ཉེ་ཆར་ཚན་རིག་པས་མིའི་འགྱུར་རྡོ་ཞིག་རྙེད་ཡོད་པ་དེ་ད་བར་རྙེད་སོན་བྱུང་བའི་མིའི་འགྱུར་རྡོ་རྙིང་ཤོས་དེ་ཆགས་ཡོད། དེ་ཐོག་ནས་ད་བར་མིའི་བྱུང་རིམ་ཐད་འཛིན་པའི་རྣམ་གཞག་དང་རྩ་དོན་ལ་བསྐྱར་ཞིབ་བྱེད་དགོས་པར་གྱུར་ལུགས་བཤད་ཡོད། ཚན་རིག་པ་ཁག་ཅིག་གིས་ལོ་བཅུ་བདུན་རིང་ཉམས་ཞིབ་བྱས་པའི་འབྲས་བུར། ད་བར་རྙིང་ཤོས་ཡིན་པའི་མིའི་འགྱུར་རྡོ་ཞིག་རྙེད་སོན་བྱུང་བའི་གསལ་བསྒྲགས་བྱས་པ་དང། གསར་རྙེད་འདིས་ང་ཚོའི་གནའ་བོའི་མེས་པོའི་འཕེལ་འགྱུར་གྱི་ལོ་རྒྱུས་ནང་ད་བར་ཤེས་ཐབས་མེད་པའི་བར་སྟོང་མང་དག་ཅིག་གསལ་སྟོན་བྱས་པ་མ་ཟད། འགྱུར་རྡོ་འདི་ནི་དེ་སྔོན་མིའི་འགྱུར་རྡོ་རྙིང་ཤོས་སུ་འཛིན་པའི་ལོ་ངོ་ས་ཡ་༣༌༢སྔོན་དུ་བྱུང་བའི་ལུ་སི་ Lucy ཞེས་པ་ལས་ལོ་ས་གཅིག་ཙམ་གྱི་སྔོན་དུ་བྱུང་བ་ཞིག་ཡིན། མ་ཟད་ང་ཚོོའི་ཚེ་སྲོག་གི་ལྗོན་ཤིང་ནང་མིའི་གདུང་རྒྱུད་ཀྱི་ཡལ་ག་ལས་ང་ཚོའི་མེས་པོ་དེ་སྤྲ་རིགས་ཅིམ་པེན་ཛི་ཡི་མེས་པོ་དང་གཅིག་ཡིན་པ་བསྟན་ཡོད། བསམ་ཚུལ་འདི་སྐུ་ཞབས་ཌར་ཝིན་གྱི་སྐབས་སུ་བྱུང་བ་དང་རྗེས་སུ་རིམ་གྱིས་དར་ཁྱབ་བྱུང་བ་ཞིག་ཡིན་ཀྱང་། བསམ་ཚུལ་དེ་ད་ཆ་ཁུངས་མེད་ལྟ་བུའམ་དོན་དངོས་དང་མི་མཐུན་པ་ཞིག་ཆགས་ཡོད། དེ་བཞིན་གནའ་མིའི་གཟུགས་དབྱིབས་དང་ཁྱད་ཆོས་ཤེས་རྟོགས་ཆེད་ད་ཡོད་ཅིམ་པེན་ཛིའི་གཤིས་སྤྱོད་དང་གཟུགས་དབྱིབས་ལ་དཔྱད་ཞིབ་བྱེད་པ་ནི་རྒྱུ་མཚན་མེད་པ་ཞིག་ཡིན།
ད་ལྟའི་གསར་བརྙེད་བྱུང་པའི་འགྱུར་རྡོ་དེ་མིའི་རིགས་ཨར་ཌི་པིཐི་ཁས་རེ་མི་ཌས་ Ardipithecus ramidus ཞེས་པ་དེ་ཡིན་པ་དང་བསྡུས་ན་ཨར་ཌི་ Ardi ཞེས་འབོད་ཆོག།ཨར་ཌིའི་འགྱུར་རྡོ་ལ་བརྟག་ཞིབ་སྐབས་དེའི་ལོ་ཚད་ནི་ས་ཡ་༤༌༤ཙམ་ཡིན་པ་དང་། ཨར་ཌིའི་འགྱུར་རྡོ་འདི་ཨི་ཐོ་པི་ཡ་ཞེས་པའི་རྒྱལ་ཁབ་ནང་གི་ཨེ་ར་མིས་ Aramis ཞེས་པའི་བྱེ་ཐང་དེའི་ས་གནས་ཤིག་ཏུ་རྙེད་པ་དང་། ས་གནས་དེ་ནི་སྔར་ ༡༩༧༤ ལོར་ལུ་སིའི་འགྱུར་རྡོ་རྙེད་ཡུལ་ནས་སྤྱི་ལེ་༧༤ཙམ་གྱི་སར་ཡོད། འགྱུར་རྡོ་འདིའི་ཡ་མཚན་ཆེ་ཤོས་ཡིན་པའི་གནད་དོན་ནི་མེས་པོ་དེ་དག་གི་འགུལ་སྐྱོད་བྱེད་སྟངས་ཡིན། ད་བར་མིའི་ཐོག་མའི་མེས་པོ་དེ་དག་རྐང་གཉིས་ཐོག་འགྲོ་སྐྱོད་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཨར་ཌི་ནི་དེ་ལས་ལྡོག་ཏེ། ས་ཐོག་ཏུ་རྐང་གཉིས་འཛུགས་པ་དང་ཤིང་སྡོང་ཐོག་རྐང་ལག་བཞི་འཛུགས་ཀྱིས་འགྲོ་འོང་བྱེད་མཁན་ཞིག་ཆགས་ཡོད། དཔེར་ན་ཁོང་ཚོའི་ཐེ་བོང་དེ་མི་རྒོད་ལྟར་རྐང་པའི་མཛུབ་མོ་གཞན་ལས་ཆེ་བ་མ་ཟད་འབུར་དུ་ཐོན་ཡོད་པས་ཤིང་གི་ཡལ་ག་གཅིག་ནས་གཅིག་བར་ལས་སླ་བོར་འགྲོ་སྐྱོད་ཐུབ་ཀྱི་ཡོད། མ་ཟད་ཨར་ཌིའི་ལུས་པོའི་ནང་དམིགས་གསལ་གྱི་རུས་པ་ཆུང་ཆུང་ཞིག་ཡོད་པ་དང་རུས་པ་དེ་སྐྱེས་རབས་ནས་སྐྱེས་རབས་བར་རྒྱུད་གཏོང་བྱས་ཡོད་ཀྱང་དུས་ཡུན་རིང་པོའི་རྗེས་ཅིམ་པེན་ཛི་དང་མི་རྒོད་བྱུང་བའི་སྐབས་སུ་རུས་པ་དེ་རྩ་མེད་ཏུ་ཕྱིན་ཡོད། ཨར་ཌི་པིཐི་ཁས་ཀྱི་འགྱུར་རྡོའི་ཆ་ཤས་ཐོག་མ་དེ་ཕྱི་ལོ་༡༩༩༢ལོར་བརྙེད་ཡོད་པ་དང་དེའི་སྐོར་ཐོག་མར་ཕྱི་ལོ་༡༩༩༤ལོར་འགྲེམས་སྤེལ་བྱས་འདུག། དེ་ནས་ཉམས་ཞིབ་པས་རྒྱུན་ཆད་མེད་པར་ས་དོང་བྲུས་ནས་རིམ་པས་རུས་པ་གཞན་མང་པོ་བརྙེད་ཡོད། འོན་ཀྱང་ཐོག་མར་འགྱུར་རྡོ་རྣམས་ཧ་ཅང་གི་གནས་སྟངས་ཞན་པས་ཟབ་ནན་བྱེད་དགོས་པར་བརྟེན་རུས་སྒྲོམ་ལྷུ་སྒྲིག་དང་བརྟག་དཔྱད་རིམ་པར་བྱེད་པར་ད་བར་ལོ་ངོ་བཅོ་ལྔ་ཙམ་འགོར་བ་འདི་ལྟར་ཡིན། ཚན་རིག་པ་ཚོར་འགྱུར་རྡོ་དེ་ཐོག་མར་རྙེད་སྐབས་དེའི་གནས་སྟངས་ཧ་ཅང་ཞན་པས་གས་ཆག་སླ་བར་བརྟེན། ཁོང་ཚོས་སྲུང་སྐྱོབ་ཆེད་དེའི་མཐའ་འཁོར་གྱི་བྲག་རྡོ་ཆ་ཚང་མཉམ་དུ་བཅད་ནས་འུར་འདྲེན་ཐོག་རྗེས་སུ་ཟབ་ནན་ངང་ཕྱིར་འདོན་བྱས་ཡོད། བརྟག་དཔྱད་རིམ་པར་བྱས་པའི་བརྒྱུད་མེས་པོ་དེ་འཚོ་གནས་སྐབས་རིང་ཚད་ལ་ཕིཊ་བཞི་དང་ལྗིད་ཚད་ལ་ཀི་ལོ་ལྔ་བཅུ་ཙམ་ཡོད་འདུག འགྱུར་རྡོ་འདིའི་ཆ་ཤས་ཀྱི་རུས་པ་༡༢༥ ཙམ་བརྙེད་ཡོད་པ་ལས་ཕལ་ཆེ་བ་རྐང་ལག་གི་རུས་པ་ཡིན་འདུག ཚན་རིག་པ་ཚོས་འགྱུར་རྡོ་འདི་ནི་ལོ་རྒྱུས་ནང་ཆེས་དཀོན་པ་དང་གལ་གནད་ཆེ་བའི་གསར་རྙེད་ཅིག་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད། །
Post a Comment