སྤྱི་ལོ་ ༢༠༡༣ ལོའི་བོད་དང་ཨེ་མོ་རིའི་ཚན་རིག་ལས་འཆར་གྱི་ཟབ་སྦྱོང་དེ་བཞིན་ཟླ་ ༥ ཚེས་ ༡༡ ནས་ཟླ་ ༦ ཚེས་ ༡༨ བར་རྡ་སའི་ཉེ་འདབས་སུ་ཆགས་པའི་སཱ་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་ཡོད།

འདི་ལོ་ནི་བོད་དང་ཨེ་མོ་རིའི་ཚན་རིག་ལས་འཆར་གྱི་སྡེ་ཚན་གཉིས་པའི་སློབ་མ་རྣམས་སློབ་ཐོན་བྱུང་བའི་ལོ་ཙམ་མ་ཟད་ལས་འཆར་འདིའི་འཕེལ་རིམ་ཁྲོད་གལ་ཆེའི་ལེའུ་ཞིག་མཇུག་རྫོགས་པའི་དུས་ཀྱང་ཡིན། ད་བར་ལས་འཆར་འདིའི་ནང་སྡེ་ཚན་གཉིས་ཀྱི་སློབ་མ་དགུ་བཅུ་ལྷག་འཛུལ་ཞུགས་གནང་ཡོད་པ་ལས་སློབ་མའི་གྲངས་དྲུག་ཅུ་ཐམ་པས་ལས་གཞི་འཇུག་སྐྱོང་ཐོག་སློབ་ཐོན་ལག་ཁྱེར་དངོས་སུ་བཞེས་ཐུབ་པ་བྱུང་ཡོད། ལྷག་འཕྲོས་སློབ་མ་ཁག་ལས་འགའ་ཞིག་ཕྱིར་བོད་དུ་ཕྱིན་པ་དང་འགའ་ཞིག་ལས་དོན་གཞན་གྱི་རྐྱེན་པས་འཛིན་གྲྭའི་ཚོགས་ཡུན་བརྒྱ་ཆ་བདུན་བཅུ་དོན་ལྔ་ལོན་མེད་པས་ལག་ཁྱེར་ཐོབ་མེད་ཀྱང་ལོ་ཤས་རིང་འཛུལ་བཞུགས་བྱས་པ་དེའི་ཐོག་ནས་ཤེས་ཡོན་སྣ་མང་ཞིག་ལ་འབྲེལ་མཐུད་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད།

ཟབ་སྦྱོང་བདུན་ཕྲག་དང་པོའི་རིང་སློབ་མ་ཚོར་ཨང་རྩིས་སློབ་ཁྲིད་བྱས་ཡོད། སྤྱིར་ཚན་རིག་སྤྱི་དང་ལྷག་པར་དངོས་ཁམས་རིག་པ་སློབ་གཉེར་ཚད་ལྡན་ཡོང་བར་ཨང་རྩིས་ནི་མེད་ཐབས་མེད་པ་ཞིག་ཡིན་པས་ལོ་ལྟར་བཞིན་ཟབ་སྦྱོང་དངོས་གཞིའི་སྔ་རྗེས་གང་རུང་དུ་ཨང་རྩིས་སློབ་ཁྲིད་བྱེད་བཞིན་པ་ལྟར་འདི་ལོ་ཡང་ཨེ་མོ་རི་ནས་ཕེབས་པའི་དགེ་རྒན་ཞིག་དང་བོད་རིགས་དགེ་རྒན་ཞིག་ནས་རེས་མོས་ཀྱི་ཚབ་རྩིས་དང་དབྱིབས་རྩིས་ཀྱི་ནང་ཚན་དུ་གྱུར་བའི་རྩིས་ཀྱི་འགྲོ་སྟངས་མང་པོ་ཞིག་སློབ་ཁྲིད་བྱས་ཡོད། སྤྱིར་གྲྭ་བཙུན་ཚོར་ཆུང་དུས་རྩིས་རིག་ལ་གོམས་འདྲིས་མེད་པས་གོ་དོན་ཇི་བཞིན་རྟོགས་པར་དཀའ་ངལ་ཡོད་ནའང་འབད་པ་དུ་མ་བསྟེན་པ་བརྒྱུད་རྩིས་རིག་གི་འགྲོ་སྟངས་རོབ་ཙམ་ཤེས་ཡོད།

བདུན་ཕྲག་གཉིས་པ་ནས་དངོས་གཞིའི་སློབ་ཚན་འགོ་འཛུགས་བྱས་པ་དང་ཨེ་མོ་རི་ནས་ཕེབས་པའི་དངོས་ཁམས་རིག་པའི་སློབ་དཔོན་གསུམ་གྱིས་སྐར་དཔྱད་རིག་པ་དང་ལྟོས་གྲུབ་རིག་པའི་སྐོར་སློབ་ཁྲིད་བྱས་ཡོད། སྐར་དཔྱད་རིག་པའི་ནང་གཙོ་བོ་སྐར་མ་ཞིག་གི་འཚོ་ཡུན་རིང་འཕེལ་གྲིབ་ཀྱི་འགྱུར་བ་གང་དག་བརྒྱུད་མིན་དང་། ང་ཚོའི་རང་བྱུང་ནང་མཐོང་ཆོས་སུ་གྱུར་བའི་རྩ་རྫས་འདི་དག་གང་ལས་བྱུང་མིན། དེ་བཞིན་མཐར་སྐར་མ་རྣམས་འཇིག་འགྲོ་སྐབས་རང་གི་གདོས་ཚད་ལ་བརྟེན་ནས་འཇིག་ཚུལ་མ་འདྲ་བ་གང་དང་རྗེས་ཤུལ་དངོས་པོ་གང་ཞིག་ལྷག་མིན་སོགས་ཀྱི་སྐོར་བཤད་ཡོད། ཡང་ལྟོས་གྲུབ་རྣམ་གཞག་ནི་སློབ་མ་ཚོས་དགའ་མོས་ཆེ་ཤོས་བྱེད་ཡུལ་གྱི་སློབ་ཚན་ཞིག་དང་། འདིར་ལྟོས་གྲུབ་རྣམ་གཞག་གི་བྱུང་རིམ་དང་། རྣམ་གཞག་གི་གོ་དོན། རྣམ་གཞག་འདི་ལས་དྲངས་པའི་རིགས་པའི་ཤུགས་རྐྱེན་གཞན་སོགས་ཀྱི་སྐོར་གླེང་ཡོད། ལྟོས་གྲུབ་ལ་ཡང་དུས་ལྟོས་གྲུབ་ཡིན་པའི་རྒྱུ་མཚན་གྱིས་དུས་འགྱངས་ཀྱི་གནས་སྟངས་འབྱུང་བ་དང་། བར་སྣང་ལྟོས་གྲུབ་ཡིན་པའི་རྒྱུ་མཚན་གྱིས་རིང་ཚད་ཁུམ་པའམ་ཐུང་དུ་འགྲོ་བ་བཤད་ཡོད། དེ་མིན་ཁྱབ་རྒྱ་དང་དར་སྔ་ཕྱིའི་དབང་གི་དམིགས་བསལ་ལྟོས་གྲུབ་དང་ཡོངས་ཁྱབ་ལྟོས་གྲུབ་ཅེས་ལྟོས་གྲུབ་ཀྱི་རྣམ་གཞག་ལ་ཚན་པ་གཉིས་སུ་དབྱེ་ཚུལ་སྐོར་བཤད་ཡོད། ཡང་ལྟོས་གྲུབ་རྣམ་གཞག་གི་རིག་པ་ལ་བརྟེན་ནས་སྐབས་དེ་དུས་མཐོང་རིག་མེད་པའི་གནས་ཚུལ་མང་པོ་ཞིག་ཡོང་སྲིད་པའི་སྔོན་དཔག་བྱས་པ་དང་དེ་དག་ལོ་ངོ་དུ་མའི་རྗེས་སུ་དེ་བཞིན་དུ་བདེན་པ་ཡིན་པ་རྙེད་པ་སོགས་ངོ་མཚར་ཅན་གྱི་གནས་ཚུལ་རྣམས་སློབ་ཁྲིད་བྱས།

དེ་རྗེས་ཉིན་བཅུའི་རིང་སློབ་དཔོན་བཞིས་དབང་རྩའི་ཚན་རིག་སྐོར་སློབ་ཁྲིད་བྱས་ཡོད། འདི་ལོའི་བརྗོད་གཞི་གཙོ་བོ་ཁག་ནི་གཏན་ཚིགས་དང་། བདག་གི་རྣམ་གཞག སྐད་བརྡ་བཅས་ཡིན་ལ་དེ་བཞིན་དུ་ཉམས་ཞིབ་འཆར་འགོད་དང་རྩོམ་འབྲི་བྱེད་ཚུལ་སྐོར་སློབ་ཁྲིད་བྱས་ཡོད། ཚན་རིག་ནང་གཏན་ཚིགས་བཤད་པའི་སྐབས་སུ་སྤྱི་ལས་བྱེ་བྲག་དཔོག་ཚུལ། དཔེར་ན། གལ་སྲིད་བོད་པ་ཚང་མ་མི་ཡིན་པ་དང་བཀྲིས་བོད་པ་ཡིན་ན། བཀྲིས་མི་ཡང་རེད་ཅེས་པ་ལྟ་བུ་ཆ་རྐྱེན་ཞིག་གི་འོག་གནས་ཚུལ་ཞིག་ཡིན་མིན་རྒྱ་ཆ་བརྒྱ་དཔོག་ཐུབ་པའི་གཏན་ཚིགས། ཡང་བྱེ་བྲག་ནས་སྤྱི་དཔོག་པའི་གཏན་ཚིགས་ཞེས་པ། དཔེར་ན། ད་བར་ཁྱོད་ཀྱིས་མཐོང་བའི་ངང་པ་ཚང་མ་སེར་པོ་ཡིན་ན་དེ་རྒྱུ་མཚན་དུ་བྱས་ནས་འཛམ་གླིང་ན་ཡོད་པའི་ངང་པ་ཚང་མ་སེར་པོ་ཡིན་པར་དཔོག་པ་ལྟ་བུའི་གཏན་ཚིགས་དང་། གཏན་ཚིགས་འདིའི་ལམ་ནས་བདེན་དོན་བརྒྱ་ཆ་བརྒྱ་སྒྲུབ་མི་ཐུབ་ཀྱང་ངང་པ་སེར་པོ་ཡིན་པ་རྙེད་རིམ་བཞིན་ངང་པ་ཚང་མ་སེར་པོ་ཡིན་སྲིད་པའི་བདེན་དོན་དང་ཐག་ཇི་ཉེར་སྐྱོད་ཐུབ་པ་ཞིག་རེད།

སྐད་བརྡའི་སྐོར་སློབ་ཁྲིད་བྱེད་སྐབས་སྐད་བརྡ་ཞེས་པ་ཐོག་མར་བྱིའུ་ལ་སོགས་པའི་སེམས་ཅན་གཞན་ལས་བྱུང་རབས་དང་ད་ཆ་སྐད་རིགས་བདུན་སྟོང་ཙམ་ཡོད་པ། རྒྱལ་ཁབ་དང་མི་རིགས་གང་དུ་སྐྱེས་པའི་བྱིས་པ་སུ་ཡིན་རུང་ཐོག་མར་སྐད་བརྡ་གང་ཡང་ཤེས་རྟོགས་བྱེད་པའི་ནུས་པ་གཅིག་མཚུངས་ཡོད་པ་དང་། རིམ་བཞིན་སྐད་བརྡ་བྱེ་བྲག་ཅིག་ལ་གོམས་འདྲིས་འབྱུང་སྐབས་དེས་སྐད་བརྡ་དང་འབྲེལ་བའི་ཀླད་གནས་ཁག་ལ་དབང་སྒྱུར་བྱེད་ལུགས་སོགས་བཤད་ཡོད། དེ་བཞིན་བྱིས་པ་ཚོས་ལོ་ཚོད་ངེས་ཅན་ཞིག་ལ་མ་སླེབས་བར་སྨྲ་མི་ཐུབ་པ་ཡང་སྨྲ་བྱེད་ཀྱི་ཀླད་པ་འཚར་ལོངས་བྱུང་མེད་པས་ཡིན་རབས་དང་། སྤྱི་ཡོངས་ཐོག་ཟླ་བ་བཅོ་ལྔ་ཙམ་ནས་སྨྲ་འགོ་བཙུགས་ཏེ་རིམ་བཞིན་སྐད་བརྡའི་ནུས་པ་ཇི་མཐོར་འགྲོ་བ་བཤད་ཡོད། སྐད་བརྡ་དང་འབྲེལ་བའི་ཀླད་གནས་གཙོ་བོ་གཉིས་ནི་བོ་རོ་ཁ་སི་ཀླད་གནས་ (Broca’s area) དང་ཝར་ནི་ཀའི་ཀླད་གནས་ (Wernicke’s area) བཅས་ཡིན།

དེ་མིན་གྲྭ་བཙུན་ཚོར་ཕྱིར་རང་དགོན་དུ་ཕེབས་ནས་སློབ་ཁྲིད་དང་སྣེ་ཁྲིད་ཀྱི་འགན་ཁུར་ཞུ་དགོས་སྟབས་ཁོང་ཚོར་འབྲི་རྩོམ་བྱེད་ཚུལ་དང་། སྡེ་ཚན་དུ་བགོས་ནས་མཉམ་ལས་བྱེད་ཚུལ། དེ་བཞིན་ཚན་རིག་པ་ཚོས་བརྟག་དཔྱད་དངོས་གཞི་འཆར་འགོད་དང་ལག་བསྟར་བྱེད་ཚུལ་བཅས་ཀྱི་ཐད་གོ་རྟོགས་གང་ལེགས་དགོས་སྟབས་དེ་འབྲེལ་གྱི་རྩལ་རིགས་གོང་འཕེལ་ཆེད་སྦྱོང་བརྡར་དང་ཚོད་བལྟའི་ལས་གཞི་ལག་བསྟར་བྱེད་འཇུག་པ་སོགས་བྱས་ཡོད།

ཟབ་སྦྱོང་གི་བདུན་མཐའ་མའི་རིང་སྐྱེ་དངོས་ཚན་རིག་སྐོར་སློབ་ཁྲིད་བྱས་ཡོད་པ་དང་། ཨེ་མོ་རི་དང་ཉེ་འཁོར་མཐོ་སློབ་བཅས་ནས་སློབ་དགེ་གསུམ་ཕེབས་ནས་གཙོ་བོ་སྔར་འདས་པའི་ལོ་ངོ་བཞིའི་རིང་སློབ་ཁྲིད་བྱས་ཟིན་གྱི་སློབ་གཞི་ཁག་བསྐྱར་སྦྱོང་དང་དེ་མིན་གྱི་བརྗོད་གཞི་འགའ་ཞིག་སྐོར་སློབ་ཁྲིད་བྱས་ཡོད་པ་ལས་གཙོ་བོ་ཕྲ་ཕུང་རྣམ་གཞག་དང་། འཕེལ་འགྱུར་རྣམ་གཞག་བཅས་སྐྱེ་དངོས་ཀྱི་སློབ་གཞི་གཙོ་ཁག་སྐོར་ཁ་སྣོན་དང་དྲན་གསོའི་སློབ་ཁྲིད་གནང་བ་བཅས་སོ།

Post a Comment

Previous Post Next Post