མ་རྐང་ཕྲ་ཕུང་།


མ་རྐང་ཕྲ་ཕུང་ལས་བཟོས་པའི་ཀླད་པ།

ཉེ་དུས་ཚན་རིག་པ་ཚོས་མིའི་པགས་པའི་མ་རྐང་ཕྲ་ཕུང་བེད་སྤྱོད་བྱས་ནས་བརྟག་དཔྱད་ཁང་དུ་མིའི་ཀླད་པ་དང་འདྲ་བའི་གཟུགས་ཕུང་ཆུང་ངུ་ཞིག་སྐྱེ་འཕེལ་བྱེད་འཇུག་ཡོད། ཁོང་ཚོས་པགས་པའི་ཕྲ་ཕུང་ཞིག་བླངས་ནས་ཟླ་བ་བཅུ་ལྷག་ཟས་བཅུད་དང་ཚ་དྲོད་རན་པའི་ཁོར་ཡུག་འོག་འཚར་ལོངས་འཇུག་སྐབས་མཐར་ཚངས་ཐིག་ལ་མི་ལི་མི་ཊར་གསུམ་ལྷག་ཡོད་པའི་ཕུང་གྲུབ་ཀྱི་གོང་བུ་ཞིག་སྐྱེ་འཕེལ་བྱུང་བ་དང་རྒྱུན་ལྡན་མིའི་ཀླད་པ་བཞིན་གོང་བུ་འདིའི་ཆ་ཤས་ཕན་ཚུན་དབར་དབང་རྩས་མཐུད་ནས་གནས་ཡོད།


མངལ་གནས་སྐབས་སྦྲུམ་སྲིང་གི་ཀླད་པའི་འཚར་ལོངས་འབྱུང་བ་དང་དེ་ཡང་ལུས་ཕུང་སྤྱིའི་འཚར་ལོངས་ཀྱི་འགྲོས་དང་བསྟུན་ནས་ཕན་ཚུན་བརྡ་འཕྲིན་བརྗེ་ལེན་བྱེད་བཞིན་འཚར་ལོངས་འབྱུང་བ་དང་ལུས་ཕུང་སྤྱི་བཞིན་ཀླད་གནས་སོ་སོར་ནུས་པ་དང་ཁ་ཟས་སྐྱེལ་འདྲེན་ཆེད་ཁྲག་རྩའི་ཁེངས་ནས་ཡོད་ནའང་ད་ལྟའི་ཕུང་གྲུབ་ཀྱི་གོང་བུ་འདིའི་ནང་ཁྲག་རྩ་སོགས་གང་ཡང་མེད་པ་རེད། ཀླད་པ་དངོས་དང་གོང་བུ་འདི་གཉིས་བར་མི་འདྲ་བའི་ཆ་ཡོང་དོན་ནི་འཚར་ལོངས་ཀྱི་ཁོར་ཡུག་མི་འདྲ་བ་དང་དེ་དང་འབྲེལ་བའི་སྐུལ་རྐྱེན་ཁྱད་པར་ཤོར་བས་ཡིན་ལུགས་ཤོད་བཞིན་ཡོད། ཚན་རིག་པ་ཚོས་དེ་སྔོན་མིག་དང་མཁལ་མ་ལ་སོགས་པའི་དོན་ལྔ་སྣོད་དྲུག་ཕལ་ཆེ་བ་མ་རྐང་ཕྲ་ཕུང་སྤྱད་ནས་བརྟག་དཔྱད་ཁང་དུ་བཟོ་སྐྲུན་བྱས་ཡོད་པ་དང་ད་ཆ་ལུས་ཀྱི་ཆ་ཤས་ལས་མགོ་རྙོག་ཆེ་ཤོས་ཡིན་པའི་ཀླད་པའི་གཟུགས་ལྟ་བུ་ཞིག་ཀྱང་བཟོ་སྐྲུན་ཐུབ་ཡོད། འབྲེལ་ཡོད་ཚན་རིག་པ་ཚོས་ཟེར་དོན་ལྟར་ན། ཁོང་ཚོས་འདི་ལྟར་མིའི་ལུས་ཕུང་གི་ཆ་ཤས་འདེབས་ལས་བྱེད་པའི་དམིགས་ཡུལ་ནི་རྗེས་སོར་དོན་སྙིང་སྐྱོན་ཤོར་བའི་མི་ལ་དེ་དག་གསར་བརྗེ་བྱས་པའི་ཐོག་ནས་ཕན་ཐོགས་ཡོང་བ་བྱེད་རྒྱུ་ཡིན་ལུགས་ཤོད་ཀྱི་ཡོད། དེ་ལྟར་དོན་སྙིང་སོགས་ལུས་ཀྱི་ཆ་ཤས་རྣམས་དངོས་སུ་ཐབས་ལམ་འདིའི་ཐོག་ནས་བཟོ་སྐྲུན་གྱིས་མཐར་མིའི་ལུས་པོའི་ནང་བེད་སྤྱོད་དངོས་སུ་བྱེད་ཐུབ་པར་དུས་ཚོད་རིང་པོ་འགོར་རྒྱུ་མིན་པའི་ཡིད་ཆེས་བྱེད་བཞིན་ཡོད་ལ་ཐབས་ལམ་འདིའི་ཐོག་ནས་འཕེལ་སྐྱེད་ཀྱི་དུས་སྐབས་དང་འབྲེལ་བའི་ནད་གཞི་མང་པོ་ཞིག་གི་རྩ་བ་ནས་འགོག་པ་དང་དེ་དག་གདོང་ལེན་བྱེད་པའི་ཐབས་ལམ་རྙེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད། མ་ཟད་རིགས་ལམ་ལྟར་བྱས་ན་དོན་ལྔ་སྣོད་དྲུག་སོགས་སྲོག་ཆགས་ཤིག་གི་ལུས་ཀྱི་ཆ་ཤས་ཙམ་མ་ཡིན་པར་སྲོག་ཆགས་ཆ་ཚང་བ་ཞིག་སྐྲུན་ཐུབ་དགོས་པ་མ་ཟད། མ་འོངས་པའི་དུས་ཞིག་ན་དེ་ལྟར་དངོས་སུ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད།

འོན་ཀྱང་དེ་ལྟ་བུའི་སྲོག་ཆགས་ཤིག་སྐྲུན་ཐུབ་པའི་དབང་དུ་གཏང་ནའང་སྤྱིར་བཟང་སྤྱོད་དང་ལྷག་པར་དུ་ཆོས་ལུགས་ཀྱི་ལྟ་བ་དང་འགལ་མིན་ཐད་ཚན་རིག་དང་དེ་མིན་གྱི་སྤྱི་ཚོགས་ནང་བགྲོ་གླེང་དང་རྩོད་པ་ལྷུག་པོ་བྱེད་བཞིན་ཡོད་ལ། ནང་པ་ཚོས་ངོས་ནས་བལྟས་ན་དེར་གནོད་ཚབས་ཆེ་བ་མཐོང་གི་མེད། རྣམ་ཤེས་ཀྱི་རྟེན་བྱེད་པའི་ལུས་ཀྱི་ཕུང་པོ་གང་ཡང་ངེས་པར་དུ་ཕ་མ་གཉིས་ཚང་དགོས་པ་དང་དེ་ཡང་ཕ་མ་གཉིས་ལུས་འབྲེལ་གྱི་ཐོག་ནས་ཡོང་དགོས་པའི་ངེས་པ་མེད་ལ། གལ་ཏེ་ལུས་ཀྱི་མ་རྐང་ཕྲ་ཕུང་གཅིག་ལས་རྣམ་ཤེས་ཀྱི་རྟེན་བྱེད་ཐུབ་པའི་ལུས་ཕུང་ཧྲིལ་པོ་ཞིག་བཟོ་ཐུབ་ན་དེ་ནི་རྒྱུན་ལྡན་ལྟར་སྲོག་ཆགས་ཤིག་གི་སྐྱེ་བ་བླངས་པ་ཡིན་པས་འགལ་ཟླ་ཆེ་བ་མེད་ཟེར་གྱི་ཡོད།



འོ་ན་མ་རྐང་ཕྲ་ཕུང་ཞེས་པ་གང་རེད་དམ་ཟེར་ན། སྤྱིར་ང་ཚོའི་ལུས་པོའི་ནང་ཕྲ་ཕུང་གི་རིགས་མང་པོ་ཞིག་ཡོད་པ། དཔེར་ན། ཤ་རྒྱུས་ཀྱི་ཕྲ་ཕུང་དང་། དབང་རྩའི་ཕྲ་ཕུང་། རུས་པའི་ཕྲ་ཕུང་། པགས་པའི་ཕྲ་ཕུང་། ཁྲག་གི་ཕྲ་ཕུང་སོགས་ཡིན་ལ་དེ་དག་ནི་རྣམ་པ་སོ་སོར་ཕྱེས་པའི་ཕྲ་ཕུང་སྟེ། རང་གི་རིགས་མཐུན་པའི་ཕྲ་ཕུང་ཁོ་ན་ལས་ཕྲ་ཕུང་གཞན་སྐྱེ་སྲིང་ཐུབ་ཀྱི་མེད། དེ་ནི་ཤ་རྒྱུས་ཀྱི་ཕྲ་ཕུང་ཞིག་ལས་ཤ་རྒྱུས་ཀྱི་ཕྲ་ཕུང་གསར་པ་སྐྱེ་བར་བྱེད་པ་ལས་དབང་རྩའི་ཕྲ་ཕུང་ལྟ་བུ་ཕྲ་ཕུང་རིགས་གཞན་སྐྱེ་བའི་རྒྱུ་བྱེད་ཐུབ་ཀྱི་མེད། འོན་ཀྱང་ཕྲ་ཕུང་གི་རིགས་འདི་དག་ཚང་མ་ཐོག་མར་ཕ་མའི་ཁམས་དཀར་དམར་གཉིས་ལས་བྱུང་བའི་ཕྲ་ཕུང་ཁེར་རྐྱང་གཅིག་ནས་བྱུང་ཡོད། དེར་བརྟེན་མངལ་གནས་ཀྱི་སྐབས་སུ་ཐོག་མར་དོན་ལྔ་སྣོད་དྲུག་སོགས་དབང་པོ་དང་ཡན་ལག་གང་ཡང་མ་དོད་པའི་ཤ་གོང་ཞིག་ལས་མེད་པ་དང་དེའི་གྲུབ་བྱེད་ཀྱི་ཕྲ་ཕུང་མཐའ་དག་མ་འོངས་པར་པགས་པ་དང་དབང་རྩ་སོགས་ཀྱི་ཕྲ་ཕུང་གི་རིགས་གང་ཡང་འགྱུར་བའམ་རིགས་གང་གི་ཡང་རྒྱུ་བྱེད་པའི་ནུས་པ་ཡོད་པ་ཞིག་ཡིན་པས་དེ་ལྟ་བུའི་ཕྲ་ཕུང་ལ་མ་རྐང་ཕྲ་ཕུང་ཞེས་ཟེར་གྱི་ཡོད། མདོར་ན་མ་རྐང་ཕྲ་ཕུང་ཞེས་པ་ནི་དབང་རྩ་དང་ཤ་རྒྱུས་ལྟ་བུ་རྣམ་པ་སོ་སོར་མ་ཕྱེས་པའི་རྒྱུ་གཞིའི་ཕྲ་ཕུང་དེར་ཟེར་བ་དང་། ཁོར་ཡུག་དང་སྐུལ་རྐྱེན་འདྲ་མིན་འོག་གོང་འཁོད་ཕྲ་ཕུང་གི་རིགས་གང་ཡང་འགྱུར་བའི་ནུས་པ་ཡོད་པ་ཞིག་ལ་ཟེར་བ་ཡིན། སྤྱིར་མ་རྐང་ཕྲ་ཕུང་ལ་རིགས་འགའ་ཞིག་ཡོད་པ་ལས་མངལ་གནས་སྐབས་ཀྱི་མ་རྐང་ཕྲ་ཕུང་ལ་མངལ་གནས་ཀྱི་མ་རྐང་ཕྲ་ཕུང་ཟེར་བ་དང་། དེ་མིན་ནར་སོན་གྱི་མིའི་ལུས་པོའི་ནང་དུ་ཡང་རུས་རྐང་སོགས་ལུས་ཀྱི་ཆ་ཤས་འདྲ་མིན་ནང་མ་རྐང་ཕྲ་ཕུང་རྙེད་ཐུབ། མ་རྐང་ཕྲ་ཕུང་ལ་ཚང་དགོས་པའི་ཁྱད་ཆོས་གཙོ་བོ་གཉིས་ནི་རང་ཉིད་བསྐྱར་སྐྲུན་དང་ཕྲ་ཕུང་རིགས་གཞན་དུ་འགྱུར་ཐུབ་པའི་ནུས་པ་ཡོད་དགོས་པ་གཉིས་ཡིན། མ་རྐང་ཡིན་པའི་ཆ་རྐྱེན་ཚང་བ་གང་ཞིག་ལ་ཕྲ་ཕུང་རིགས་གཞན་དུ་འགྱུར་ཐུབ་པའི་ནུས་པ་ལ་ཚད་མི་འདྲ་བ་ཡོད་པ་སྟེ། དཔེར་ན། མངལ་སྦྲུམ་སྐབས་ཀྱི་མ་རྐང་ཕྲ་ཕུང་ལྟ་བུ་ཡིན་ན་ང་ཚོའི་ལུས་ཕུང་ནང་ཡོད་པའི་ཕྲ་ཕུང་གི་རིགས་གང་ཡང་འགྱུར་ཐུབ་ཀྱང་། དེ་མིན་ནར་སོན་མིའི་ལུས་པོའི་ནང་ཡོད་པའི་མ་རྐང་ཕྲ་ཕུང་འགའ་ཞིག་རང་དང་རིགས་ཉེ་བའི་ཕྲ་ཕུང་གི་རྣམ་པར་འགྱུར་ཐུབ་པ་ལས་བྱེད་ལས་རྩ་བ་ནས་ཐ་དད་ཡིན་པའི་ཕྲ་ཕུང་གི་རྣམ་པར་འགྱུར་མི་ཐུབ་པ་སོགས་ཚད་གཞི་འདྲ་མིན་ཡོད། ཚན་རིག་པས་མིའི་མངལ་སྦྲུམ་སྐབས་ཀྱི་མ་རྐང་ཕྲ་ཕུང་ཐོག་སྤྱི་ལོ་ ༡༩༩༨ ནས་བརྟག་དཔྱད་བྱེད་བཞིན་ཡོད་པ་དང། ཁོང་ཚོས་ཕྲ་ཕུང་དེ་རིགས་ལོགས་སུ་དབྱེས་ནས་སྐྱེ་འཕེལ་ཆེད་དམིགས་བསལ་ཡོ་ཆས་ཀྱང་བསྐྲུན་ཡོད། སྤྱིར་མིའི་མངལ་སྦྲུམ་སྐབས་ཀྱི་མ་རྐང་ཕྲ་ཕུང་འདིས་ཚབས་ཆེའི་ནད་རིགས་མང་པོར་བཅོས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་ནའང་ད་ལྟའི་ཆར་ཉམས་ཞིབ་དེ་དག་ཐོག་མའི་གནས་སྐབས་སུ་ལྷག་ཡོད། འོན་ཀྱང་ལོ་མང་སྔོན་ནས་རྐང་མར་མ་རྐང་ཕྲ་ཕུང་དེ་ཁྲག་གི་འབྲས་ནད་དང་ཁྲག་གི་ནད་རིགས་གཞན་མང་པོ་བཅོས་ཐབས་ཆེད་བེད་སྤྱོད་བྱེད་བཞིན་ཡོད། རྐང་མར་མ་རྐང་ཕྲ་ཕུང་ནང་ཁྲག་སྐྲུན་ཐུབ་པའི་མ་རྐང་ཕྲ་ཕུང་དེ་ཡོད། ད་ལྟའི་ཆར་ཚན་རིག་པ་ཚོས་མ་རྐང་ཕྲ་ཕུང་རིགས་འདྲ་མིན་བེད་སྤྱོད་བྱས་ནས་ནད་རིགས་འདྲ་མིན་བཅོས་ཐུབ་མིན་ཐད་བརྟག་དཔྱད་བྱེད་བཞིན་ཡོད།

Post a Comment

Previous Post Next Post