ཆེད་ལས་ཀྱི་བཀོལ་ཐབས་སམ་མྱུལ་ཞིབ། ཡང་ན་བྱེད་སྒོ་ཅེས་བརྗོད་ན་ཞིབ་ཚགས་ཡོད་ནའང་དངོས་ཡོད་དུ་ཚན་རིག་འཛིན་གྲྭའི་ནང་དུ་སློབ་ཕྲུག་ཚོའི་ལག་བསྟར་གྱི་ཉམས་མྱོང་ཐ་དག་ལ་བརྟག་དཔྱད་ཟེར་གྱི་ཡོད། བརྟག་དཔྱད་ངོ་མའི་ནང་དུ་རྒྱུན་གཏན་ནས་རྒྱུ་འབྲས་ཀྱི་འབྲེལ་བ་འཇོག་རྒྱུར་དམིགས་ཡུལ་བཅངས་པའི་དོ་དམ་དང་ཚོད་ལྟའི་རུ་ཁག་ཚུད་པ་དང་མཉམ་དུ་གཟབ་ནན་གྱིས་མཉམ་སྒྲིག་བཀོལ་ཐབས་ཚུད་ཡོད། བརྟག་དཔྱད་བྱེད་ཚུལ་ངོ་མ་ནི་ཚན་རིག་གི་ལག་ཆ་བེད་སྤྱོད་ཅན་ཞིག་ཡིན་པ་ཨ་ཅང་ཅང་། ཡིནའང་ཤེས་བྱ་ལ་ཁ་ཕྱོགས་སྟོན་མཁན་གྱི་རྒྱུད་ལམ་གཙོ་བོ་གཅིག་དེ་མིན།དོ་སྣང་བྱེད་འོས་ཀྱི་ཚན་རིག་པ་མང་པོས་ཤེས་བྱའི་ཚད་གོང་མཐོར་གཏོང་རྒྱུའི་རྒྱུན་གཏན་གྱི་བརྟག་དཔྱད་བྱེད་རྒྱུའི་བཀོལ་ཐབས་མིན་པ་དེ་དག་བེད་སྤྱོད་བྱས་ཡོད། དངོས་ཡོད་དུ་ཚན་རིག་གི་སྡེ་ཚན་མང་པོའི་ནང་འགྱུར་གཞི་སྟངས་འཛིན་བྱེད་མ་ཐུབ་པའི་རྐྱེན་གྱིས་བརྟག་དཔྱད་གཏོང་ཚུལ་ངོ་མ་བཀོལ་སྤྱོད་བྱེད་མི་སྲིད་པ་ལྟ་བུར་འགྱུར་ཡོད། གནམ་རིག་སྐར་དཔྱད་རིག་པའི་ནང་དུ་གཞི་རིམ་གྱི་གསར་རྙེད་མང་པོ་ཞིག་བརྟག་དཔྱད་ལས་ལྡོག་སྟེ་གཞི་རྒྱ་ཆེ་བའི་རྟོག་ཞིབ་ལ་གཞི་བཅོལ་ཡོད། ཁོ་པར་ནི་ཁ་སེ་དང་ཀེཔ་ལར་(Copernicus and Kepler) གཉིས་ཀྱིས་ཚན་རིག་པ་གཞན་ཚོས་ཡང་ཡང་མཐུན་སྦྱོར་བྱས་པའི་རིང་ཞིང་རྒྱས་པའི་རྟོག་ཞིབ་ལས་དྲངས་པའི་རྟོག་ཞིབ་བྱ་རུང་གི་དཔང་རྟགས་བེད་སྤྱོད་བྱས་ནས་ང་ཚོའི་ཉི་མའི་ཁྱིམ་རྒྱུད་ཀྱི་ལྟ་ཚུལ་ལ་འགྱུར་བ་བཏང་ཡོད། འོན་ཀྱང་ཁོང་གཉིས་པོས་བརྟག་དཔྱད་བཀོལ་སྤྱོད་བྱེད་མེད།
Charles Darwin ཆཱར་ལ་སི་ དར་ཝིན་གྱིས་རང་བྱུང་ཚན་རིག་དང་རྒྱུན་གཏན་དུ་འབྲེལ་བའི་བརྟག་དཔྱད་ཀྱི་བཀོལ་ཐབས་ལས་འདྲ་མཚུངས་ཆེ་བའི་སྤྱི་ཚོགས་ཚན་རིག་ནང་དུ་བེད་སྤྱད་རྒྱུའི་སྤུས་ཀའི་བཀོལ་ཐབས་ཀྱི་རྟོག་ཞིབ་ལམ་སྲོལ་ཞིག་གི་ངང་ནས་རང་ཉིད་ཀྱི་མདུན་ལམ་རྫོགས་པར་བྱས་ཡོད། ཁོང་གི་གསར་བརྗེའི་གསར་རྙེད་མང་ཆེ་བའི་ཆེད་དུ་དར་ཝིན་གྱིས་རང་གི་གཞི་རྒྱ་ཆེ་བའི་རྟོག་ཞིབ་དེ་ཚོའི་ཐོག་གི་ཚོད་དཔག་དང་བསམ་ཚུལ་རྣམས་ཟུར་མཆན་བཀོད་པའི་སྒོ་ནས་རང་ཉིད་ཀྱི་དྲན་ཐོ་བྲིས་དེབ་ནང་དུ་ཐོ་བཀོད་བྱས་ཡོད། དར་ཝིན་གྱིས་སྦེ་ཁོན་(Bacon) གྱིས་སྟོན་པའི་བྱེ་བྲག་ནས་སྤྱི་དཔོག་ཚུལ་ལ་རྒྱབ་སྐྱོར་བྱས་ཀྱི་ཡོད་ནའང་ཚོད་དཔག་དང་སྔ་རོལ་གྱི་གོ་རྟོགས་མེད་པའི་རྟོག་ཞིབ་ནི་ནུས་མེད་དང་མི་སྲིད་པ་གཉིས་ཀ་ཡིན་པར་ཤེས། ཚན་རིག་པ་གུ་དོལ་དང་ནོ་སི་ (Goodall and Nossey) གཉིས་པོས་ཁོ་རང་ཚོས་གནའ་བོའི་སྲོག་ཆགས་ཀྱི་ཞིབ་འཇུག་ནང་དར་ཝིན་གྱིས་གོང་འཕེལ་གཏོང་བའི་བཀོལ་ཐབས་བེད་སྤྱོད་རྒྱ་ཆེར་གཏོང་ཡོད། རྟོག་ཞིབ་དང་དཔྱད་ཞིབ། ཚོད་དཔག དཔེ་མཛོད་ཀྱི་ཞིབ་འཇུག། བརྟག་དཔྱད་སོགས་ཁ་ཕྱོགས་མི་འདྲ་བའི་རྒྱུད་ཚན་རིག་གི་ཤེས་བྱ་སྒྲུབ་པར་བྱེད་དོ།
རྟོག་སྒྲུང་བཅུ་པ། རྒྱུད་རིམ་དེ་དག་དྲང་བདེན་ཡོང་བའི་ཆེད་ཚན་རིག་གི་ལས་དོན་ཡོངས་རྫོགས་བསྐྱར་ཞིབ་བྱེད་ཀྱི་ཡོད།
ཉམས་ཞིབ་པ་ཚོས་ཡང་སེ་ཉམས་ཞིབ་པ་གཞན་ཚོར་རང་གི་ཉམས་ཞིབ་སྟེང་ནས་ལེགས་སྐྱེས་ཕུལ་བ་དང་། གཞན་ཚོས་རང་གི་ཉམས་ཞིབ་ལ་ཞིབ་བཤེར་བྱེད་དུ་བཅུག་པའི་དོན་དུ་གྲུབ་འབྲས་ཕན་ཚུན་འགྲེལ་བརྗོད་བྱས་རེ་ཀྱིས་ཐོག་ནས་སྲོལ་རྒྱུན་ཚན་རིག་གི་ཐབས་ལམ་གྱི་གོམ་པ་མཐའ་མ་དེ་སྤོ་གི་ཡོད། སློབ་ཕྲུག་ཚོར་ཡང་སེ་བརྟག་དཔྱད་ཀྱི་སྙན་ཐོ་འཇུག་སྐྱེལ་སྐབས་མི་གཞན་ཚོས་བྱེད་སྒོ་དེ་བསྐྱར་དུ་སྒྲུབ་ཐུབ་པའི་རང་ཉིད་ཀྱི་ཐབས་ལམ་གྱི་སྡེ་ཚན་དེ་གཙང་གསལ་སྟོན་དགོས་པར་བསྐུལ་མ་གཏོང་གི་ཡོད། འབོད་སྐུལ་འདིའི་རྒྱུད་སློབ་ཕྲུག་ཚོས་ཆེད་ལས་ཀྱི་ཚན་རིག་པ་ཕན་ཚུན་དབར་སྟངས་འཛིན་བྱེད་པར་ཕན་ཚུན་གྱི་བརྟག་དཔྱད་ལ་མུ་མཐུད་ནས་བསྐྱར་ཞིབ་བྱེད་ཀྱི་ཡོད་ཅེས་པའི་མཇུག་སྡོམ་དེ་འདྲ་དཔོག་ཡོང་། སྟབས་མི་ལེགས་པ་ཞིག་ལ་དེ་ལྟ་བུའི་ལྗིད་མཉམ་སྟངས་འཛིན་གྱི་སྒྲིག་གཞི་དེ་དག་བེད་སྤྱོད་ཅན་ཞིག་ཡིན་ནའང་ཚན་རིག་པ་ཞིག་གིས་རྙེད་དོན་གང་བྱུང་བ་དེ་དག་ཚན་རིག་པ་གཞན་ཚོས་ཞིབ་བཤེར་བྱས་པ་ནི་མི་མངོན་ཉུང་ཤས་ལས་མེད། དོན་དངོས་ཐོག་ཚན་རིག་པ་ཕལ་ཆེ་བ་ཧ་ལམ་བྲལ་འཚུབ་ངང་གནས་ཡོད་པ་དང་འདི་ལྟ་བུའི་བསྐྱར་ཞིབ་ཆེད་དུ་ཞིབ་འཇུག་གི་ཐེབས་རྩ་ཤིན་ཏུ་ནས་ཚད་གཞི་ངེས་ཅན་ཞིག་ཡིན།ཞིབ་མོར་ལྟ་རྒྱུ་ཉུང་དྲག་པའི་གྲུབ་འབྲས་སུ་ཉེ་བའི་ཆར་ཚན་རིག་རང་ཉིད་དྭོགས་གཞིའི་ཁོངས་སུ་བཙུད་ཡོད། ཤེས་ཡོན་གྱི་དུས་ཡུན་དང་། སྒེར་གྱི་འགྲན་བསྡུར། མ་དངུལ་ཐེབས་རྩ་བཅས་ཀྱི་སྣོན་ཤུགས་ཀྱི་རྐྱེན་པས་ཚན་རིག་གི་གཡོ་ཟོལ་གྱི་བྱུང་བ་ཐད་ཀར་ཐོན་པར་ཧང་གསང་དགོས་དོན་མེད། དེ་ལྟར་ནའང་གཡོ་ཟོལ་མེད་པར་འགྱུར་ནའང་ཚན་རིག་གི་མ་དཔེའི་ཞིབ་འཇུག་གྲངས་ལས་འདས་པ་དཔར་བསྐྲུན་བཏབ་པ་དེ་ཚོ་དང་། གཞན་གྱི་དཔྱད་ཞིབ་བསྐྱར་དུ་འདོན་སྤེལ་བྱེད་པ་ལས་གནས་ཚུལ་གསར་པ་འདོན་སྤེལ་བྱ་རྒྱུའི་སྣོན་ཤུགས་དེ་དག་གིས་ནོར་འཁྲུལ་མངོན་མ་ཐུབ་པའི་སྲིད་རུང་གི་ཆ་དེ་ཞེ་དྲག་ཆེ་རུ་གཏོང་གི་ཡོད།
རྟོག་སྒྲུང་འདི་དང་དོ་དབྱིངས་ཆེ་བའི་རྗེས་མཐུན་གྱི་འབྲས་བུ་ཞིག་ཡོད་དེ་ཚན་རིག་པ་ཚོས་ཉེས་པའི་ཕྱོགས་ཀྱི་གྲུབ་འབྲས་མང་བ་བརྗོད་པ་ཙམ་ལས་རྒྱུ་མཚན་ལྡན་པའི་གྲུབ་འབྲས་ཉུས་ཤས་ལས་བརྗོད་ཀྱི་མེད། ཚན་རིག་གི་དུས་དེབ་ནང་དུ་བར་སྟོང་ཚད་ཅན་ལས་མེད་པར་སོང་གནད་དོན་དེ་ཤེས་རྟོགས་ཐུབ་རུང་ཡིན་རུང་། གནད་དོན་ག་རེ་སྒྲུབ་མེད་པ་དེ་སྙན་ཐོའི་ནང་བཀོད་མ་ཐུབ་པར་ཉེས་པ་དེ་ནི་དཀའ་གནད་ཤིག་ཡིན། ཚན་རིག་གི་སྡེ་ཚན་བྱེ་བྲག་པ་ཞིག་གི་ནང་དུ་ལས་ལ་བཞུགས་མཁན་ཚོར་སྣང་ཚུལ་གྱི་ཆོས་ཤིག་དང་འབྲེལ་བའི་གནས་ཚུལ་ཆ་ཚང་༼ ལེགས་ཉེས་གཉིས་ཀ་༽མཁོ་བ་ཁོ་ནའི་ཐོག་ནས་སྡེ་ཚན་དེ་ཡར་རྒྱས་གོང་འཕེལ་འགྲོ་བ་ཡིན།
མཇུག་སྡོམ།
གལ་སྲིད་དོན་དངོས་ཐོག་སློབ་ཕྲུག་དང་ཁོང་ཚོའི་དགེ་རྒན་ཚོས་འཛེམ་ཟོལ་མེད་པར་རྟོག་སྒྲུང་དེ་ཚོ་བདེན་པ་ཡིན་པར་གྲགས་ན། ང་ཚོར་ཚན་རིག་གི་སློབ་འཁྲིད་དང་དགེ་རྒན་འོས་སྦྱོང་ནང་དུ་གསལ་བའི་ཚན་རིག་གི་དངོས་ཡོད་གནས་ཚུལ་དང་རྩ་འཛིན་རྣམས་ལས་ཚན་རིག་རང་གི་ཐོག་བསྐྱར་དམིགས་གཏད་དགོས་པའི་རྒྱབ་སྐྱོར་ཤུགས་ཆེ་ཡོད། གནད་དོན་འདི་ཚན་རིག་གི་ཤེས་ཡོན་ལས་གཞི་གསར་པ་གཉིས་པོའི་བསླབ་བྱ་གཙོ་བོ་གཅིག་ཆགས་ཡོད། ཚན་རིག་གི་འབྲི་ཀློག་ཤེས་ཡོན་གྱི་ཚད་གཞི་ ༼Benchmarks for Science Literacy (AAAS, ༡༩༩༣)༽ དང་ རྒྱལ་ཡོངས་ཚན་རིག་གི་ཤེས་ཡོན་གྱི་ཚད་གཞི་ ༼National Science Education Standards ( རྒྱལ་ཡོངས་ཞིབ་འཇུག་ལྷན་ཚོགས། National Research Council, ༡༩༩༤)༽ ལས་གཞི་གཉིས་པོས་སློབ་གྲྭའི་ཚན་རིག་ལས་གཞིའི་ནང་ཚན་རིག་གི་སྒྲིག་འཛུགས་ཀྱི་རང་བཞིན་ཐོག་རྟོག་སྒྲུང་དེ་ཚོའི་ནང་ལྷན་སྐྱེས་སུ་ཡོད་པའི་གོ་ནོར་དང་རྣམ་དག་མངོན་ཚུལ་དང་གཏམ་རྒྱུད་བཅས་ལས་འདས་པའི་བསམ་ཚུལ་འདོན་པ། སློབ་ཕྲུག་ཚོར་ཚན་རིག་གི་ཉམས་མྱོང་གི་གོ་སྐབས་ཁུངས་དག་ངོ་སྤྲོད་དགོས་པ་བཅས་ཤུགས་དྲག་ཆེན་པོའི་བསམ་འཆར་འདོན་ཡོད། ཚན་རིག་གི་རང་བཞིན་ཐོག་གི་ལྟ་ཚུལ་ནོར་བ་མཁོ་སྒྲུབ་བྱེད་པར་རོགས་རམ་བྱེད་མཁན་གྱི་དལ་འགྲོའི་ཁྱི་སྤྱང་རྟོག་སྒྲུང་དེ་ཕྱིར་འདོན་བྱས་ཏེ། ཚན་རིག་སློབ་དེབ་ལ་བསྐྱར་ཞིབ་གཟབ་ནན་གྱིས་རམ་འདེགས་བྱེད་པའི་ཚན་རིག་གི་གཡོ་ཚུལ་གྱི་སྒྲིག་ཁྲིམས་ངོ་མ་ཤེས་རྟོགས་བྱུང་བ་དང་། དེ་ལག་བསྟར་བྱེད་པ་གཉིས་པོའི་སྒོ་ནས་ཚན་རིག་གི་ལས་གཞིའི་ནང་བཞུགས་མཁན་གྱི་དགེ་རྒན་དངོས་དང་དེའི་སྔ་རོལ་གྱི་དགེ་རྒན་འོས་སྦྱོང་ནང་བཞུགས་མཁན་ཚོ་གཉིས་ཀར་གོ་སྐབས་ཇེ་མང་དུ་ཐོབ་པར་ངེས། ཕྱེད་བདེན་པ་ཡིན་པའི་ན་བུན་སེལ་བར་བྱེད་དེ་ཚན་རིག་གི་ལེགས་ཉེས་གཉིས་ཀའི་ཤེས་བྱ་ཟུང་འབྲེལ་གྱི་འོད་མདངས་ཡོངས་རྫོགས་གསལ་སྟོན་བྱས་པ་ཁོ་ནའི་རྒྱུད་སློབ་གཉེར་བ་རྣམས་ཚན་རིག་གི་ངོ་མཚར་ཆེ་བའི་ལྟད་མོ་ངོ་མ་དེར་དགའ་བརྩེས་མྱོས་པར་འགྱུར་བ་དང་། དེའི་རྒྱུད་རིམ་དང་འབྲས་བུར་དྲང་བདེན་གྱི་སྒོ་ནས་ཐག་གཅོད་བྱེད་ཐུབ་བོ།། །།མཆན། ཝི་ལི་ཡམ་ མེཁ་ཁོ་མ་སེའི་ཁ་བྱང་ནི། School of Education-WPH 1001E, University of Southern California, Los Angeles, CA 90089-0031
Post a Comment