ཝོ་སོ་ཊོག་ Vostok མཚོ་ཞེས་པ་ནི་སའི་གོ་ལའི་ལྷོ་སྣེར་ཆགས་པའི་མཚོ་ཞིག་དང་ལོ་ངོ་ས་ཡ་བཅོ་ལྔའི་ཡར་སྔོན་ནས་ད་བར་འཁྱག་རོམ་གྱི་འོག་ཏུ་སྦས་པའི་མཚོ་ཞིག་ཡིན། འཁྱག་རོམ་གྱི་མཐུག་ཚད་ཕི་ཊ་ཆིག་ཁྲི་ཉིས་སྟོང་ཙམ་ཡོད་པས་དེའི་འོག་ཏུ་གནས་པའི་ཁོར་ཡུག་ནི་ཤིན་ཏུ་གྲང་ངར་དང་གནོན་ཤུགས་ཆེ་བའི་ཁོར་ཡུག་ཅིག་ཡིན་སྟབས་ཚན་རིག་པ་ཚོས་ད་བར་གནས་དེར་སྲོག་ཆགས་ཀྱི་རིགས་གནས་མི་སྲིད་པའི་ཚོད་དཔག་བྱས་ཡོད་པ་རེད།

འོན་ཀྱང་སྔ་ལོ་ནས་ཨུ་རུ་སུའི་ཚན་རིག་པ་འགས་འཁྱག་པ་དྲུས་ནས་དེར་བརྟག་དཔྱད་བྱེད་སྐབས་སྲོག་ཆགས་མི་འདྲ་བ་སུམ་སྟོང་ལྔ་བརྒྱ་ལྷག་གི་ཌེ་ཨེན་ཨེ་རྙེད་ཡོད་པ་ལས་དེ་དག་ཕལ་ཆེ་བ་ཕྲ་འབུ་ཆུང་ངུའི་རིགས་ཡིནའང་དེ་མིན་གྱི་ཕྲ་ཕུང་གཅིག་ལྡན་དང་ཕྲ་ཕུང་མང་ལྡན་གྱི་སྲོག་ཆགས་རིགས་ཀྱང་ཡོད་པ་རྙེད་ཡོད། གནས་ཚུལ་འདིའི་ཐོག་ནས་ཤེས་རྟོགས་ཐུབ་པ་ཞིག་ནི་ཤིན་ཏུ་དཀའ་ཚེགས་ཅན་གྱི་ཁོར་ཡུག་གི་ནང་དུའང་ཚེ་སྲོག་གི་འགྲོ་བ་ཡོང་ཐུབ་པས་ཉི་མའི་ཁྱིམ་བརྒྱུད་ཀྱི་གཟའ་གླིང་གཞན་དང་། དེའི་ཕྱི་རོལ་གྱི་གླིང་དག་གི་ནང་དུ་ཚེ་སྲོག་གི་དཔལ་ཡོན་རྙེད་སྲིད་པའི་རེ་བ་ཆེ་རུ་ཕྱིན་ཡོད།

མཚོ་འདི་ནི་གོ་ལའི་ལྷོ་སྣེ་ཨན་ཊར་ཊི་ཀའི་གླིང་ཆེན་ནང་འཁྱག་རོམ་གྱི་འོག་ཏུ་ཡོད་པ་ཞིག་དང་གཞུང་ལ་མེ་ལི་བརྒྱ་དང་དྲུག་ཅུ་དང་འཕྲེད་ལ་མེ་ལི་སུམ་བཅུ་ལྷག་ཡོད། མཚོ་འདིའི་ནང་གནས་པའི་སྲོག་ཆགས་དང་གོ་ལའི་སྟེང་ངོས་སུ་ཡོད་པའི་སྲོག་ཆགས་བར་འབྲེལ་བ་ཆད་ནས་ད་བར་ལོ་ས་ཡ་བཅོ་ལྔ་ཙམ་ཕྱིན་ཡོད་ནའང་དེར་གནས་པའི་སྲོག་ཆགས་ཕལ་ཆེ་བ་ད་ཆ་གོ་ལའི་ཐོག་མཐོང་ཆོས་སུ་ཡོད་པའི་ཕྲ་འབུ་རིགས་དང་གཅིག་མཚུངས་ཆགས་ཡོད། དེར་བརྟེན་དཀའ་ཚེགས་ཅན་གྱི་མུན་ནག་གི་ཁོར་ཡུག་དེའི་ནང་ད་བར་ལོ་ཡུན་འདི་དག་རིང་ཁོང་ཚོ་འཚོ་གནས་ཐུབ་པ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད།

ལོ་ངོ་ས་ཡ་སུམ་ཅུ་སོ་ལྔའི་སྔོན་དུ་མཚོ་འདིའི་དར་ཁ་ཕྱེས་ནས་ཡོད་པ་མ་ཟད་མཐའ་འཁོར་དུ་ནགས་ཚལ་གྱི་ཁེངས་པའི་ཁོར་ཡུག་ཡོད་པ་འདོད་ཀྱི་ཡོད།

Post a Comment

Previous Post Next Post