ཚན་རིག་པ་མེན་ཌེལ་ནི་ད་ལྟ་འཛམ་གླིང་ཐོག་ཡོངས་སུ་གྲགས་པའི་སྐྱེ་དངོས་ཚན་རིག་གི་ཡ་གྱལ་རིགས་རྫས་རྣམ་གཞག་གི་ཤིང་རྟའི་སྲོལ་འབྱེད་ཡིན། ཁོང་སྤྱི་ལོ་ ༡༨༢༢ ཟླ་ ༧ ཚེེས་༢༠ ཉིན་སྐབས་དེར་ཨོ་སི་ཊྲི་ཡ་རྒྱལ་ཁབ་ཀྱི་མངའ་ཁོངས་དང་ད་ཆ་ཆིག་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ས་གནས་ཧེན་ཛི་ཌོབ་ཞེས་པར་སྐུ་འཁྲུངས། ལོ་ན་བཅུ་གཅིག་བར་རང་གི་ཕ་མེས་ཀྱི་གཞིས་ཀ་ཆུང་ངུ་ཞིག་ཡོད་པ་དེར་མེ་ཏོག་འདེབས་འཛུགས་དང་སྦྲང་མ་༼སྦྲང་རྩིའི་ཆེད༽གསོ་སྐྱོང་གི་ལས་ཀ་བྱས་ནས་བསྡད། ལོ་ན་བཅུ་གཅིག་ལ་སོན་སྐབས་ས་གནས་ཡེ་ཤུ་ཆོས་དཔོན་ཞིག་གིས་ཁོའི་རིག་རྩལ་ལ་དོ་སྣང་བྱུང་ནས་སློབ་གྲྭར་གཏོང་གནང་མཛད་པ་དང། ཕ་མ་གཉིས་ཀྱི་འདོད་མོས་ལྟར་ན་ཁྱིམ་གཞིས་མཇུག་སྐྱོང་བྱེད་རྒྱུ་དེ་ཡིན་ཡང། ཁོང་དེ་ལས་ལྡོག་ཏེ་ས་གནས་དེའི་དགོན་པ་ཞིག་གི་ཆོས་སྒོར་ཞུགས་པ་དང་མཐར་དགོན་པ་དེའི་མཁན་པོར་བསྐོ་བཞག་བྱུང་བ་རེད།

དགོན་པར་བསྡད་ཡུན་རིང་དུས་ཚོད་ཕལ་ཆེ་བ་རྩི་ཤིང་དང་སྦྲང་མ་སྐྱེ་སྤེལ་གྱི་བརྟག་དཔྱད་ཐོག་བཏང་ཡོད། ཁོང་གི་དམིགས་ཡུལ་ནི་རྩི་ཤིང་དང་སེམས་ཅན་གང་ཡིན་རུང་དེ་དག་གི་ཕ་མར་ཡོད་པའི་ཁྱད་ཆོས་དེ་དག་བུ་བརྒྱུད་ནང་རྒྱུད་གཏོང་ཇི་ལྟར་བྱེད་མིན་ཤེས་རྟོགས་བྱེད་རྒྱུ་དེ་ཡིན། ཁོང་གི་རྟོགས་ཞིབ་བྱུང་བར་གཞིགས་ན་ཁྱད་ཆོས་འགའ་ཞིག་སྐྱེ་རབས་དང་པོའི་ནང་མངོན་དུ་མ་གྱུར་བའམ་མཐོང་རྒྱུ་མེད་རུང་སྐྱེ་རབས་གཉིས་པའི་ནང་སླར་ཡང་མངོན་པ་དེ་འདྲ་ཡང་ཡོད་པས་དེར་འབྲེལ་བཤད་བྱེད་ཐབས་བཙལ་ཡོད། དེ་མིན་ཁོང་གིས་སྐར་དཔྱད་རིག་པ་དང་གནམ་གཤིས་སྐོར་སློབ་གཉེར་བྱས་པ་མ་ཟད། དཔར་སྐྲུན་བྱས་པའི་ཁོང་གི་རྩོམ་ཤོག་ཕལ་ཆེ་བ་གནམ་གཤིས་རིག་པའི་སྐོར་ཡིན།

ཁོང་ནི་དེང་དུས་རིགས་རྫས་རྣམ་གཞག་གི་ཤིང་རྟའི་སྲོལ་འབྱེད་སུ་གྲགས་པ་ལྟར་རྩི་ཤིང་གི་རིགས་འདྲ་མིན་དང་རིགས་གཅིག་པའི་ནང་དུའང་སྣ་ཚོགས་སམ་ཁྱད་པར་གྱི་རང་བཞིན་ཇི་ལྟར་འབྱུང་མིན་ཐད་ཉམས་ཞིབ་གཏིང་ཚུགས་གནང་བ་དང། དེ་ཡང་སྔར་ཁོང་ཉིད་སློབ་གྲྭར་འགྲེམས་རིང་ཕྲད་པའི་དགེ་རྒན་དང་དགོན་པའི་ལས་རོགས། ཁོར་ཡུག་བཅས་ཀྱི་ཤུགས་རྐྱེན་འོག་སྐུལ་རྐྱེན་བྱུང་བ་ཞིག་ཡིན། ཁོང་གི་བརྟག་དཔྱད་ཕལ་ཆེ་བ་རྒྱ་ཁྱོན་ཧིག་ཊར་གཉིས་ཡོད་པའི་དགོན་པའི་སྡུམ་རའི་ནང་བྱས་ཡོད། སྤྱི་ལོ་ ༡༨༥༦ ནས་ ༡༨༦༣ བར་སྲན་མའི་རྩི་ཤིང་ ༢༩༠༠༠ ཙམ་ལ་བརྟག་དཔྱད་བྱེད་སྐབས། སྲན་མ་བཞི་ཆ་གཅིག་ལ་མངོན་པ་མི་གསལ་བའི་རིགས་རྐྱང་པ་དང། བཞི་ཆ་གཉིས་རིགས་འདྲེས་མ་དང་། བཞི་ཆ་གཅིག་མངོན་པར་གསལ་བའི་རིགས་རྐྱང་པ་ཡིན་པ་རྙེད་ཡོད། ཁོང་གི་བརྟག་དཔྱད་འདི་ཁྲིམས་གཉིས་ཀྱི་ཐོག་ནས་སྡོམ་ཚིག་བཀོད་པ་དང། རྗེས་སུ་ཁྲིམས་དེ་གཉིས་ལ་མེན་ཌེལ་གྱི་རིགས་རྫས་རྒྱུད་གཏོང་གི་ཁྲིམས་ཞེས་ཟེར་གྱི་ཡོད། ཁོང་གི་རྙེད་དོན་རྣམས་དཔར་སྐྲུན་བྱས་ནས་སྐབས་དེའི་ཚན་རིག་གི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བ་མ་བྱུང་ལ། འགའ་ཞིག་གི་དེར་དགག་པ་བྱེད་མཁན་བྱུང་ཡང་། ད་ཆ་མི་ལོ་བརྒྱ་ཕྲག་གཅིག་དང་ཕྱེད་ཙམ་གྱི་རྗེས་སུ་ཚན་རིག་སྤྱི་ཚོགས་ནང་ཁོང་གི་ལས་ཀར་མཐོང་ཆེན་བྱེད་པ་དང་རིགས་རྫས་རྣམ་གཞག་གི་སྲོལ་གཏོད་མེས་པོའི་མཚན་སྙན་ལེགས་སྐྱེས་སུ་འབུལ་བཞིན་ཡོད།

སྲན་མའི་བརྟག་དཔྱད་གྲུབ་མཚམས་ཁྱད་ཆོས་དེ་དག་སེམས་ཅན་གྱི་ནང་དུ་གནས་མིན་ཤེས་རྟོགས་ཆེད་སྦྲང་མའི་ཐོག་བརྟག་དཔྱད་བྱས་ཀྱང་སྦྲང་མའི་རྒྱལ་མོའི་གཤིས་སྤྱོད་སྟངས་འཛིན་བྱེད་རྒྱུ་ཤིན་ཏུ་དཀའ་བ་དང་། སྐབས་དེར་ཁོང་ཉིད་དགོན་པའི་མཁན་པོར་བསྐོ་བཞག་བྱུང་རྗེས་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ཆེད་དུས་ཚོད་ཤིན་ཏུ་མང་པོ་གཏོང་དགོས་པ་བཅས་ཀྱི་དཀའ་ངལ་འོག་ཚན་རིག་བརྟག་དཔྱད་བྱེད་མཚམས་བཞག་དགོས་བྱུང་བ་རེད། སྐབས་དེར་སྐྱེ་དངོས་རིག་པ་བ་ཕལ་ཆེ་བས་སྐྱེ་དངོས་དང་སེམས་ཅན་གང་ཡིན་རུང་དེའི་རིགས་རྒྱུན་ནི་ཕ་མ་གཉིས་ཀྱི་ཁྱད་ཆོས་འདྲེས་མ་ཁོ་ན་ཡོང་བ་འདོད་ཀྱི་ཡོད་པ་དང་། མེན་ཌེལ་གྱི་ལས་གཞིའི་ཐད་དོ་སྣང་བྱེད་མཁན་ཧ་ལམ་མ་བྱུང་བ་ལྟ་བུ་ཡིན།

དུས་རབས་ཉ་ས་ཤུའི་ནང་ཁོང་གི་ལས་གཞིར་དོ་སྣང་བྱེད་མཁན་ཇེ་མང་དུ་སོང་སྟེ་རྒྱ་ཁྱབ་ཆེན་པོ་བྱུང་བ་དང་། སྤྱི་ལོ་ ༡༩༣༠ ཙམ་ནས་ཁོང་གིས་བཤད་པའི་རིགས་རྫས་རྒྱུད་གཏོང་གི་རྣམ་གཞག་དང་ཌར་ཝིན་གྱི་བཤད་པའི་རང་འབྱུང་འདེམས་སྒྲུག་གཉིས་ཟུང་འབྲེལ་གྱི་ཐོག་ནས་རིགས་ལམ་འདིའི་ཁུངས་ཇི་བཙན་དང་ཁྱབ་ཇི་ཆེར་སོང་བ་རེད།

ཁོང་དགུང་ལོ་༦༡ ལ་སོན་སྐབས་ཏེ་སྤྱི་ལོ་༡༨༨༤ ཟླ་༡ ཚེས་༦ ཉིན་མཁལ་མའི་ནད་གཞིས་རྐྱེན་པས་དགོངས་པ་རྫོགས་པ་རེད། ཁོང་སྐྱེ་དུས་ཀྱང་མི་ཕལ་པ་ཞིག་དང་ཤི་དུས་ཀྱང་མི་ཕལ་པ་ཞིག་ཡིན་རུང། ཤི་ནས་ལོ་ངོ་བརྒྱ་ཕྲག་གི་རྗེས་སུ་སྐྱེ་བོ་ཚོས་ཁོང་ལ་དེང་དུས་རིགས་རྫས་རྣམ་གཞག་གི་ཤིང་རྟའི་སྲོལ་བྱེད་དུ་འབོད་བཞིན་ཡོད།

བརྟག་དཔྱད་འདིའི་ནང་ངོས་འཇམ་པ་དང་སེར་མདོག་ཅན་གྱི་སྲན་མ་ཞིག་དང་ངོས་འབར་འབུར་དང་ལྗང་མདོག་ཅན་གྱི་སྲན་མའི་རིགས་གཉིས་བསྲེས་སྦྱོར་ cross-pollinated བྱས་ནས་དེའི་འབྲས་བུའི་སྲན་མའི་ཁྱད་ཆོས་ལ་བརྟག་ཞིབ་བྱས་ཡོད། ཁོང་གི་རྟོགས་ཞིབ་ཀྱི་འབྲས་བུར། སྲན་མའི་སྐྱེ་རབས་དང་པོ་ཡོད་ཚད་རང་གི་མེས་པོ་ངོས་འཇམ་པ་དང་སེར་མདོག་ཅན་གྱི་སྲན་མ་དང་ཡོངས་སུ་མཚུངས་པ་ལས་ངོས་འབར་འབུར་དང་ལྗང་མདོག་ཅན་གྱི་སྲན་མའི་རྟགས་ཙམ་ཡང་རྙེད་མེད། རྒྱུ་མཚན་གང་ཡང་རུང་བ་ཞིག་གི་ཐོག་ནས་ཁ་མདོག་སེར་པོས་ཁ་དོག་ལྗང་ཁུར་དབང་སྒྱུར་བྱས་པ་དང་། དབྱིབས་ངོས་འཇམ་པོས་དབྱིབས་ངོས་འབར་འབུར་ཐོག་ཡོངས་སུ་དབང་སྒྱུར་བྱས་ཡོད། བརྟག་དཔྱད་འདིའི་ལམ་ནས་སྲན་མའི་ཁ་དོག་དང་དབྱིབས་གང་ཡིན་རུང་དེར་མངོན་དུ་གྱུར་བ་དང་མངོན་དུ་མ་གྱུར་བའི་ཁྱད་ཆོས་རེ་ཡོད་པ་ཤེས་རྟོགས་བྱུང་བ་དང་། སྐབས་འདིར་མངོན་དུ་གྱུར་བའི་ཁྱད་ཆོས་ནི་ཁ་དོག་སེར་པོ་དང་དབྱིབས་ངོས་འཇམ་པོ་གཉིས་ཡིན། དེ་འདྲའི་ཁྱད་ཆོས་དང་སྐྱེ་རབས་གཅིག་ནས་གཞན་དུ་རྒྱུད་གཏོང་བྱེད་པར་རྩི་གཞིའམ་ཆ་རྐྱེན་ཞིག་གི་སྟངས་འཛིན་བྱེད་ལུགས་བཤད་པ་དང། ཆ་རྐྱེན་ནམ་རྩི་གཞི་དེར་ད་ཆ་རིགས་རྫས་སམ་དབྱིན་སྐད་ནང་ཇིན་ gene ཟེར་གྱི་ཡོད།

དེ་རྗེས་ཁོང་གི་ཕ་མ་ཁ་དོག་དང་དབྱིབས་འདྲེས་མ་ལས་བྱུང་བའི་སྲན་ངོས་འཇམ་པོ་དང་མདོག་སེར་པོ་ཡིན་པ་དེ་དག་ནང་ཁུལ་སྐྱེ་འཕེལ་བྱེད་དུ་འཇུག་སྐབས་དེའི་འབྲས་བུས་ཁོང་ཧང་སངས་འཇུག་ཡོད། སྐྱེ་རབས་གཉིས་པའི་སྲན་མ་ཕལ་ཆེ་བ་སེར་མདོག་དང་ངོས་འཇམ་པོ་ཡིན་རུང་འགའ་ཞིག་མདོག་ལྗང་ཁུ་དང་ངོས་འབར་འབུར་ཅན་ཐོབ་པ་མ་ཟད། དེ་གཉིས་ཀྱི་ཁྱད་པར་ཡང་རྟག་ཏུ་3:1གནས་ཀྱི་ཡོད། འདིའི་དོན་ནི་སེར་པོ་བཞི་ཆ་གསུམ་དང་ལྗང་ཁུ་བཞི་ཆ་གཅིག་ཡིན།

རྟོགས་ཞིབ་འདིར་ཁོང་གི་འགྲེལ་བརྗོད་གང་འདྲ་བྱས་ཡོད་དམ་ཞེ་ན། གོང་དུ་བཤད་པ་བཞིན་རིགས་རྒྱུན་ནང་མངོན་པ་དང་མི་མངོན་པའི་ཁྱད་ཆོས་གཉིས་རེ་ཡོད་པ་དང་། དེ་ཡང་དབྱིན་ཡིག་གི་ཡིག་གཟུགས་ཆེ་ཆུང་གཉིས་ལས་ཆེ་བས་མངོན་གྱུར་གྱི་ཁྱད་ཆོས་དང་ཆུང་བས་མངོན་དུ་མ་གྱུར་བའི་ཁྱད་ཆོས་ཀྱི་མཚོན་རྟགས་བཀོད་ནས་འགྲེལ་བརྗོད་བྱས་ཡོད། དཔེར་ན། མངོན་དུ་གྱུར་བའི་ཁ་དོག་སེར་པོའི་མཚོན་རྟགས་ Y དང་། མངོན་དུ་མ་གྱུར་བའི་ཁ་དོག་ལྗང་ཁུའི་མཚོན་རྟགས་g ཡིན། དེ་བཞིན་དུ་མངོན་དུ་གྱུར་བའི་དབྱིབས་ངོས་འཇམ་པོའི་མཚོན་རྟགས་ R དང་། མངོན་དུ་མ་གྱུར་བའི་དབྱིབས་ངོས་འབར་འབུར་ཅན་གྱི་མཚོན་རྟགས་w ཡིན། ཁ་དོག་གི་ཁྱད་ཆོས་ལྟ་བུར་མཚོན་ན། སྐྱེ་རབས་དང་པོའི་སྲན་མ་ཡོད་ཚད་ཁ་དོག་སེར་པོ་ཡིན་པས་ཁ་དོག་སེར་པོ་དེ་མངོན་དུ་གྱུར་བའི་ཁྱད་ཆོས་དང་ལྗང་ཁུ་མངོན་དུ་མ་གྱུར་བའི་ཁྱད་ཆོས་ཡིན་པས། དེའི་ཁ་དོག་གི་རིགས་རྫས་ Yg ཡིན། སྐྱེ་རབས་དང་པོའི་སྲན་མ་འདི་དག་ནང་ཁུལ་སྐྱེ་འཕེལ་འཇུག་སྐབས་སྐྱེ་རབས་ཕྱི་མར་ Y དང་ g གང་རུང་རྒྱུད་གཏོང་གོ་སྐབས་གཅིག་མཚུངས་དང་། སྐྱེ་འཕེལ་སྐབས་འབྲས་བུའི་སྲན་མ་རེ་རེར་རང་གི་ཕ་མ་གཉིས་ནས་རིགས་རྫས་ཀྱི་རྩི་གཞི་རེ་རེ་རྒྱུད་གཏོང་བྱེད་ཀྱི་ཡོད་པ་དང་། ཁ་དོག་ལྟ་བུར་མཚོན་ན་རིགས་རྫས་ཀྱི་ཆ་ gY Yg YY gg འདི་དག་གང་རུང་གཅིག་ཡིན་དགོས། འབྲས་བུའི་སྲན་མའི་ནང་རིགས་རྫས་ཀྱི་ཆ་ gY Yg YY འདི་གསུམ་གང་རུང་ཡོད་ཚེ་དེའི་ཁ་དོག་སེར་པོ་ཡིན་པ་དང་ཆ་ gg འདིའི་ནང་མངོན་དུ་གྱུར་བའི་རྩི་གཞི་མེད་པར་བརྟེན་འདི་ཁོ་ནའི་ཁ་དོག་ལྗང་ཁུ་ཡིན། སྤྱིར་བཏང་རིགས་རྫསས་ཀྱི་ཆ་ gY Yg འདི་གཉིས་ཡོད་པའི་སྲན་མ་ཞིག་ཡིན་ཚེ་དེའི་ནང་ཁ་དོག་སེར་པོ་དང་ལྗང་ཁུ་གཉིས་ཀའི་རིགས་རྫས་ཀྱི་ཆ་ཡོད་ཀྱང་ཁ་དོག་སེར་པོ་དེ་མངོན་དུ་གྱུར་བའི་ཁྱད་ཆོས་ཡིན་པས་ཁ་དོག་ལྗང་ཁུར་ཡོངས་སུ་དབང་སྒྱུར་གྱིས་ཕྱིར་རྣམ་པར་མངོན་མ་ཐུབ་པ་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས་བརྟག་དཔྱད་སྐབས་སྐྱེ་རབས་གཉིས་པའི་མ་ཕ་ཚང་མའི་ཁ་དོག་སེར་པོ་ཡིན་ཡང་དེའི་འབྲས་བུའི་སྐྱེ་རབས་ནང་བཞི་ཆ་གསུམ་སེར་པོ་དང་བཞི་ཆ་གཅིག་ལྗང་ཁུར་རྙེད་སོན་བྱུང་བ་རེད།
གོང་གི་གནས་སྟངས་འདི་ལས་ཤེས་རྟོགས་ཐུབ་པ་ནི། མངོན་དུ་གྱུར་བའི་ཁྱད་ཆོས་ཐོབ་པར་ཕ་མ་གང་རུང་ནས་རྩི་གཞི་གཅིག་ལས་མི་དགོས་ཀྱང་མངོན་དུ་མ་གྱུར་བའི་ཁྱད་ཆོས་ཀྱི་རྣམ་པ་ཕྱིར་མངོན་པ་ལ་ཕ་མ་གཉིས་ཀ་ནས་རྩི་གཞི་གཅིག་མཚུངས་རྒྱུད་གཏོང་བྱེད་དགོས་ཀྱི་ཡོད།

བརྟག་དཔྱད་འདིར་ཁོང་གིས་འཇུག་སྡོམ་འདི་ལྟར་བྱས་ཡོད།


༺྿ ཁྱད་ཆོས་གང་ཡང་རྒྱུད་གཏོང་བྱེད་པར་རྩི་གཞིའམ་ཆ་རྐྱེན་ཞིག་གིས་སྟངས་འཛིན་བྱེད་ཀྱི་ཡོད། ༼རིགས་རྫས༽
༺྿ མེ་ཏོག་གམ་སྲན་མ་གང་རུང་གཅིག་ལ་རང་གི་ཕ་མ་གཉིས་ནས་དེ་འདྲའི་རྩི་གཞི་རེ་རེ་རྒྱུད་གཏོང་འབྱུང་གི་ཡོད།
༺྿ ཁྱད་ཆོས་གང་ཡང་རུང་བ་ཞིག་སྲན་མ་བྱེ་བྲག་གཅིག་གི་ནང་མངོན་དུ་མ་གྱུར་ཡང་ཁྱད་ཆོས་དེ་སྐྱེ་རབས་ཕྱི་མར་རྒྱུད་གཏོང་བྱེད་ཐུབ། འདིའི་གོ་དོན་ནི་དཔེར་ན། གལ་ཏེ་སྲན་མ་ཞིག་གི་ཁ་དོག་ལྗང་ཁུ་ཡིན་ཚེ། ཁ་དོག་ལྗང་ཁུ་ཡིན་པའི་ཁྱད་ཆོས་དེ་བུའི་ནང་མངོན་དུ་མ་གྱུར་བའམ་བུའི་ཁ་དོག་སེར་པོ་ལྟ་བུ་ཡིན་ཡང་དེའི་འབྲས་བུ་སྟེ་རང་གི་ཚ་བོ་སྲན་མའི་ཁ་དོག་སླར་ཡང་ལྗང་ཁུ་ཡོང་ཐུབ། དེ་ནི་མི་ཞིག་ལ་མཚོན་ན། མི་ཞིག་གི་མིག་སྔོན་པོ་ཡིན་རུང་རང་གི་ཕྲུ་གུར་མིག་སྔོན་པོ་མེད་ཀྱང་ཚ་བོའི་མིག་སྔོན་པོ་ཡིན་པ་ལྟ་བུ་ཡིན།

མིའི་རིགས་རྫས།


མི་དང་དུད་འགྲོ། རྩི་ཤིང་སོགས་སྲོག་ཆགས་གང་འདྲ་ཞིག་ཡིན་རུང་དེའི་གཟུགས་དབྱིབས་དང་ཁ་དོག་སོགས་གནས་ཚུལ་ཐམས་ཅད་སྲོག་ཆགས་དེའི་རིགས་རྫས་ནང་འདུས་ཡོད། འཕེལ་འགྱུར་གྱི་ལྟ་གྲུབ་ཐོག་ནས་བཤད་ན་གོ་ལ་འདིའི་ཐོག་སྲོག་ཆགས་ཡོད་དོ་ཅོག་ཐོག་མར་མེས་པོ་གཅིག་ནས་སོ་སོར་གྱེས་པར་བཤད་པ་དང་དེའི་སྒྲུབ་བྱེད་མང་དག་ཡོད་པ་ལས་སྒྲུབ་བྱེད་ཚད་མཐོ་ཤོས་དང་ཁུངས་བཙན་ཤོས་ནི་རིགས་རྫས་ཀྱི་གནས་སྟངས་འདི་ཆགས་ཡོད། དེ་ཡང་སེམས་ཅན་ནང་ཁུལ་ཙམ་མ་ཡིན་པར་ང་ཚོ་དང་རྩི་ཤིང་གི་བར་ན་ཡང་ཐུན་མོང་གི་རིགས་རྫས་ཤིན་ཏུ་མང་སྟེ། དཔེར་ན། ང་ཚོ་འགྲོ་བ་མི་དང་ང་ཚོས་ལོངས་སུ་སྤྱོད་པའི་ཤིང་ཏོག་ཀེ་ལ་ལྟ་བུར་མཚོན་ན་དེ་གཉིས་བར་ཐུན་མོང་གི་རིགས་རྫས་བརྒྱ་ཆ་ལྔ་བཅུ་ལྷག་ཡོད། དེའི་གོ་དོན་མི་དང་ཀེ་ལའི་བར་དུ་རིགས་རྫས་ཀྱི་ཐོག་ནས་ཁྱད་པར་བརྒྱ་ཆ་ལྔ་བཅུ་ཙམ་ལས་མེད། དེ་བཞིན་ང་ཚོ་དང་སེམས་ཅན་གྱི་བར་ན་ཐུན་མོང་གི་རིགས་རྫས་དེ་བས་མང་བ་དང་། ལྷག་པར་དུ་དེང་སྐབས་འཛམ་གླིང་ནང་མི་འབོར་ཐེར་འབུམ་དྲུག་ལྷག་ཡོད་པ་ལས་དེ་དག་ཚང་མའི་རིགས་རྫས་བརྒྱ་ཆ་དགུ་བཅུ་གོ་དགུ་དང་གྲངས་ཆུང་གོ་དགུ་ལྷག་གཅིག་མཚུངས་ཡིན། གནས་ཚུལ་འདིས་མི་རྣམས་རིགས་རྫས་ཀྱི་ཐོག་ནས་ཇི་ཙམ་བར་ཐག་ཉེ་བ་དང་གཅིག་མཚུངས་ཡིན་པ་བསྟན་ཡོད། མི་ནང་ཁུལ་དང་སེམས་ཅན་དང་རྩི་ཤིང་གཞན་གྱི་བར་རིགས་རྫས་ཀྱི་ཐོག་ནས་ཁྱད་པར་ཤིན་ཏུ་ཆུང་ཡང་དེའི་འབྲས་བུར་ཕྱིའི་རྣམ་འགྱུར་ཤིན་ཏུ་ཐ་དད་མངོན་པ་འདིས་རིགས་རྫས་ཀྱི་གལ་གནད་དམ་ནུས་པ་སྟོན་གྱི་ཡོད། འཛམ་གླིང་ཐོག་མི་ཚང་མའི་ནང་རིགས་རྫས་ཀྱི་ཁྱད་པར་བརྒྱ་ཆ་གཅིག་གི་བཅུ་ཟུར་གཅིག་ལས་ཉུང་ཡང་ཕྱིའི་གཟུགས་དབྱིབས་དང་བསམ་བློ་གཏོང་ཕྱོགས་སོགས་ཤིན་ཏུ་ཐ་དད་ཡིན། སེམས་ཅན་དང་རྩི་ཤིང་གི་རིགས་མི་འདྲ་བ་ཚང་མར་རིགས་རྫས་ཀྱི་གྲངས་འབོར་དང་རིགས་རྫས་གནས་སའི་ཚོགས་ཕུང་ chromosome གི་གྲངས་མི་འདྲ་བ་ཡོད་པ་དང་། མི་ལ་མཚོན་ན་རིགས་རྫས་ཀྱི་ཚོགས་ཕུང་ཆ་ཉིས་ཤུ་རྩ་གསུམ་དང་རིགས་རྫས་ཁྲི་བཞི་ལྷག་ཡོད།

Post a Comment

Previous Post Next Post