སོ་རྙིལ་གྱི་ནད་གཞི་ཡོད་པའི་བུད་མེད་སྦྲུམ་མ་ཚོར་དུས་ཐོག་སྨན་བཅོས་ཚད་ལྡན་མ་བྱུང་ཚེ་རང་གི་སོ་རྙིལ་ཙམ་མ་ཡིན་པར་ལུས་པོར་འཁོར་བའི་ཕྲུ་གུའི་ཚེ་སྲོག་ལ་ཡང་གནོད་པ་ཡོད་ལུགས་ཉེ་ཆར་ཉམས་ཞིབ་པ་ཁག་ཅིག་གི་འབད་བརྩོན་ལ་བརྟེན་ནས་ཤེས་རྟོགས་བྱུང་ཡོད། ཡུན་རིང་སྔོན་ནས་མ་ལ་སོ་རྙིལ་གྱི་ནད་གཞི་ཡོད་པ་དེས་མངལ་ལ་ཡོད་པའི་ཕྲུ་གུ་དུས་མ་རན་གོང་ནས་སྐྱེ་བ་དང་ཡང་ན་སྤྱིར་བཏང་ལས་ལྕི་ཚད་ཆུང་བ་སོགས་འཕྲོད་བསྟེན་ལ་དོ་ཕོག་ཡོང་བ་ཤེས་ཀྱི་ཡོད་ཀྱང་། ཉེ་ཆར་ཉམས་ཞིབ་པ་ཁག་ཅིག་གིས་ཡུན་རིང་འབད་བརྩོན་བྱས་པ་ལ་བརྟེན་ནས་མའི་སོ་རྙིལ་གྱི་ནད་གཞི་དང་ཕྲུ་གུ་འཕྲོད་བསྟེན་བར་སྟངས་འཛིན་བྱེད་མཁན་གྱི་སྲིན་འབུ་དེ་ངོས་འཛིན་ཐུབ་པ་བྱུང་ཡོད། ཀེསི་ནུབ་ཕྱོགས་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་པ་འགའ་ཞིག་ནས་ཁའི་ནང་ཡོད་པའི་ཕྲ་འབུ་ Fusobacterium nucleatum ཞེས་པ་དེ་ཁྲག་གི་འཁོར་ལམ་རྒྱུད་མངལ་གནས་བར་སླེབས་སྲིད་པའི་འགྲེལ་བརྗོད་བྱས་ཡོད་པར་བརྟེན་ལོ་ན་༣༥ སོན་པའི་ཨ་རིའི་བུད་མེད་ཅིག་ཁོང་ཚོའི་སར་ཡོང་ནས་རང་གི་ཕྲུ་གུ་མངལ་ནས་སྐྱེ་སྐབས་གསོན་པོ་མ་ཡིན་པ་དེའི་འཆི་རྐྱེན་ཇི་ལྟར་ཡིན་ལུགས་རྩད་གཅོད་ཡོང་བའི་རེ་བ་བྱས་པ་དང་རྗེས་སུ་བརྟག་དཔྱད་སྐབས་ཤེས་རྟོགས་བྱུང་བ་ཞིག་ཡིན།


ཉམས་ཞིབ་མི་སྣའི་བཤད་པར་གཞིགས་ན། མའི་སོ་རྙིལ་ལས་ཁྲག་འཐོན་པ་སོགས་ཀྱི་ཉེན་ཁ་བྱུང་ཚེ་ཁའི་ཕྲ་འབུ་རྣམས་ཁྲག་རྩའི་རྒྱུད་ནས་ལུས་ཀྱི་ཆ་ཤས་གང་དུ་ཡང་སླེབས་ཐུབ་པ་བཞིན་མངལ་གནས་ཀྱི་ལུས་པོའི་ནང་དུ་ཡང་སླེབས་ཀྱི་ཡོད། སྤྱིར་ཕྲ་འབུ་འདི་རིགས་མའི་ཟུངས་ཁྲག་ནང་ཡོད་པའི་མངོན་འགོག་མ་ལག་གིས་བདེ་བླག་ངང་སྟངས་འཛིན་བྱེད་ཐུབ་ཀྱང་། མངལ་གནས་ནི་མངོན་འགོག་གི་ནུས་པས་མ་ཁྱབ་པའི་གནས་གཅིག་པུར་སོང་བས་དེར་ཕྲ་འབུ་རྣམས་འགོག་རྐྱེན་གང་ཡང་མེད་པར་འཚོ་སྡོད་དང་འཕེལ་རྒྱས་འགྲོ་ཐུབ།

བུད་མེད་དེས་ཉམས་ཞིབ་པ་ཚོར་བཤད་པར་གཞིགས་ན། མོ་རང་སྦྲུམ་མ་ཡིན་སྐབས་སོ་རྙིལ་ལ་ནད་གཞི་བྱུང་ནས་ཁྲག་ཐོན་པའི་དཀའ་ངལ་བྱུང་ལུགས་བཤད་འདུག སྤྱིར་སྦྲུམ་མའི་སྐབས་སོ་རྙིལ་ལས་ཁྲག་འཛགས་པ་ནི་རྒྱུན་ལྡན་གྱི་གནས་སྟངས་ཤིག་དང་དེ་ཡང་ཕལ་ཆེ་བ་མའི་ལུས་ཁམས་ནང་ཧོར་མོན་གྱི་འགྱུར་ལྡོག་ཤུགས་ཆེ་བྱུང་བ་ལ་བརྟེན་ནས་ཡོང་གི་ཡོད་པས་དེའི་རིགས་ཁ་ལན་མང་འཁྲུ་བ་དང་ཆུ་བཤལ་ལན་མང་བཏང་བའི་ཐོག་ནས་མངོན་འགོག་བྱེད་ཐུབ། གནས་སྟངས་ཛ་དྲག་བྱུང་ཚེ་སོ་རྙིལ་གཤགས་བཅོས་བྱེད་དགོས། རྗེས་སུ་བརྟག་དཔྱད་སྐབས་བུད་མེད་དེའིསོ་རྙིལ་ཐོག་ཡོད་པའི་ཕྲ་འབུ་དང་ཕྲུ་གུའི་གློ་བ་དང་ཕོ་བ་སོགས་ཀྱི་ནང་ཡོད་པའི་ཕྲ་འབུ་གཉིས་གཅིག་ཡིན་པ་ཤེས་རྟོགས་བྱུང་བ་མ་ཟད་ཕྲུ་གུའི་འཆི་རྐྱེན་ཡང་ཕྲ་འབུ་དེས་བྱས་པ་ཤེས་རྟོགས་བྱུང་ཡོད། སྤྱིར་མངལ་གནས་ལ་གནོད་གཞི་ཅན་གྱི་ཕྲ་འབུ་ཕལ་ཆེ་བ་བུད་མེད་ཀྱི་མཚན་མའམ་མངལ་ལམ་དུ་གཉེན་ཁ་ཕོག་པ་ལ་བརྟེན་ནས་ཡོང་གི་ཡོད། ཉམས་ཞིབ་པ་ཚོས་མཇུག་སྡོམ་གྱི་གཏམ་བཤད་ནང་། སྦྲུམ་མ་ཕལ་ཆེ་བར་སོ་རྙིལ་ལས་ཁྲག་འཛགས་པའི་གནས་སྟངས་ཡོང་གི་ཡོད་ཀྱང་ཁོང་ཚོའི་ཕྲུ་གུ་ཚང་མར་མངལ་དུ་འཆི་སྐྱོན་ཤོར་གྱི་མེད། འོན་ཀྱང་ཉེན་ཁ་ཡོད་པ་ཞིག་ཡིན་པས་ཚང་མས་སྣང་མེད་མ་བཏང་བའི་ཐོག་ནས་གཟབ་ནན་བྱེད་དགོས་ཞེས་བཤད་ཡོད། །

Post a Comment

Previous Post Next Post