མི་ཚེའི་ལོ་རྒྱུས། [༡༦༤༣ ནས་ ༡༧༢༧]
རྩིས་དང་དངོས་ཁམས་ཚན་རིག་ལ་མཁས་པ་ཨ་ཡི་སེཀ་ནིའུ་ཊོན་ནི་ཕྱི་ལོ་ ༡༦༤༣ ཟླ་ ༡ ཚེས་ ༤ ཉིན་དབྱིན་ཡུལ་ཋུལ་ལས་ཐོར་པི་[Woolsthrope] ཞེས་པར་སྐུ་འཁྲུངས། ཁོང་མ་འཁྲུངས་པའི་ཟླ་ཤས་སྔོན་ཁོང་གི་ཡབ་སྐུ་གཤེགས་པ་དང་། ཁོ་བོའི་མཚན་ཡང་རང་གི་ཡབ་དམ་པའི་རྗེས་སུ་བཏགས་པ་རེད། དེ་ནས་ལོ་གཉིས་རྗེས་ཡུམ་གྱི་འཁྲུངས་ས་གཉིས་པ་རྒྱབ་པས་ནིའུ་ཊོན་རང་གི་རྨོ་རྨོ་དང་ལྷན་དུ་གེ་རན་ཐམ་ཞེས་པའི་གྲོང་སྡེར་གནས་སྤོས་བྱས། གཞི་རིམ་སློབ་སྦྱོང་ཆེད་རང་གི་ཁྱིམ་ནས་ཀི་ལོ་མི་ཊར་ ༨ ཀྱི་སར་ཡོད་པའི་གྲོང་སྡེ་སློབ་གྲ་ཞིག་ཡོད་པ་དེར་ཉིན་ལྟར་འགྲོ་བསྐྱོད་བྱས། ནིའུ་ཊོན་ནི་སློབ་གྲྭའི་ནང་སློབ་སྦྱོང་ཡག་པོ་མེད་ཅིག་ཨ་མས་ཁོང་ཞིང་ལས་བྱས་ན་ལེགས་བསམ་ནས་ཞིང་ལས་ལ་བཏང་ཡང་ནིའུ་ཊོན་གྱིས་དེའང་མཐའ་མ་ཁྱོལ། ཡིན་ནའང་ནིའུ་ཊོན་གྱི་ཨ་ཞང་གིས་ནིའུ་ཊོན་སློབ་སྦྱོང་ལ་དོ་སྣང་དང་སྤྲོ་བ་ཆེར་ཡོད་པ་གཟིགས་ནས་ཨ་མར་ནིའུ་ཊོན་སློབ་གྲྭར་གཏོང་རྒྱུའི་རེ་སྐུལ་ཞུས་པ་དང་ཡང་དུས་ཕྱིས་སུ་ནིའུ་ཊོན་སློབ་གྲྭ་ཆེན་མོར་འགྲོ་རྒྱུའི་སློབ་གསོ་མང་པོ་གནང་། ཕྱི་ལོ་ ༡༦༦༡ ལོར་ནིའུ་ཊོན་ཁེམ་བི་རིཇ་སློབ་གྲྭ་ཆེན་མོའི་ཊི་རི་ནི་ཊི་མཐོ་སློབ་ཁང་དུ་བཞུགས་པ་དང་། དེར་ཁོང་ནས་ཁྲིམས་ཀྱི་སློབ་སྦྱོང་གནང་བ་དང་ལོ་གསུམ་རིང་མཐོ་སློབ་ཀྱི་སློབ་ཡོན་རང་ཉིད་ཀྱིས་ཟ་ཁང་ནང་ལས་ཀ་བྱས་ནས་བསྒྲུབས།
ཕྱི་ལོ་ ༡༦༦༤ ལོར་ཁོང་རྩེ་ཐོན་སློབ་མར་འདེམས་སྒྲུག་བྱུང་བས་སློབ་ཡོན་རྒྱབ་སྐྱོར་ཐོབ་པས་བར་གསེང་དུས་བསྐལ་བྱུང་རིམ་ཁོང་གིས་རྩིས་དང་སྐར་དཔྱད་རིག་པར་དོན་གཉེར་ཆེན་པོ་བྱས། འདིའི་སྐབས་ཀྱི་ཚན་རིག་མཁས་དབང་ནི་ཁོ་ལས྄་ཁོ་པར་ནི་ཀས྄་དང་ཇོ་ཧེན་ནས྄་ཀེཔ་ལར་གཉིས་ཀྱིས་རྩོམ་མང་པོ་བཀླགས་པ་མ་ཟད་རྩིས་ཀྱི་སྦྱོང་བརྡར་ཡང་མང་པོ་བྱས། ཕྱི་ལོ་ ༡༦༦༥ ལོར་དབྱིན་ཡུལ་ལྷོ་ཕྱོགས་སུ་པེ་ལེག་[plague]༼གཤལ་ནད༽ནད་གཞི་ཁྱབ་འཕེལ་ཆེན་པོ་བྱུང་བ་དང་མི་སྟོང་ཕྲག་མང་པོ་འདས་གྲོངས་སུ་འགྱུར་རྐྱེན་མཐོ་སློབ་ཁང་སྒོ་བརྒྱབ་དགོས་བྱུང་། ཁོང་རང་རང་ཁྱིམ་དུ་ལོག་ནས་རྩིས་དང་དངོས་ཁམས་ཚན་རིག་ལ་ཧུར་བརྩོན་ཆེན་པོས་སྦྱངས་ནས་མཐར་ཡོངས་གྲགས་འགུག་ཤུགས་ཀྱི་གཞུང་ལུགས་ཞེས་པ་དེ་གསར་བཏོད་གནང་། ཁོང་གིས་བརྗོད་དོན་དུ་ཕྱི་ལོ་ ༡༦༦༥ ནས་ ༡༦༦༦ བར་ནི་ཁོང་གི་མི་ཚེའི་ནང་ནས་དུས་ཡུན་གལ་ཆེ་ཤོས་དེ་ཡིན་བཅས་གསུངས་ཀྱི་ཡོད། ཁོང་དགུང་ལོ་ ༢༧ ལ་སླེབས་སྐབས་སློབ་གྲྭ་ཆེན་མོའི་རྩིས་ཀྱི་དགེ་རྒན་གནང་བ་དང་དེ་སྐབས་ཁོང་གི་ཕྱག་ལས་མང་པོ་ཞིག་མི་གཞན་མང་པོར་དོ་སྣང་བྱུང་། སྐབས་འདིའི་ཚན་རིག་པ་ཨེཊ་མོནཨ་ཧེ་ལེ་དང་ཚན་རིག་པ་གཞན་མང་པོས་ཁོང་གི་ཕྱག་ལས་ལ་བསྔགས་བརྗོད་དང་ཚན་རིག་པ་ཧེ་ལེ་ནས་ཁོང་གི་ཕྱག་ལས་རྣམས་ཡིག་ཐོག་ཏུ་དཔར་བསྐྲུན་དགོས་པའི་སྐུལ་མའང་གནང་།།
ཆོས་ལུགས་ལ་ནག་འཛུགས་དང་ནིའུ་ཊོན་གྱི་གཤིས་རྒྱུད་།།
ཕྱི་ལོ་ ༡༦༧༠ ཡན་མན་དུ་ཁོང་ཆོས་ལུགས་ལ་དོན་གཉེར་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་དང་ཨེ་ཤུ་གནའ་དེང་གི་ཆོས་བརྒྱུད་ཁག་ལ་སློབ་གཉེར་ཆེན་པོ་གནང་ཡོད། ཁོང་གི་དགོངས་པར་སྐབས་དེའི་དབྱིན་ཡུལ་ལྷ་ཁང་ཁག་གི་འཛིན་སྐྱོང་བྱེད་སྟངས་དེ་དག་ཡེ་ཤུའི་སྟོན་པའི་བཀའ་དགོངས་ལས་ཐག་ཇེ་རིང་དུ་སོང་བའམ་འགལ་བར་གཟིགས་ནས་དེའི་སྐབས་ཀྱི་དབྱིན་ཡུལ་ལྷ་ཁང་ཁག་གི་བཀའ་རྒྱ་ལ་བརྩི་སྲུང་བྱེད་ཀྱི་མེད། སྟབས་ལེགས་པ་ཞིག་ལ་དེ་དུས་དབྱིན་ཡུལ་རྒྱལ་པོ་ཅལ་སི་གཉིས་པས་ནིའུ་ཊོན་ལ་ཡེ་ཤུའི་ལྷ་ཁང་གི་བཀའ་བརྩི་མི་དགོས་པའི་དགོངས་འཁྲོལ་ཐོབ་ཡོད། འོན་ཀྱང་ཁོང་གི་མི་ཚེའི་མཐའ་མཇུག་ཏུ་དཀོན་མཆོག་གི་བཀའ་དང་བཀྲིན་སྐོར་བྲིས་རྩོམ་སྣ་མང་ཞིག་སྤེལ་ཡོད་པ་རེད།
ཁོང་རྩ་བའི་མི་ཉམ་ཆུང་དང་། དོན་ཉུང་བྱ་ཉུང་། ཆོས་སེམས་ཅན་ཞིག་དང་། བཟང་སྤྱོད་ལྡན་པའི་མི་ཞིག་ཡིན་སྐད་ཀྱང་རང་དང་རང་གི་བྲིས་རྩོམ་སོགས་ལ་སྐྱོན་བརྗོད་བྱེད་མཁན་བྱུང་ཚེ་དེ་དག་ལ་ཧ་ཅང་སྡང་སེམས་འཛིན་གྱི་ཡོད་པས་དགྲ་ལ་ཧ་ཅང་གི་རྩུབ་པ་དང་གཉེན་ལ་ཧ་ཅང་གི་བྱམས་པ་ཞིག་ཡིན། ཕྱི་ལོ་ ༡༧༡༤ ལོར་ཁོང་གིས་ཚན་རིག་སྒྲོམ་གཞིའི་ནང་གསར་གཏོད་བྱས་པ་རྣམས་རྒྱལ་ཡོངས་སུ་ཁྱབ་བསྒྲགས་ཆེན་པོ་བྱུང་བའི་རྗེས་འབྲས་སུ་ཡོ་རོབ་ནང་གི་ཚན་རིག་པ་སྙན་གྲགས་ཆེ་ཤོས་སུ་གྱུར་བ་རེད། ཁོང་གི་མི་ཚེའི་ལོ་མཇུག་ནང་རང་གི་བརྩམས་ཆོས་ཡིག་ཆ་རྣམས་ལ་བསྐྱར་ཞིབ་དང་གཞུང་འབྲེལ་ཕྱག་ལས་རྣམས་མཐར་འཁྱོལ་ཐུབ་པ་གནང་། ལོ་ངོ་ ༣༠༠ ཙམ་གྱི་རིང་ཁོང་ནི་དེང་དུས་དངོས་ཁམས་ཚན་རིག་གི་སྟོན་པའམ་དབང་འཛིན་ལྟ་བུར་ངོས་འཛིན་བྱེད་ལ། རྩིས་དང་རྗས་སྦྱོར་ཐད་ལ་ཡང་བྱས་རྗེས་ཆེན་པོ་བཞག་ཡོད།
སྤྱི་ལོ་ ༡༧༢༧ ཟླ་བ་ ༣ ཚེས་ ༢༠ ཉིན་ཁོང་དགུང་ལོ་ ༨༥ སྐབས་ཚེ་ལས་འདས་པ་རེད།
ཁོང་གི་གསར་གཏོད།།
ཁོང་གིས་ཐོག་མར་རྒྱང་ཤེལ་གསར་གཏོད་མཛད་པས་དེ་ནི་ཁོང་གི་ཚན་རིག་གི་བྱས་རྗེས་ཆེས་ཐོག་མ་དེ་ཡིན། ཁོང་གིས་འོད་ལ་རྡུལ་གྱི་རང་བཞིན་ལྡན་པའམ་འོད་དེ་རྡུལ་གྱི་རང་བཞིན་ཅན་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ནའང་ཚན་རིག་པ་གཞན་ཁི་མང་པོས་འོད་དེ་རླབས་ཀྱི་རང་བཞིན་ཅན་ནམ་རླབས་ཡིན་པ་འདོད་ཀྱི་ཡོད། ད་ཆ་འོད་ལ་ཟུང་ལྡན་རང་བཞིན་ལྡན་པ་སྟེ། རླབས་དང་རྡུལ་གཉིས་ཀའི་ཁྱད་ཆོས་ཚང་བ་ཤེས་ཀྱི་ཡོད། ཁོང་གིས་གསར་གཏོད་མཛད་པའི་རྒྱང་ཤེལ་ནང་ཁོང་རང་གི་ཐུན་མོང་མ་ཡིན་པའི་དྭངས་ཤེལ་བེད་སྤྱོད་བྱས་ཡོད་པས་རྒྱང་ཤེལ་དེ་རིགས་ལ་ནིའུ་ཊོན་གྱི་རྒྱང་ཤེལ་ཟེར་གྱི་ཡོད།
འོད་དཔྱད་རིག་པ།
ཕྱི་ལོ་ ༡༦༦༤ སྐབས་ཁོང་སློབ་ཕྲུག་ཡིན་སྐབས་དབྱིན་ཇིའི་དངོས་ཁམས་ཚན་རིག་མཁས་དབང་རོ་བཊ་བོ་ཡལ་དང་རོ་བ་ཊ་ཧུག་གཉིས་ཀྱིས་འོད་དང་འོད་དཔྱད་རིག་པའི་ཐོག་བྲིས་པའི་ཡིག་ཆ་མང་པོ་བལྟ་ཀློག་བྱས་པ་མ་ཟད་ཕི་རན་སི་མཁས་དབང་རི་ནི་ཌེས་ཁ་ཊེས་ནས་རྩིས་དང་དངོས་ཁམས་ཚན་རིག་ཐོག་བྲིས་པའི་དེབ་མང་པོ་བཀླགས་ཡོད། ལོ་ཤས་རིང་འཇའ་ཤེལ་གྱི་འོད་ལྡོག་འཕྲོ་བྱེད་ཚུལ་སྐོར་བརྟག་དཔྱད་བྱས་པས་མཐར་ཁ་དོག་གི་རྣམ་གཞག་གསར་གཏོད་གནང་། འོད་མདོག་དཀར་པོ་དེ་བཞིན་འོད་ཟེར་མདོག་མི་འདྲ་བ་མང་པོ་མཉམ་བསྲེས་ཀྱིས་གྲུབ་པ་དང་འོད་ཟེར་རེ་རེ་ལ་རང་ཉིད་ཀྱི་ལྡོག་འཕྲོའི་ཟུར་ཚད་ངེས་ཅན་རེ་ཡོད་པ་སོགས་འོད་ཀྱི་གནས་ཚུལ་མང་པོ་ཤེས་རྟོགས་ཐུབ་པ་བྱུང་། ཁོང་གིས་འོད་དེ་འོད་རྡུལ་ཕྲ་མོ་དུ་མས་གྲུབ་པ་འདོད་ལ་འོད་རྡུལ་ཞིག་གི་ཤུགས་ཚད་ཆེ་ཆུང་ལ་བརྟེན་ནས་དེ་ཉིད་དངོས་གཟུགས་སྟེང་ཕོག་སྐབས་ཁ་དོག་འདྲ་མིན་མངོན་པ་ཡིན་ཞེས་བཤད་ཡོད། སྐབས་དེའི་སྤྱི་ཚོགས་ཀྱི་བསམ་ཚུལ་དང་མི་མཐུན་པའི་བསམ་ཚུལ་དེ་རྣམས་ནི་སྤྱི་ལོ་ ༡༦༦༨ ཙམ་ནས་ཁོང་གི་བློ་ངོར་ཡོད་པ་དང་སྤྱི་ལོ་ ༡༦༧༢ ནས་ ༡༦༧༥ བར་བསམ་ཚུལ་འདི་དག་རིམ་བཞིན་བྲིས་རྩོམ་གྱི་ལམ་ནས་ཁྱབ་སྤེལ་བྱེད་སྐབས་ཁོང་གི་བསམ་ཚུལ་དང་མི་མཐུན་མཁན་དང་། སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་པོ་བྱུང་། དེའི་རྒྱུ་མཚན་གཅིག་ནི་ད་བར་མི་ཚོས་འོད་ཀྱི་ཁ་དོག་མི་འདྲ་བ་དེ་དག་ནི་འོད་དཀར་ཀྱི་རྣམ་པ་མི་འདྲ་བ་ཙམ་ཞིག་ལ་འདོད་པས་ཡིན། ནིའུ་ཊོན་གྱིས་འོད་དཔྱད་རིག་པ་ཞེས་པའི་དེབ་དེ་ཕྱི་ལོ་ ༡༦༩༢ ནས་བརྩམས་ཟིན་ཡང་དེའི་དཔར་བསྐྲུན་ནི་ཁོང་ལ་སྐྱོན་བརྗོད་བྱེད་པོ་རྣམས་ཤི་ནས་ལོ་ཤས་སོང་བའི་རྗེས་སུ་མ་གཏོགས་ཐོན་མེད། ཕྱི་ལོ་ ༡༧༡༥ ཙམ་ནས་ཁོང་གི་དེབ་དེ་བཞིན་རྣམ་བཞག་དང་བརྟག་དཔྱད་བར་འབྲེལ་མཐུད་བྱེད་སྟངས་ཀྱི་དཔེ་གཞི་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད།
ཨང་རྩིས་ཐད་ཕྱག་ལས་ཅི་བྱས།
རྩིས་ཀྱི་ནང་དུའང་ཁོང་གིས་རིག་པ་དམིགས་བསལ་ཞིག་གསར་གཏོད་གནང་ཡོད། སྤྱིར་བཏང་ཁོང་གིས་གསུངས་གསལ་ལ་ཨང་རྩིས་དེ་རང་ཉིད་ནས་འབད་བརྩོན་དང་གཞན་གྱི་དཔེ་དབེ་དུ་མ་བཀླགས་ཏེ་སྦྱང་པ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད། ཁོང་གིས་རྩིས་ཀྱི་སློབ་ཚན་མང་པོའི་ནང་གལ་ཆེའི་གསར་གཏོད་དུ་མ་མཛད་པས་ལྷག་པར་དབྱིབས་རྩིས་རིག་པའི་ཆ་ཕྲན་དང་ཆ་བསགས་ཀྱི་དབར་ལ་ཁྱད་པར་དུ་མ་ཁ་གསལ་པོར་འགྲེལ་བརྗོད་མཛད། ཁོང་གིས་དེ་གཉིས་བར་ལ་འབྲེལ་བ་མང་པོ་གསར་རྙེད་དང་དཀའ་རྙོག་རིགས་མང་པོ་ཞིག་ཁོང་རང་ཉིད་ཀྱི་རིག་སྟོབས་ལས་བསལ་ཐུབ་པ་བྱུང་ཡོད།
ནིའུ་ཊོན་གྱིས་བྲིས་པའི་ཡིག་ཆ་མང་པོའི་ནང་ནས་ཐོག་མར་ཕྱི་ལོ་ ༡༦༦༨ ལོར་ཆ་བསགས་ཀྱི་ཐབས་ལམ་ཞེས་པ་དེ་ཁྱབ་སྤེལ་བྱས། ༡༦༧༥ ལོར་ཕི་རནཱ་སི་ཚན་རིག་པ་གོཊ་ཕརཱཊ་ཋིལ་ཧེམ་ལེ་བི་ནི་ཛ་[Gottfried Wilhelm Leibniz ] ཞེས་པས་ཆ་བསགས་དང་ཆ་ཕྲན་ཐོག་སྒེར་གྱི་བསམ་ཚུལ་མང་པོ་ཞིག་ཁྱབ་བསྒྲགས་བྱས་པས། ནིའུ་ཊོན་གྱིས་བསམ་ཚུལ་དེ་དག་རང་གི་ཐོག་མར་གསར་བཏོད་གནང་བ་དང་ཁོང་གི་ཡིག་ཆ་རྣམས་ལེ་བི་ནི་ཛ་ཡིས་མཐོང་བས་རིག་པ་བརྐུས་ནས་རང་གི་ལྟ་བ་ཡིན་ཚུལ་གྱི་ཁྱབ་བསྒྲགས་བྱས་པ་རེད་ཅེས་སྐྱོན་འཛུགས་བྱས་པ་རེད། ནིའུ་ཊོན་དང་ལེ་བིཛ་གཉིས་བར་གྱི་རྩོད་པ་དེ་ལོ་མང་རིང་གནས་པ་དང་མཐར་ལེ་བི་ནི་ཛ་འདས་གྲོངས་སུ་འགྱུར་བའི་རྗེས་སུའང་རྩོད་རྙོག་དེ་མཚམས་མ་ཆད་པར་མུ་མཐུད་ལྷག་ཡོད།
འཐེན་ཤུགས་རིག་པ།
ཡོངས་གྲགས་ཀྱི་སྒྲུང་ཞིག་གི་བཤད་སྲོལ་ལ་གཞིག་ན་ནིའུ་ཊོན་གྱི་སྒོ་རའི་ནང་ཀུ་ཤུའི་སྡོང་པོ་ཞིག་ཡོད་པ་དེ་ལས་ཀུ་ཤུ་ཞིག་ལྷུང་བ་མཐོང་བས་སྣང་ཚུལ་དེ་ལས་ཁོང་གི་བློ་ངོར་འཐེན་ཤུགས་རྣམ་གཞག་གི་འགྲོ་ལུགས་རྙེད་ཚུལ་གསུངས་ཡོད། ཀུ་ཤུའི་གཡོ་འགུལ་དང་ནམ་མཁའི་ཕུང་གཟུགས་ཟླ་བ་ལྟ་བུའི་གཡོ་འགུལ་གཉིས་རྒྱུ་རྐྱེན་བྱེད་མཁན་ཤུགས་གཅིག་རང་ཡིན་དགོས་པ་ཁོང་གིས་དཔྱད་ཞིབ་ལས་རྟོགས་པ་དང་དངོས་སུ་བརྟག་དཔྱད་ཀྱི་སྒོ་ནས་ཀྱང་བསྒྲུབས་ཡོད། གཞན་ཡང་ཁོང་གིས་དཔྱང་རྡོའི་ལྟེ་ཕྱོགས་ཀྱི་ཤུགས་དང་། དཔྱང་ཐག་གི་རིང་ཚད་དང་། དཔྱང་རྡོའི་གཡོ་འགུལ་བཅས་ལ་བརྟག་དཔྱད་བྱས་པའི་ཐོག་ནས་ནམ་མཁའི་གཟའ་རྣམས་ཀྱི་གཡོ་འགུལ་བྱེད་སྟངས་ཤེས་རྟོགས་ཐུབ་པ་བྱུང་། ཁོང་གིས་བརྩམས་པའི་སྙན་གྲགས་ཆེ་བའི་དཔེ་དེབ་པི་རིན་སི་པི་ཡ་[Principia] དང་པོའི་ནང་འཐེན་ཤུགས་རིག་པའི་རྨང་གཞི་དང་འཁོར་ལམ་ནང་བསྐྱོད་པའི་དངོས་པོའི་འགྲོ་ལུགས་བསྟན་པའི་ཨང་རྩིས་སོགས་ཁ་སྣོན་མཛད། ཁོང་གིས་འཐེན་ཤུགས་དེ་གཞི་རྩའི་ཤུགས་ཤིག་ཏུ་ངོས་འཛིན་བྱེད་པ་དང་། དེས་ནམ་མཁའི་ཕུང་གཟུགས་ཀྱི་གཡོ་འགུལ་སྟངས་འཛིན་བྱེད་ཚུལ་གསུངས་ཡོད། དེབ་ཕྲེང་གཉིས་པའི་ནང་ཁོང་གིས་གཤེར་ཁུའི་གཡོ་འགུལ་དང་དེའི་ནང་དངོས་པོ་གཞན་རྣམས་ཇི་ལྟར་འགུལ་བའི་དཀའ་གནད་མང་པོའི་ལན་འདེབས་གནང་བ་དང་། ད་དུང་སྒྲ་རླབས་ཀྱི་མགྱོགས་ཚད་ཀྱང་གསར་རྙེད་བྱུ་བ་རེད།
དེབ་ཕྲེང་གསུམ་པའི་ནང་འཐེན་ཤུགས་ཀྱི་གཏན་ཁྲིམས་སྐོར་གསུངས་ཡོད། ཁོང་གིས་ས་ཡི་གོ་ལ་དང་སྐབས་དེར་ངོས་བཟུང་བའི་གཟའ་དྲུག་པོ་རྣམས་དང་། དེ་དག་ལ་འཁོར་བའི་ཟླ་བ་སོགས་ཀྱི་རྒྱུད་འཐེན་ཤུགས་ཀྱི་གཏན་ཁྲིམས་གསལ་སྟོན་མཛད། ཁོང་གིས་ནམ་མཁའི་ཕུང་གཟུགས་དེ་ཚོའི་གདོས་ཚད་དང་། འཐེན་ཤུགས་ཀྱི་ཚད། ས་ཡི་གོ་ལ་དང་གཟའ་ཕུར་བུ་བཅས་ཀྱི་འཇོང་ཚད་[eccentricity] སོགས་ཀྱང་བཀོད་ཡོད། ནིའུ་ཊོན་གྱི་འཐེན་ཤུགས་རིག་པའི་བརྩམས་ཆོས་རྣམས་དབྱིན་ཡུལ་ནང་ལམ་སེང་ངོས་ལེན་བྱུང་ཞིང་གོ་ལ་སྤྱིར་རྒྱ་ཁྱབ་ཡོང་བར་མི་ལོ་ལྔ་བཅུ་ཙམ་འགོར་ཡོད།
Post a Comment