ཨ་རིའི་གནམ་རིག་པ་ཚོས་སྔ་ལོའི་སྤྱི་ཟླ་བཅུ་གཅིག་ནང་འཕུར་གྲུ་ཞིག་གཟའ་མིག་དམར་ཐོག་བཏང་ཡོད་པ་དེ་འདས་པའི་ཟླ་བ་དགུ་ལྷག་གི་རིང་སྟོང་སངས་ཀྱི་བར་སྣང་ནང་ཆུ་ཚོད་གཅིག་ལ་མེ་ལེ་བརྒྱད་སྟོང་གི་མྱུར་ཚད་ཐོག་སྐྱོད་བཞིན་ཡོད་པ་དང་། མཐར་འདི་ལོའི་ཟླ་བ་བཅུ་པའི་ཚེས་བཅུ་གསུམ་ཉིན་གཟའ་གླིང་མིག་དམར་ཐོག་འབྱོར་ཡོད། འཕུར་གྲུ་འདིའི་ནང་ཤེས་འདོད་ཅེས་པའི་འཕྲུལ་ཆས་མོ་ཌའི་ཆེ་ཚད་དང་མཉམ་པ་ཞིག་ཡོད་པ་དེས་ད་བར་གཟའ་མིག་དམར་གྱི་ལོ་རྒྱུས་ནང་ཚེ་སྲོག་གི་དཔལ་ཡོན་ཇི་བྱུང་འཚོལ་རྒྱུ་དང་། དེ་ཡང་ཆེས་སྔ་མོའི་སྐབས་གཟའ་དེའི་རླུང་ཁམས་དང་ས་ཁམས་ཀྱི་གནས་སྟངས་བརྟག་དཔྱད་བྱེད་རྒྱུ་ཡིན་འདུག འཕུར་གྲུ་འདིའི་འབབ་ཡུལ་ནི་གཟའ་མིག་དམར་གྱི་དཀྱིལ་ཐིག་གི་ཉེ་འགྲམ་དུ་ཡོད་པའི་ས་དོང་ཤིན་ཏུ་ཆེ་བ་གེལ་ Gale ས་དོང་ཞེས་པ་དེ་དང་། ས་དོང་དེ་ནི་ཞེང་ཚད་མི་ལི་དགུ་བཅུ་དང་ལོ་ངོ་ཐེར་འབུམ་གསུམ་དང་ཕྱེད་ཀྱི་སྔོན་དུ་གྲུབ་པ་ཞིག་ཡིན། ཤེས་འདོད་ཀྱི་འབབ་ཡུལ་ས་དོང་འདི་འདེམས་དགོས་དོན་ནི། གཅིག་ནས་ས་དོང་འདི་ཤིན་ཏུ་རྙིང་པ་དང་། གཉིས་ནས་སྔར་གཙང་པོ་དང་རྒྱ་མཚོ་སོགས་བྱུང་མྱོང་ཚེ་དེ་དག་གི་མཐའ་མའི་ཤུལ་ས་དོང་འདིར་རྙེད་ཤས་ཆེ་བའི་རྒྱུ་མཚན་བཅས་ཡིན།

འཕུར་གྲུ་འདི་ས་དོང་དེར་འབབ་པར་ཤིན་ཏུ་རྙོག་པའི་རིམ་པ་དུ་མ་བརྒྱུད་དགོས་པ་དང་དེ་ལྟར་འབབ་ཐུབ་པ་ཡང་རྒྱུན་རིང་སྦྱོང་བརྡར་ཐེངས་མང་བྱས་པའི་གྲུབ་འབྲས་ཆགས་ཡོད་སྐོར་ཤོད་བཞིན་ཡོད། འདས་པའི་ཟླ་ངོ་གཉིས་ཙམ་གྱི་ནང་འཕུར་གྲུ་འདིས་གཟའ་གླིང་མིག་དམར་གྱི་གནས་ཚུལ་མང་དག་ཅིག་ཕྱིར་གཏོང་བྱས་ཡོད་པ་དང་། ཚན་རིག་པ་ཚོས་གཟའ་མིག་དམར་གྱི་ས་ཁམས་དང་ཁོར་ཡུག་གི་གནས་བབས་དེ་དག་ཨ་རིའི་ནུབ་ཕྱོགས་ས་གནས་སུ་ཡོད་པའི་བྱེ་ཐང་འགའ་ཞིག་དང་ཤིན་ཏུ་འདྲ་བ་རྙེད་པ་དེས་ཁོང་ཚོ་ཧང་ཡོངས་སུ་སངས་འཇུག་ཡོད།

གནས་ཚུལ་སྤེལ་དུས། (སྤྱི་ལོ་ ༢༠༡༢)

Post a Comment

Previous Post Next Post