ཁོང་ནི་རང་འབྱུང་ལྟ་གྲུབ་མཁན་དང་དེང་དུས་ཀྱི་རྫས་སྦྱོར་རིག་པ་གསར་གཏོད་བྱེད་མཁན་ཁོངས་ཀྱི་མི་སྣ་གྲགས་ཅན་ཞིག་ཡིན། ཁོང་གི་བྱས་རྗེས་མང་དག་ཅིག་ཡོད་པ་ལས་དྲན་གསོ་འོས་པ་ནི། རླུང་གཟུགས་ཀྱི་གནོན་ཤུགས་དང་ཤོངས་ཚད་བར་གྱི་འབྲེལ་བ་བསྟན་པའི་ཁྲིམས་དེ་དག་ཡིན། དེ་བཞིན་དབྱིན་ཇིའི་རྒྱལ་གཞུང་མཐུན་ཚོགས་ཞེེས་པའི་ཚོགས་སྡེ་དེ་ཉིད་གསར་འཛུགས་བྱེད་མཁན་གྱི་མི་སྣ་གཙོ་གྲས་ཤིིག་ཡིན་པ་དང་། ཚོགས་སྡེ་དེ་ནི་སྐབས་དེར་ཚན་རིག་འཕེལ་རྒྱས་ཀྱི་ཆེད་དུ་འཛུགས་སྐྲུན་བྱུང་བའི་གཞུང་གཉེར་གྱི་ཚོགས་པ་གལ་ཆེན་ཞིག་ཡིན། མ་ཟད་རང་གི་གྲུབ་དོན་གང་ཡིན་པ་དེ་དག་ཚན་རིག་གི་ཐབས་ལམ་དང་བརྟག་དཔྱད་ཀྱི་ལམ་ནས་ཚོད་ལྟ་བྱེད་མཁན་གྱི་ཆེས་ཐོག་མའི་མི་སྣ་ཞིག་ཡིན།

ཁོང་གི་མི་ཚེ།


ཁོང་ནི་ཕྱི་ལོ་༡༦༢༧ ལོར་ཨར་ལེནཊ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ལིས་མོར Lismore ཞེས་པའི་ས་གནས་སུ་སྐུ་འཁྲུངས། ཁོང་ཆུང་དུས་ནས་ཕྷེ་རེན་སི་དང་ལེ་ཊེན་གྱི་སྐད་ལ་སློབ་གཉེར་བྱས་པ་དང་དགུང་ལོ་བརྒྱད་ཐོག་དབྱིན་ཡུལ་དུ་ཡོད་པའི་ཨེ་ཏོན་མཐོ་སློབ་ཏུ་སློབ་འཇུག་བྱས་ཡོད། སྤྱི་ལོ་༡༦༤༡ ལོར་ཡོ་རོབ་གླིང་ཆེན་ནང་ཡུལ་སྐོར་དུ་སོང་ནས་ཕྱིར་དབྱིན་ཡུལ་དུ་འཁོར་མཚམས་རང་ཡུལ་དུ་དུས་ཟིང་སྐབས་དང་ཁེལ་བས་དེ་གར་གནས་སྡོད་མི་བྱེད་ཐུ་མེད་བྱུང་། ཁོང་གི་ཡབ་ནི་གཞུང་ཞབས་ཆེ་གྲས་ཤིག་ཡིན་པ་དང་འདས་གྲོངས་སོང་བའི་རྗེས་ས་ཁང་དང་རྒྱུ་དངོས་མང་དག་ཅིག་རྒྱུད་གཏོང་བྱུང་བར་བརྟེན་དཔལ་འབྱོར་གྱི་ཆེད་དུ་དཀའ་སྤྱད་མི་དགོས་པར་རང་མོས་ཀྱིས་འཚོ་བར་རོལ་པའི་གོ་སྐབས་བྱུང་ཡོད། དེར་མི་མངོན་པའི་མཐོ་སློབ་ཅེས་པའི་ཚོགས་སྡེ་ཞིག་གི་ནང་དུ་ཞུགས་པ་དང་ཁོང་ཚོའི་དམིགས་ཡུལ་ནི་ལྟ་གྲུབ་གསར་མ་ཞེས་པའི་བསམ་ཚུལ་གོང་འཕེལ་གཏོང་ཐབས་བྱེད་རྒྱུ་དང་ལྟ་གྲུབ་དེའི་ནང་བརྟག་དཔྱད་དང་འབྲེལ་བའི་ཚན་རིག་ནང་དཔྱད་ཐབས་གསར་འཚོལ་བྱེད་ཀྱི་ཡོད། ཕྱི་ལོ་ ༡༦༥༤ ལོར་ཨོག་སི་ཕོརཊ་Oxfordལ་གནས་སྤོས་བྱས་པ་དང་ས་གནས་དེ་ནི་ཁོང་ཚོའི་ཚོགས་མི་འདུ་འཛོམས་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། ཕྱི་ལོ་ ༡༦༦༣ ལོར་རྒྱལ་པོ་ཅརལིས་གཉིས་པས་ཁྲིམས་ལུགས་ཀྱི་ཐོག་ནས་ཁོང་ཚོའི་ཚོགས་པ་དེ་བཞིན་རྒྱལ་གཞུང་གི་ཚོགས་སྡེ་ཞེས་པར་མིང་སྒྱུར་བྱས་པ་དང་ཁོང་ཚོའི་ལས་འགན་ནི་རང་འབྱུང་ཤེས་བྱ་གོང་མཐོར་གཏོང་རྒྱུ་མ་ཟད་སྐུ་ཞབས་རོབྷརཊ བོལ་ལགས་རང་ཉིད་ཚོགས་པ་དེའི་རྒྱུན་ལས་ལ་བསྐོ་བཞག་བྱུང་བ་རེད། ཕྱི་ལོ་༡༩༨༠ ལོར་རྒྱལ་གཞུང་ཚོགས་སྡེའི་ཚོགས་གཙོར་བསྐོོ་བཞག་བྱུང་ཡང་དང་ལེན་མ་བྱས་པ་མ་ཟད་༡༦༦༨ ལོར་ལོན་ཊོན་ལ་གནས་སྤོས་པ་ནས་བཟུང་༡༦༩༡ ལོར་དགོངས་པ་མ་རྫོགས་པར་རང་གི་སྲིང་མོ་དང་ལྷན་དུ་དེ་གར་གཏན་སྡོད་བྱས་ཡོད།

ཁོང་གི་བྱས་རྗེས།


ཁོང་གི་ཉམས་ཞིབ་ཕལ་ཆེ་བ་དེ་སྔོན་ཨོག་སི་ཕོརཊ་ལ་བསྡད་ཡུན་རིང་བྱས་ཡོད་པ་དང་དེ་དག་ཕལ་ཆེ་བ་གོ་ལའི་རླུང་ཁམས་ཚུད་པའི་རླངས་གཟུགས་ཀྱི་གཤིས་སྤྱོད་དང་འབྲེལ་བ་ཡིན། བརྟག་དཔྱད་ཞིབ་ཕྲའི་ཐོག་ནས་བོལ་གྱི་གཏན་ཁྲིམས་ཞེས་པ་གསར་གཏོད་བྱུང་བ་དང་ཁྲིམས་ལུགས་དེ་ལྟར་བྱས་ན། དྲོད་ཚད་གཏན་ཚུགས་སྐབས་རླུང་རྫས་བྱེ་བྲག་ཅིག་གི་བོངས་ཚད་དེ་གནོན་ཤུགས་དང་ལྡོག་པའི་འགྱུར་བ་འགྲོ་ཡི་ཡོད་ཅེས་བཤད་ཡོད། འདིའི་གོ་དོན་ནི་ཚ་ཚད་ལ་འགྱུར་མ་བཏང་ཚེ་རླུང་གཟུགས་ཤིག་གི་གནོན་ཤུགས་ཆེ་རུ་ཕྱིན་པའམ་བཏང་ཚེ་དེའི་བོངས་ཚད་ཆ་མཚུངས་ཀྱི་ཐོག་ནས་ཆུང་དུ་འགྲོ་ཡི་ཡོད་ཅེས་པ་དེ་ཡིན། དེ་བཞིན་ཁོང་གིས་གོ་ལའི་རླུང་ཁམས་ཀྱི་སྟུགས་ཚད་འཇལ་བ་དང་རླུང་ཁམས་ཀྱི་གནོན་ཚད་འགྱུར་བ་དང་དུས་མཚུངས་དེའི་ནང་ཡོད་པའི་དངོས་གཟུགས་ཀྱི་ལྕི་ཚད་ཀྱང་འགྱུར་བ་འགྲོ་ཚུལ་བཤད་ཡོད། ཁོང་གི་འདོད་ཚུལ་ལྟར་ན། བེམ་རྫས་ཐམས་ཅད་རྡུལ་ལས་གྲུབ་པ་དང་དེ་དག་ལ་ཡང་ཆེ་ཆུང་སྣ་ཚོགས་ཡོད་ཆོག་པ་གང་ཞིག་ལྷན་དུ་ཚོགས་ནས་རགས་པའི་གོང་བུ་གྲུབ་པ་ཡིན། དེ་འདྲའི་གོང་བུ་རེ་རེས་རྫས་ཀྱི་དངོས་པོ་གཅིག་གྲུབ། མ་ཟད་འདུས་རྫས་དང་འདྲེས་མ་གཉིས་ཀྱི་ཁྱད་པར་འབྱེད་ཐུབ་པ་བྱུང་ཡོད། འདུས་རྫས་ནི་རྫས་སྦྱོར་གྱི་ཐོག་ནས་གྲུབ་ཀྱང་འདྲེས་མ་ནི་དེ་ལྟར་མ་ཡིན་པར་རྫས་དེ་དག་ཕན་ཚུན་འདྲེས་པ་ཙམ་ལས་རྫས་འགྱུར་ཐེབས་མེད།

དེ་བཞིན་ཁོང་གི་སློབ་མ་ཞིག་དང་ལྷན་དུ་འབར་ཞུན་རང་བཞིན་ཐད་སློབ་གཉེར་དང་བརྟག་དཔྱད་བྱས་ཡོད། ཁོང་ཚོས་རླུང་མེད་པའི་སྟོང་སངས་ཀྱི་ཤེལ་དམ་ནང་རྡོ་སོལ་དང་སལ་ཕྷར་གང་ཡང་མེས་མི་ཟིན་ན་ཡང་རླུང་དང་ཕྲད་ཚེ་དེ་དག་གཉིས་ཀ་མེས་སླ་མོར་ཟིན་ཐུབ་ཀྱང་། དེ་གཉིས་གང་རུང་ཞིག་པོཊྲེེཤིམ་ནའིཏྲེཊ་དང་མཉམ་བསྲེས་བྱས་ཚེ་རླུང་མེད་སྟོང་སངས་ཀྱི་ནང་དུ་ཡང་མེ་འབར་བ་ཤེས་ཚོར་བྱུང་བར་བརྟེན་དངོས་པོ་གང་ཡང་རུང་བ་ཞིག་མེ་འབར་བ་ལ་རླུང་དང་པོཊེཤིམ་ནའིཏྲེཊ་གཉིས་ལ་ཐུན་མོང་དུ་ཚང་བའི་རྫས་ཤིག་ངེས་པར་དུ་དགོས་པའི་མཇུག་སྡོམ་བྱས་ཡོད། དེ་འདྲའི་ཐུན་མོང་གི་རྫས་དེ་སྤྱི་ལོ་༡༧༧༤ ལོར་དབྱིན་ཇིའི་རྫས་སྦྱོར་མཁན་ཇོ་སེབ་པེརིསེལི་ལགས་ཀྱིས་ཟུར་འདོན་ཐུབ་པ་བྱུང་བ་དང་དེའི་ལོ་གསུམ་གྱི་རྗེས་སུ་ཕེ་རེན་སིའི་རྫས་སྦྱོར་མཁན་ཨེན་ཏོ་ནིལའོསར་གྱིས་རྫས་དེའི་མིང་དུ་འཚོ་རླུང་ངམ་ཨོག་སི་ཇེན་ཞེས་གཏགས་པ་རེད།

རྫས་སྦྱོར་རིག་པའི་ནང་བེད་སྤྱོད་བཞིན་པའི་ཞིབ་སྡུར་རམ་ཨེ་ན་ལི་སིས་ཞེས་པའི་ཐ་སྙད་དང་དེ་མིན་རྫས་སྦྱོར་གྱི་དཔྱད་ཐབས་མང་དག་ཅིག་ཁོང་གིས་གསར་གཏོད་བྱས་པ་ཡིན། དེ་བཞིན་ཚ་དང་སྐྱུར་གྱི་རང་བཞིན་འབྱེད་ཐབས་སུ་བཀོལ་བའི་ལི་ཊ་མ་སི་སོགས་རྩི་ཤིང་གི་ཁུ་བ་འདོན་སྒྲུབ་བྱེད་པའི་སྲོལ་བཏད། ཕྱི་ལོ་༡༦༦༧ ལོར་ཁོང་འཛམ་གླིང་ནང་ལུས་ནས་འོད་འབྱིན་མཁན་གྱི་སྲོག་ཆགས་སྐོར་སློབ་གཉེར་བྱེད་མཁན་ཐོག་མ་དེ་ཆགས་ཡོད། ཁོང་གི་ཉམས་ཞིབ་ནང་ཧམ་བུ་དང་ཕྲ་འབུའི་རིགས་ལུས་ནས་རང་འབྱུང་གི་འོད་འབྱིན་མཁན་དེ་དག་ལ་རླུང་དགོས་པ་དང་། དེ་ཡང་སྟོང་སངས་ཀྱི་ནང་དུ་འོད་མི་འབྱིན་ཡང་རླུང་དང་ཕྲད་ཚེ་སླར་ཡང་འོད་འཕྲོ་བ་ཤེས་རྟོགས་བྱུང་ཡོད། ཁོང་གིས་རྩིག་བྱང་དང་རས་ཡོལ་སོགས་ཀྱི་སྟེང་དུ་གཟུགས་བརྙན་འཆར་ཐུབ་པའི་དཔར་ཆས་ཤིག་ཀྱང་གསར་སྐྲུན་བྱས་ཡོད། དེ་བཞིན་ཁོང་གིས་ལྕགས་རིགས་གཅིག་ནས་གཞན་དུ་སྒྱུར་བའི་འབད་བརྩོན་ཡང་བྱས་རེད།
ཁོང་ནི་ཆོས་དང་ཚན་རིག་གཉིས་ཀར་དོ་སྣང་ཡོད་མཁན་ཞིག་དང་། ཡི་ཤུ་ཡི་དཔེ་ཆ་ཡིག་སྒྱུར་ཆེད་འགྲོ་འགྲོན་ཆེན་པོ་བཏང་བ་མ་ཟད་དཔེ་ཆའི་གོ་བ་དང་སློབ་གཉེར་ཆེད་སྐད་གཞན་ལ་ཡང་སྦྱང་བརྩོན་བྱས་ཡོད། མ་ཟད་ཡི་ཤུ་ཆོས་ལུགས་དེ་བཞིན་ཆོས་ལུགས་གཞན་གྱིས་མི་གནོད་པའི་ཆེད་དུ་བོལ་གྱི་གཏམ་བཤད་ཅེས་པའི་ཚོགས་དུས་གསར་འཛུགས་གནང་།
ཡེ་ཤུ་མ་ཤི་ཀའི་བཀའ་ལུང་ནང་རང་ཅག་ཐར་པ་ཐོབ་པར་མཁོ་བའི་ཐར་པའི་གསང་གནས་ཧྲིལ་པོ་ཚང་བ་དང་དེ་དག་ཇི་བཞིན་བསྟན་གནང་མཛད་ཡོད།     ་་་་་་་་་་རོ་བྷརཌ་བོལ།

དེ་བཞིན་དངོས་ཁམས་ཚན་རིག་ནང་དུ་ཡང་བྱས་རྗེས་མང་དག་ཅིག་བཞག་ཡོད་པ་ནི། ཁོང་གིས་རླུང་གཟུགས་ཀྱི་རང་གཤིས་ལ་ཉམས་ཞིབ་བྱས་པ་དང་སྒྲ་ཞིག་རྒྱུད་གཏོང་ཐུབ་པར་རླུང་གི་བྱེད་ལས་གང་ཡིན། ཆུ་འཁྱགས་པར་གྱུར་བའི་སྐབས་སུ་ཕྱི་ཕྱོགས་སུ་འབྱིན་པའི་ཤུགས་སོགས་ཀྱི་ཐད་སློབ་གཉེར་བྱས་ཡོད། དེ་མིན་དངོས་ཁམས་རིག་པའི་བརྗོད་གཞི་གཞན། དཔེར་ན། ཤེལ་གཟུགས་ཀྱི་འོད་འགུག་ཐུབ་པའི་ནུས་པ་དང་གཤེར་གཟུགས་ཀྱི་སྟུགས་ཚད། གློག་དང་ཁ་དོག འགུལ་མེད་ཀྱི་གཤེར་གཟུགས་ཀྱི་རང་གཤིས་སོགས་ནི་ཁོང་གི་དོ་སྣང་ལྷག་པར་བྱེད་ཡུལ་ཁག་ཡིན། འོན་ཀྱང་ཁོང་གི་བྱས་རྗེས་གཙོ་བོ་ནི་དེ་སྔོན་ཡོད་བཞིན་པའི་གསེར་འགྱུར་གྱི་རྩི་སོགས་ཚན་རིག་མ་ཡིན་པའི་ལམ་ལུགས་དེ་དག་ཚན་རིག་དང་མཐུན་པའི་དེང་དུས་ཅན་གྱི་རྫས་སྦྱོར་གྱི་ལམ་ལུགས་ཤིག་ཏུ་སྒྱུར་ཡོད། ཁོང་ནི་རྫས་སྦྱོར་དང་འབྲེལ་བའི་རྟོག་བཟོའི་ལྷ་སྒྲུང་དེ་དག་ལས་བརྒལ་ཏེ་ལམ་ལུགས་དེ་ཉིད་ཚན་རིག་རྐྱང་པ་ཞིག་ཏུ་སྒྱུར་མཁན་གྱི་ཆེས་ཐོག་མའི་མི་སྣ་གལ་ཆེན་ཞིག་ཡིན། །

Post a Comment

Previous Post Next Post