དབྱར་རྩྭ་དགུན་འབུ་ཞེས་པ་ནི་རྩ་ཆེའི་སྨན་རྫས་ཆེས་རིན་ཐང་ཆེ་བ་ཞིག་ཡིན་ཞིང་། ས་མཐོའི་བོད་དང་རི་བོ་ཧི་མ་ལ་ཡའི་རི་རྒྱུད་བལ་ཡུལ་དང་འབྲས་ལྗོངས་སོགས་ཀྱི་རི་མགོའི་སྤང་ལྗོངས་སུ་སྐྱེ་བ་མཐོང་རྒྱུ་ཡོད། སྨན་རྩྭ་འདི་གཙོ་ཆེ་བ་བོད་ནང་སྐྱེ་ཞིང་།
དེ་ཡང་རྒྱ་མཚོའི་ངོས་ནས་མི་ཊར་ ༤༣༠༠ ནས་ ༥༠༠༠ བར་གྱི་ས་མཐོའི་ཁུལ་དུ་སྐྱེ་བ་དང་། དབྱར་རྩྭ་དགུན་འབུ་ནི་དོན་དངོས་ཐོག་དབྱར་ཁ་རྩྭ་དང་དགུན་ཁ་སྲོག་ལྡན་འབུ་ཡིན་ཅིང་། དེ་ཡང་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ཞེས་པའི་ནང། ལོ་གཅིག་ལ་སྐྱེ་བའི་རྩྭ་རིགས་ཏེ་ཐོག་མར་དགུན་དུས་འབུ་མེ་ལྕེ་བ་ཕྱེ་ལེབ་རིགས་ཀྱི་འབུ་ཕྲུག་སའི་གཏིང་དུ་ཡོད་པའི་ལུས་ལ་འབུ་ཕྲ་ཞུགས་ནས་ཤི་བའི་ལུས་སླར་ཡང་སྐྱེ་དངོས་ཀྱི་རྩྭ་རུ་གྱུར་ནས་སྐྱེས་པ་ཡིན་པས། ཤ་རྒྱུའི་རྩ་བ་ཕྱི་སེར་ལ་ནང་དཀར་བ་འཕྲེད་གཉེར་དང་ལྡན་པ། མགོ་དང་ཁ་ཡོད་པ་མ་ཟད། ལྟོ་བར་རྐང་ལག་ཆ་བརྒྱད་ཡོད་པ་སོགས་འབུ་ཡི་ལུས་ཇི་ལྟར་བ་ལ། ལྟག་པའི་རྒྱུད་དུ་སྤུ་ཐུང་ནག་ཞིབ་ཐར་ཐོར་ཡོད་པ། ལུས་ཚད་ཕལ་ཆེར་སན་ཊི་མི་ཊར་ ནས ཙམ་ལ། ཟླ་ ནས་ པར་ས་ངོས་སུ་སྡོང་པོ་རྒྱ་སྨུག་གམ་ཁམ་ནག་སྟོད་སྦོམ་ཞིང་སྨད་ཕྲ་བ་ནང་ཤ་དཀར་པོ་ཅན། ཁོག་སྟོད་རིང་ཚད་སན་ཊི་མི་ཊར་༣ ནས་༦ ཙམ་ཟིན་པ་མངོན་པ་དེ་འབུ་ལ་རྭ་སྐྱེས་པ་དང་འདྲ་བས་ཕལ་ཆེ་བས་བེའུ་ར་ཞེས་ཟེར་ཡང་དོན་དུ་ཤ་མོའི་རིགས་ཡིན། དེ་རིམ་བཞིན་ཆེ་རུ་རྒྱས་པ་དང་། རྩ་བའི་བཅུད་དམ་ནུས་པ་ཞན་དུ་ཕྱིན་ནས་ཟླ་བ་ པ་ཙམ་ནས་ཕལ་ཆེར་རྩ་བ་རུལ་ཏེ་མེད་པར་འགྲོ་བསོགས་གསལ་ཡོད།

དབྱར་རྩྭ་དགུན་འབུ་ནི་གནའ་དུས་ནས་ཡོད་པའི་སྨན་རྩྭ་ཞིག་ཡིན་ཡང་། དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་དཔལ་འབྱོར་གྱི་རིན་ཐང་ཆེ་རུ་ཕྱིན་པ་དང་མི་ཚོས་སྔོག་འདོན་བྱེད་པའི་ཚད་མང་དུ་ཕྱིན་པ་དང་ལྷག་པར་དུ་དུས་རབས་ཉི་ཤུ་རྩ་གཅིག་ཤར་བ་ནས་བཟུང་ཤར་ཕྱོགས་རྒྱལ་ཁབ་ཁག་གི་དཔལ་འབྱོར་རྒྱ་སྐྱེད་བྱུང་བ་དང་ལྷན་དུ་སྨན་རྩ་འདིའི་རིན་གོང་ཤིན་ཏུ་ཆེན་པོ་ཆགས་ཏེ། བོད་ཡུལ་དུ་སྔོག་འདོན་བྱེད་པའི་ཚད་ཤིན་ཏུ་མཐོ་བོ་གྱུར་ཡོད། ད་ལྟའི་ཆར་ས་གནས་མང་པོ་ཞིག་ལ་མི་ཚང་ཁྲི་སྟོང་མང་པོ་སྨན་རྩ་འདི་ཁོ་ནར་བསྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད།
ལོ་ལྟར་ཕྱི་ཟླ་ ནས བར་ལ་བོད་རིགས་ཞིང་འབྲོག་མི་མང་ཆེས་མང་པོས་རྩ་ཆེན་སྨན་རྩྭ་འདི་རྐོ་རུ་རི་ཀླུང་དང་། སྤང་གཤོང་སོགས་ལ་ཉིན་མཚན་བསྒྲེལ་ནས་ཕྱོགས་སྐྱོད་བྱེད་ཀྱི་ཡོད་པ་དང་། བྱིས་པ་དང་རྒན་འཁོགས་ཕུད་པའི་ནང་མི་ཚང་མ་རི་མགོར་སྐོར་སྐྱོད་ཀྱིས་སྨན་རྩ་འདི་གང་མང་སྔོག་འདོན་ཐུབ་པའི་ཐབས་ཤེས་ཡོད་དགུ་བྱེད་ཀྱི་ཡོད། དབྱར་རྩྭ་དགུན་འབུ་རྐོ་བ་དང་ཉོ་ཚོང་བྱས་པར་བརྟེན་ནས་བོད་རིགས་འབྱོར་ལྡན་ཆགས་མཁན་གང་མང་བྱུང་ཡོད། དབྱར་རྩྭ་དགུན་འབུ་ནི་བོད་ཀྱི་ས་གཤིས་བཟང་ས་དང་ཐོན་ཁུངས་ཡོད་ས་མང་ཆེ་བར་ཡོད་པ་དང་། འདི་རྐོ་དུས་སྔོ་ལྗང་ཅན་གྱི་སྤང་གཤོང་མང་པོ་ས་དོང་དྲུས་ཏེ་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཡོང་གི་ཡོད་པ་མ་ཟད། གཞི་རྒྱ་ཆེ་བའི་སྤང་དང་རྩྭ་ཐང་ཆེས་མང་པོ་ཉམས་རྒུད་འགྲོ་བཞིན་ཡོད། རྩ་ཆེའི་སྨན་རྩྭ་འདི་རིགས་ཚད་ལས་བརྒལ་བ་སྔོག་འདོན་བྱས་པའི་རྐྱེན་གྱིས་ད་ཆ་རྩ་སྟོངས་སུ་འགྲོ་བའི་ཉེན་ཁའི་མཚམས་སུ་སླེབས་ཡོད་པ་དང་། ལྷག་པར་དུ་རྨ་ཆུ་དང་། རྫ་ཆུ། འབྲི་ཆུ་གསུམ་གྱི་རྒྱུད་དུ་ཡོད་པའི་དབྱར་རྩྭ་དགུན་འབུ་ནི་ཆེས་ཡག་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཆུ་བོ་འདི་གསུམ་གྱི་རྒྱུད་དུ་གནས་པའི་མི་འབུམ་གཅིག་ལྷག་གིས་ལོ་ལྟར་སྨན་རྩྭ་འདི་སྔོག་འདོན་བྱེད་ཀྱི་ཡོད་པས། ཆུ་ལོག་བརྒྱབ་པའི་གནས་ཚུལ་མང་པོ་བྱུང་སྟེ་འགྲོ་བ་མི་གཙོས་པའི་སེམས་ཅན་མང་པོའི་འཚོ་གནས་ལ་གནོད་འཚེ་ཡང་ཡོང་གི་ཡོད།
མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་བོའི་ཆུན་པོ་ཞེས་པའི་དཔེ་དེབ་ནང་གསལ་བ་ལྟར་ན་དབྱར་རྩྭ་དགུན་འབུ་སྨིན་པའི་དུས་སུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྗོང་སྒོ་མེ་གཡུ་ཚ་སྡེ་བའི་མཐའ་འཁོར་དུ་ཧོང་ཡོན་དང་། ཧོང་ཀྲུང་། ཧྭ་ལུང་གི་ཞིང་པ་རྣམས་ཀྱིས་གུར་ ༦༠༠ ཕུབ་སྟེ་གུར་གཅིག་གི་ནང་ཉུང་མཐར་མི་གྲངས་དྲུག་རེ་ཡོད་པ་དང་། ད་དུང་རྗོང་ཁག་གཞན་ནས་ཡོང་བའི་མི་སོགས་བསྡོམས་ཉིན་རེར་མི་གྲངས་ཆིག་ཁྲི་ལྷག་གིས་སྒོ་མེ་གཡུ་ཚའི་ས་ཐོག་ཏུ་དབྱར་རྩྭ་དགུན་འབུ་བརྐོས་ནས་རྩྭ་ཐང་ལ་གཏོར་སྐྱོན་གཏོང་གི་ཡོད་པ་སོགས་གསལ་ཡོད། སྐྱེ་ཁམས་རིག་པ་བ་ཚོས་དབྱར་རྩྭ་དགུན་འབུ་རྐོ་རྒྱུ་དོ་དམ་མ་བྱས་ན་འབྱུང་འགྱུར་རང་བྱུང་ཁམས་ལ་ད་ལྟ་ལས་ལྷག་པའི་གནས་ཚུལ་ཚབས་ཆེན་ལྷགས་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད།
དབྱར་རྩྭ་དགུན་འབུ་གནའ་དུས་བོད་ཀྱི་སྲོལ་རྒྱུན་སྨན་རྫས་ནང་མ་གཏོགས་བེད་སྤྱོད་མེད་ཅིང་། དེང་དུས་ཚན་རིག་ཤེས་བྱ་འཕེལ་རྒྱས་འགྲོ་བ་དང་བསྟུན། ཕྱི་ལུགས་སྨན་དང་བྱུག་རྫས་སོགས་ཀྱི་ནང་ཆེས་དགོས་མཁོ་ཆེན་པོ་ཡོད་པ་མ་ཟད། ཕན་ནུས་ཡང་ཚད་མཐོ་པོ་ཡོད་པས། ཁྲོམ་རའི་ཐོག་རིན་གོང་ཆེས་ཆེན་པོ་ཆགས་ཡོད། རྒྱ་ནག་དང་། ཐེ་ཝན། ཧོང་ཀོང་སོགས་ལ་ཕྱི་ཚོང་བྱས་ཏེ་སྤྱི་རྒྱ་རེ་ལ་རྒྱ་སྒོར་བརྒྱད་ཁྲི་ཙམ་རག་གི་ཡོད། དབྱར་རྩྭ་དགུན་འབུ་ཡག་ཤོས་གྲངས་༩༠༠ཙམ་གྱིས་རྒྱ་མ་གཅིག་ཆགས་ཀྱི་ཡོད་པ་དང་། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་ཙམ་ནས་བཟུང་རྒྱ་གཞུང་གི་བོད་རིགས་མང་ཚོགས་ལ་ཁྲལ་འདེད་ཀྱིས་བོད་ཀྱི་རྩ་ཆེན་སྨན་རྩྭ་རིགས་ཆེས་མང་པོ་འཐུ་རྐོ་བྱས་བཅུག་ཡོད་པས། དབྱར་རྩྭ་དགུན་འབུ་ཡང་ཨ་སྒོར་དུང་ཕྱུར་ལྷག་གི་རིན་ཐང་ལྡན་པ་རྒྱ་ནག་ལ་དབོར་འདྲེན་བྱས་ཡོད་པ་བརྗོད་མི་དགོས།
ཉེ་དུས་ཉམས་ཞིབ་པ་ཁག་གིས་བརྟག་དཔྱད་ཀྱི་ལམ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དབྱར་རྩ་དགུན་འབུ་ཞིག་གི་ཚེ་ཡུན་ life cycle ལོ་དྲུག་ཡིན་པ་དང་དེ་ལ་བརྟེན་ནས་རང་བྱུང་གི་ཐོན་ཚད་ཆེས་དཀོན་པ་དང་ཁྲོམ་རའི་ཐོག་རིན་གོང་ཆེན་པོ་ཆགས་ཡོད། སྤྱིར་འབུ་འདི་ཕྱེ་མ་ལེབ་ཀྱི་རིགས་ཤིག་དང་མཆོད་མེ་སོགས་དཀར་ཆ་ཡོད་སར་འཁོར་བའི་འབུ་རྐང་ལག་དྲུག་དང་ཁ་དོག་དཀར་པོ་ཅན་ཞིག་ཡོད། སྒོ་ངའི་གནས་སྐབས་ས་འོག་སྡོད་པ་དང་ཐོག་མའི་ལོ་ལྔའི་རིང་སྒོ་ངའི་གནས་བབ་འོག་འཚར་ལོངས་བྱེད་ཀྱི་ཡོད། ལོ་ལྔ་པའི་དབྱར་སྨད་དུ་དར་སྲིན་ caterpillar གྱི་གཟུགས་སུ་འགྱུར་བ་དང་སྐབས་འདིར་འགའ་ཞིག་ཧམ་སྤུའི་རིགས་ཤིག་གིས་གཏུམ་ནས་གསོད་པ་དང་དེ་དག་ཕྱི་ལོའི་དབྱར་ཁ་ཚེས་སྐབས་སླར་ཡང་ཤ་མོང་གི་ངོ་བོར་ས་སྟེང་དུ་མངོན་པས་སྐབས་དེར་མི་ཚོས་བསྡུ་སྒྲུག་བྱེད་པ་དང་དབྱར་རྩ་དགུན་འབུ་ཞེས་པ་འདི་བྱུང་བ་རེད། ས་སྟེང་དུ་མངོན་པའི་ཆ་ཤས་དེ་ཁ་དོག་སྨུག་པོ་དང་རྒས་པའི་སྐབས་སུ་སེར་པོར་འགྱུར་བ་དང་དེ་ལས་མཐར་ཧམ་སྤུའི་ས་བོན་ཆུང་ངུ་མང་པོ་ཕྱོགས་སུ་འཐོར་བ་དང་། ས་བོན་དེ་དག་ས་འོག་ཏུ་ཕྱིན་ནས་སླར་ཡང་དེར་ཡོད་དར་སྲིན་ལ་ཕོག་ནས་གསོད་པས་དབྱར་རྩ་དགུན་འབུའི་རྒྱུན་འཁོར་མུ་མཐུད་གནས་ཀྱི་ཡོད། དབྱར་རྩ་དགུན་འབུ་རྐོས་ན་སྡིག་པ་ཡོད་མིན་གྱི་བསམ་ཚུལ་ཞིག་ཡོང་གི་ཡོད་སྟབས་གནས་སྟངས་དེའི་སྐོར་རོབ་ཙམ་གླིང་ན། དབྱར་རྩ་རྐོ་བའི་གནས་སྐབས་སུ་འབུ་དག་ཤི་ནས་ལོ་ཕྱེད་ལྷག་ཕྱིན་ཟིན་ཡོད་པས་སྲོག་གཅོད་ཀྱི་བྱ་བ་དངོས་སུ་ཆགས་མེད། དབྱར་སྟོད་དུ་རྐོ་རྒྱུ་ལྷག་པའི་འབུ་དེ་དག་རིམ་བཞིན་ཕྱི་ལ་གཏུམ་པའི་ཧམ་སྤུས་ཟས་ནས་རུལ་ཟད་འགྲོ་བ་མཐོང་ཐུབ། དེར་བརྟེན། དབྱར་རྩ་རྐོ་བ་ནི་ཤི་ཟིན་པའི་འབུ་རོ་ས་འོག་ནས་བཏོན་པ་ཡིན་པས་དེར་སྲོག་གཅོད་ཀྱི་སྡིག་པ་མེད་པར་སེམས། འོན་ཀྱང་རྐོ་ཐལ་ཤོར་ན་སྤང་རྩ་ཉམས་པ་དང་ཁོར་ཡུག་ལ་གནོད་པ་ནི་གནས་སྟངས་གཞན་ཡིན་པས་ཡིད་གཟབ་དགོས་ངེས་རེད། ལྷག་པར་དུ་འབྲོག་ས་མང་པོ་ཞིག་ལ་མི་ཚོས་དབྱར་རྩའི་ཁེ་བབ་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་སྲོལ་རྒྱུན་འབྲོག་ལས་ཀྱི་བྱ་བ་མི་བགྱིད་པས་འབྲོག་ས་མང་པོ་ཞིག་ལ་སེམས་ཅན་གསོ་ཉར་བྱེད་མཁན་མེད་པའི་གནས་སྟངས་ཡོང་བཞིན་ཡོད། འདི་ནི་ཉེན་ཁ་ཆེ་བ་དང་རྗེས་སོར་དབྱར་རྩ་མེད་པ་འགྱུར་བ་དང་རིན་ཐང་ཆུང་དུ་ཕྱིན་པ་སོགས་ཆགས་ཚེ་འཚོ་རྟེན་མི་རྙེད་པའི་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་ཡིན།

སྨན་རྩ་འདིའི་ཕན་ཡོན་ནི་ཤིན་ཏུ་རྒྱ་ཆེ་བ་ལས་གཙོ་བོ་ལུས་ཟུངས་རྒྱས་པ་དང་། མཁྲིས་ཞག་ཉུང་དུ་གཏོང་བ། གློ་བ་དང་མཆིན་པ་སོགས་ཀྱི་སྐྲན་ནད་འགོག་པ། སྙིང་ནད་འགོག་པ། དབུགས་ཐག་རིང་དུ་གཏོང་བ་དང་ལུས་ཁམས་སྤྱིའི་འཕྲོད་བསྟེན་ལ་ཕན་པ་བཅས་ཡིན། དེ་སྔོན་ཕྱི་ལོ་ ༡༩༩༣ ལོར་རྒྱ་ནག་གི་རྒྱང་རྒྱུགས་རྩེད་འགྲན་པ་གསུམ་ལ་སྔར་བྱུང་མ་མྱོང་བའི་གྲུབ་འབྲས་ཐོབ་པ་དང་དེའི་ཐད་རྒྱལ་སྤྱིའི་ནང་དོགས་པ་དང་གླེང་སློང་སྣ་ཚོགས་བྱུང་ཡོད། འོན་ཀྱང་ཁོང་ཚོའི་ཟུངས་ཁྲག་ནང་ཁྲིམས་འགལ་གྱི་སྨན་རྫས་གང་ཡང་མ་རྙེད་པ་དང་གསར་འགོད་པས་དྲི་བ་བྱེད་སྐབས་ཁོང་ཚོའི་གྲུབ་འབྲས་ནི་དབྱར་རྩ་དགུན་འབུ་ལོངས་སུ་སྤྱད་པ་ལས་བྱུང་ལུགས་བཤད་པར་བརྟེན་དེ་ནས་བཟུང་རྒྱལ་སྤྱིའི་ཐོག་སྨན་རྩ་འདི་གྲགས་པ་ཆེན་པོ་བྱུང་བ་དང་རིན་གོང་ཡང་འཕར་བ་རེད། སྨན་རྩ་འདི་དུས་རབས་བཅུ་དྲུག་ཙམ་ནས་རྒྱ་ནག་གོང་མ་སོགས་མི་དྲག་ཁག་གི་ཁྲོད་དར་སོ་དང་རིན་ཐང་ཆེན་པོ་བྱེད་པ་ཞིག་ཡིན་ནོ།

Post a Comment

Previous Post Next Post