དེ་ནི་འཇིག་རྟེན་གྱི་ཁམས་དེ་ནམ་མཁའ་དང་དུས་གཉིས་ཀྱི་ནང་རིམ་པས་འཕེལ་འགྱུར་ཇི་ལྟར་འབྱུང་བར་ལྟ་བའི་རིག་པ་ཞིག་ཡིན། དགུ་ཚིགས་རྣམས་ནི་ང་ཚོའི་འཇིག་རྟེན་ཁམས་ཀྱི་མུ་དང་མཐའ་དེ་རྣམས་ངོ་སྤྲོད་མཁན་ལྟ་བུ་ཞིག་ཏུ་འགྱུར་ཡོད། འོད་ལོ་ཐེར་འབུམ་མང་པོའི་ས་མཐར་གནས་པའི་དགུ་ཚིགས་རྣམས་རྒྱང་ཤེལ་ཆེན་པོའི་ཐབས་ལས་མཐོང་ཐུབ་ཀྱི་ཡོད་པས་ང་ཚོས་མཐོང་བའི་ཐག་རིང་གི་དགུ་ཚིགས་རྣམས་ནི་མི་ལོ་ཐེར་འབུམ་མང་པོའི་གོང་གི་དར་མའི་གནས་སྐབས་ཞིག་ཡིན་པས་དེ་དག་གི་འཕེལ་རིམ་དང་འབྱུང་ཁུངས་རྣམས་ནི་ང་ཚོས་དཔྱད་ཞིབ་ཐུབ་པ་ཞིག་ཡིན། སྣད་སྲིད་རིག་པའི་ནང་ཐོག་མར་འཇིག་རྟེན་གྱི་ཆགས་རབས་དང་། བར་དུ་འཕེལ་རྒྱས་ཀྱི་རིམ་པ། ཐ་མར་ལས་བསྐལ་ཅི་འདྲ་ཞིག་འོང་མིན་བཅས་འདུ་བ་ཡིན།

ང་ཚོའི་འཇིག་རྟེན་དེ་ལོ་ངོ་ག་ཚོད་སོང་བ་རེད་དམ།


ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་རབས་ནང་གས་ཐོར་ཆེན་མོའི་གཞུང་ལུགས་ལྟར་ན་ང་ཚོའི་འཇིག་རྟེན་འདི་བཞིན་མི་ལོ་ཐེར་འབུམ་ ༡༣་༧ ཙམ་གྱི་གོང་དུ་ཧ་ཅང་སྟུག་ཚད་ཆེ་ཞིང་ཚ་དྲོད་ཆེ་བའི་གནས་སྟངས་ཞིག་ལས་བྱུང་བར་བརྗོད་ཀྱི་ཡོད།྾྾྾ གས་ཐོར་ཆེན་པོ་ཅེས་པ་དེ་གང་རེད།྾྾྾ དེ་ནི་འཇིག་རྟེན་ཆགས་རབས་ཀྱི་གཞུང་ལུགས་ཡོངས་སུ་གྲགས་པ་ཞིག་ཡིན་པ་དང་། རྒྱང་ཐག་རིང་པོར་གནས་པའི་དགུ་ཚིགས་རྣམས་ཀྱི་ཧཱབ་བྷལ་དམར་སྤོ་(Hubble redshift) དང་སྣང་སྲིད་རིག་པའི་གཞུང་ལུགས་གཉིས་ཀྱི་ཐོག་ནས་ནམ་མཁའ་རྒྱ་སྐྱེད་བཞིན་པ་ཤེས་རྟོགས་བྱུང་བ་རེད།

སྣང་སྲིད་རིག་པའི་ནང་གས་ཐོར་ཆེན་མོ་ནི་ང་ཚོའི་འཇིག་རྟེན་འདི་ལོ་ཐེར་འབུམ་ ༡༣་༧ ཙམ་གྱི་སྔོན་ཧ་ཅང་ཚ་བ་དང་སྟུགས་པའི་དངོས་པོ་ལས་བྱུང་ཚུལ་གྱི་ཚན་རིག་གི་ལྟ་གྲུབ་ཞིག་ཡིན་པ་དང། ལྟ་གྲུབ་འདི་ཧཱབ་བྷལ་དམར་སྤོ་ཡིས་བསྟན་པའི་རྒྱ་སྐྱེད་བཞིན་བར་སྣང་དང་སྣང་སྲིད་རིག་པའི་གཞུང་ལུགས་གཉིས་གཞི་བཞག་ཐོག་ནས་བྱུང་བ་ཞིག་ཡིན།

འདས་དོན་ལ་ཚོད་དཔག་བྱས་སྐབས་གོང་གི་ཞིབ་རྟོག་དེ་དག་ལས་ང་ཚོའི་འཇིག་རྟེན་འདི་ཐོག་མར་དངོས་པོ་དང་ནུས་པ་མཐའ་དག་དྲོད་ཚད་ཧ་ཅང་ཆེ་བ་དང་ཤིན་ཏུ་སྟུག་པའི་གནས་སྐབས་ཤིག་ནས་རྒྱ་སྐྱེད་དུ་ཕྱིན་པར་བཤད། འོན་ཀྱང་འདིའི་སྔ་རོལ་དུ་གང་བྱུང་བའི་ཐད་དངོས་ཁམས་ཚན་རིག་པ་ཚོར་སྤྱི་མོས་ཀྱི་བསམ་ཚུལ་ཞིག་མེད། གས་ཐོར་ཆེན་མོ་ཞེས་པའི་མིང་ཚིག་འདི་རྒྱ་ཆུང་ས་ནས་བཤད་ན་འཇིག་རྟེན་རྒྱ་སྐྱེད་བྱུང་འགོ་ཚུགས་པའི་དུས་དེར་གོ་བ་ཡིན། སྤྱི་ཡོངས་ཀྱི་གོ་དོན་ནི་ང་ཚོའི་འཇིག་རྟེན་གྱི་འབྱུང་ཁུངས་དང་རྒྱ་བསྐྱེད་བྱེད་ཚུལ་བརྗོད་པའི་སྣང་སྲིད་རིག་པའི་དཔེ་མཚོན་ལྟ་བུ་ཞིག་ཡིན།

གས་ཐོར་ཆེན་མོའི་བྱུང་རབས།


གས་ཐོར་ཆེན་མོའི་འདོད་ཚུལ་ནི་རྟོག་ཞིབ་དང་ལྟ་གྲུབ་ཀྱི་རྣམ་གཞག་གཉིས་སྦྲེལ་ཏེ་བྱུང་བ་ཞིག་ཡིན། སྔ་མོ་ནས་བརྟག་དཔྱད་མཁན་ཚོས་ཧ་ལམ་བསྐོར་འཁྱིལ་དུ་ཡོད་པའི་སྐར་སྤྲིན་རྣམས་ང་ཚོའི་འཛམ་གླིང་ནས་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་པ་ཤེས་རྟོགས་ཐུབ་ཀྱང་ཁོང་ཚོས་གནས་ཚུལ་དེ་དག་གིས་སྣང་སྲིད་ཀྱི་གོ་དོན་ཇི་འདྲ་ཞིག་སྟེར་མིན་མི་ཤེས་ལ་སྐར་སྤྲིན་དེ་དག་ང་ཚོའི་སྐར་ཚོམ་དགུ་ཚིགས་སྐྱ་མོའི་ཕྱི་རོལ་དུ་ཡོད་པའི་སྐར་ཚོམ་གཞན་ཡིན་པ་ཁོང་ཚོས་དེ་བས་ཀྱང་ཤེས་ཀྱི་མེད། ཕྱི་ལོ་ ༡༩༢༧ ལོར་རོ་མན་ཁེ་ཐོ་ལིག་གི་མཆོད་དཔོན་ཇོར་ཇི།ལིམར་ཀྲི(Georges Lemaitre)- ཡིས། དེ་སྔོན་ཨཡན་སྲི་ཊན (Einstein) གྱི་ཡོངས་ཁྱབ་ལྟོས་བཅས་གཞུང་ལུགས་ཀྱི་མཚུངས་རྩིས་དང་སྐར་སྤྲིན་གྱི་ཕྱི་སྣུར་བྱེད་པ་གཉིས་ལ་གཞིར་བཞག་སྟེ་འཇིག་རྟེན་འདི་གདོད་མའི་ཕྲ་རྡུལ་གྱི་གས་ཐོར་དང་ལྷན་དུ་འགོ་ཚུགས་པ་རེད་ཅེས་བརྗོད་ཡོད་པ་དང་། རྗེས་སུ་ལྟ་གྲུབ་འདིར་གས་ཐོར་ཆེན་མོ་(Big Bang) ཞེས་མིང་ཐོགས་པ་རེད།

ཕྱི་ལོ་ ༡༩༢༩ ལོར་(Edwin Hubble) ཡིས་འཛམ་གླིང་ནས་མཐོང་བའི་སྐར་ཚོམ་གཞན་གྱི་འོད་དེ་དག་དམར་སྤོས་(Red Shifted) ཀྱི་ཆ་དེ་འཛམ་གླིང་ནས་རྒྱང་ཐག་དང་ཆ་མཐུན་གྱི་སྤོ་བ་རྙེད། དེ་ཡང་སྐར་ཚོམ་གང་གི་འོད་ཟེར་དེ་དམར་སྤོས་ཇི་ཙམ་མགྱོགས་པ་དེའིེ་ཚོད་ཀྱིས་སྐར་ཚོམ་དེ་ང་ཚོའི་འཛམ་གླིང་དང་བར་ཐག་རིང་དུ་བསྐྱོད་པ་ཤེས་རྟོགས་བྱུང་བ་དང་གནས་ཚུལ་འདིར་ང་ཚོས་ཧཱབ་བྷལ་Hubble抯 Law) གཏན་སྲོལ་ཞེས་གྲགས་པ་ཡིན། ཧཱབ་བྷལ་གཏན་སྲོལ་གྱིས་འཇིག་རྟེན་རྒྱ་སྐྱེད་བྱེད་བཞིན་པ་སྟོན་པ་དང་དེ་ནི་སྔོན་ཨཡན་སྲི་ཊན་གྱིས་འཇིག་རྟེན་དེ་མི་གཡོ་ཞིང་མུ་མཐའ་མེད་པར་འདོད་པའི་ལྟ་བ་དང་འགལ་བར་གྱུར་ཡོད།

རིག་པ་འདི་དག་ལས་ཕན་ཚུན་འགལ་བར་འཛིན་པའི་ལྟ་གྲུབ་གཙོ་བོ་གཉིས་བྱུང་བ་དང་། དེ་ཡང་ལིམར་ཀྲི་ཡིས་གས་ཐོར་ཆེན་མོའི་གཞུང་ལུགས་རྒྱུད་འཛིན་བྱས་ཏེ་འཇིག་རྟེན་ནི་རྟག་ཏུ་རྒྱ་སྐྱེད་བྱེད་བཞིན་པར་འདོད་མཁན་ཁག་གཅིག་དང་། དེ་མིན་ཧོའི་ལི་(Hoyle) གྱི་འདོད་ཚུལ་ལྟར་འཇིག་རྟེན་འདི་རྟག་ཏུ་གཞི་གཅིག་ལ་གནས་པར་འདོད་མཁན་གྱི་ཁག་གཅིག་བཅས་ཡིན། ལེམར་ཀྲི་ཡི་ལྟ་གྲུབ་ལ་གས་ཐོར་ཆེན་མོ་ཞེས་འདོགས་མཁན་ཡང་ཧོའི་ལི་རང་ཉིད་ཡིན་ལ་དེ་ཡང་ཐོག་མར་མིང་འདོགས་ཀྱི་ཚུལ་དུ་བཏགས་པ་ཞིག་ཡིན། གས་ཐོར་ཆེན་མོའི་མིང་ཚིག་འདི་ཕྱི་ལོ་ ༡༩༥༠ ལོར་ཐོག་མར་དཔར་དུ་བཀོད་པ་དང་དེ་ནས་བཟུང་ཡོངས་གྲགས་སུ་གྱུར། དེའི་རྗེས་ལོ་མང་རིང་གཞུང་ལུགས་འདི་གཉིས་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་མཚུངས་བྱུང་ཡོད་ན་ཡང་མཐར་ཉམས་ཞིབ་ཀྱི་འབྲས་བུར་འཇིག་རྟེན་རྒྱ་བསྐྱེད་བྱེད་བཞིན་པར་གྲུབ་པ་དང་ལྷག་པར་དུ་ཕྱི་ལོ་ ༡༩༦༥ ལོར་སྣང་སྲིད་ཕྲ་རླབས་ཀྱི་གཞི་གདན་(Cosmic-Microwave-background གསར་རྙེད་བྱུང་བ་ནས་བཟུང་གས་ཐོར་ཆེན་མོའམ་རྒྱ་སྐྱེད་བྱེད་བཞིན་པའི་འཇིག་རྟེན་གྱི་གཞུང་ལུགས་དེ་སྣང་སྲིད་འབྱུང་ཁུངས་ཀྱི་གཞུང་ལུགས་བཟང་ཤོས་དེར་གྱུར་པ་རེད། ད་ལྟའི་ཆར་སྣང་སྲིད་རིག་པ་དང་འབྲེལ་བའི་གནད་དོན་ཕལ་ཆེ་བ་ནི་གས་ཐོར་ཆེན་མོ་གཞིར་བཞག་ཐོག་སྐར་ཚོམ་རྣམས་ཇི་ལྟར་གྲུབ་མིན་དང་། གས་ཐོར་ཆེན་མོའི་གནས་སྐབས་སུ་གང་བྱུང་མིན་ཤེས་ཐབས་བྱེད་རྒྱུ་དང་གཞི་རྩའི་གཞུང་ལུགས་གཞིར་བཞག་ཐོག་རྟོག་ཞིབ་ཀྱི་འབྲས་བུ་རྣམས་ཕྱོགས་བསྡུ་བྱ་རྒྱུ་བཅས་ཡིན། ྾྾྾ སྣང་སྲིད་ཀྱི་གས་ཐོར་ཆེན་མོའི་གཞུང་ལུགས་ཐད་བརྒྱ་ཕྲག་ཉི་ཤུའི་སྨད་ཙམ་ནས་བརྒྱ་ཕྲག་ཉི་ཤུ་རྩ་གཅིག་གི་འགོ་སྟོད་དབར་ཡར་རྒྱས་ཆེན་པོ་བྱུང་ཡོད། དེ་ཡང་དུས་ཚོད་འདིའི་ནང་རྒྱང་ཤེལ་སྤུས་ལེགས་བཟོ་སྐྲུན་ཐུབ་པ་དང་མིས་བཟོས་སྲུང་སྐར་ཁཱོབ་(COBE)ཀྱིས་ཚད་འཇལ་ཟིན་ཐོ་དག་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་བཞིན་རྒྱ་སྐྱེད་ཀྱི་མགྱོགས་ཚད་ཡང་གཏན་ཚུགས་སུ་མིན་པར་གོང་མཐོར་འགྲོ་བཞིན་པ་ཤེས་རྟོགས་བྱུང་བ་རེད། རྒྱ་བསྐྱེད་ཀྱི་མགྱོགས་ཚད་ལ་རྟེན་ནས་འཇིག་རྟེན་གྱི་གས་ཐོར་ཆེན་མོ་དེ་བཞིན་ལོ་ངོ་ཐེར་འབུམ་ ༡༣་༧ ཙམ་གྱི་སྔོན་དུ་བྱུང་བར་བཤད་ཐུབ་ཀྱི་ཡོད།

གདོད་མའི་འཇིག་རྟེན་དྲོད་ཚད་དང་གནོན་ཤུགས། སྟུག་ཚད་ཆེ་བའི་ནུས་པས་ཕྱོགས་ཀུན་ཏུ་སྙོམས་པར་ཁེངས་ཏེ་ཡོད་པ་དེ་རིམ་བཞིན་འཇིག་རྟེན་རྒྱ་བསྐྱེད་དང་བསྟུན་ནས་དྲོད་ཚད་ཆག་པ་དང་གཞི་རྩའི་རྡུལ་རྣམས་བྱུང་འགོ་ཚུགས་པ་རེད། རྗེས་སུ་གས་ཐོར་ཆེན་མོས་ལྟེ་རྡུལ་བཟོ་བསྐྱེད་ཀྱི་བརྒྱུད་རིམ་(Nucleosynthesis)ལ་བརྟེན་ནས་སྤུས་རྡུལ་དང་མ་ནིང་རྡུལ་འདུས་ཏེ་ཧི་ལེམ་(Helium)སོགས་ཀྱི་ལྟེ་རྡུལ་གྲུབ་པ་དང་། ལོ་འབུམ་གསུམ་ཙམ་གྱི་རྗེས་སུ་གློག་རྡུལ་དང་ལྟེ་རྡུལ་གཉིས་འདུས་པ་ལས་རྡུལ་ཕྲན་ཆགས་པ་དང་སྐབས་དེར་རྡུལ་ཕྲན་ཕལ་ཆེ་བ་ཧཡི་ཌརོ་ཇེན་གྱི་རྡུལ་ཕྲན་ཡིན་པ་རེད། དུས་ཚོད་རིམ་པས་སོང་རྗེས་སྟུག་ཚད་ཆེ་བའི་ཁུལ་རྣམས་སུ་འགུག་ཤུགས་ཀྱིས་མཐའ་འཁོར་གྱི་དངོས་པོ་རྣམས་དབུས་སུ་བསྡུས་ཏེ་སྔར་ལས་ཀྱང་སྟུག་ཚད་ཆེ་རུ་བཏང་ནས་མཐར་ད་ལྟ་མཐོང་བའི་རླངས་གཟུགས་ཀྱི་སྤྲིན་པ་དང་། སྐར་མ། སྐར་ཚོམ་སོགས་ནམ་མཁར་ཡོད་པའི་དངོས་པོ་ཐམས་ཅད་གྲུབ་པ་རེད། དེ་འདྲའི་འགྱུར་འགྲོས་ཀྱི་བརྒྱུད་རིམ་དེ་འཇིག་རྟེན་ཁམས་ཀྱི་ནང་བེམ་གཟུགས་མང་ཉུང་དང་རིགས་ཇི་འདྲ་ཡོད་པར་རག་ལུས་ཡོད། འདི་ལྟའི་རིགས་གསུམ་དུ་འདོད་པ་ནི་གྲང་ཞིང་མི་མངོན་པའི་བེམ་གཟུགས་(Cold Dark Matter) དང་ཚ་ཞིང་མི་མངོན་པའི་བེམ་གཟུགས་(Hot Dark Matter) དང་། བཱརཱ་ཡོ་ནིཀ་བེམ་གཟུགས་(Baryonic Matter) བཅས་ཡིན། ཤེས་ཚོད་ལ་འཇིག་རྟེན་གྱི་དངོས་པོ་ཕལ་ཆེ་བ་གྲང་ཞིང་མི་མངོན་པའི་བེམ་གཟུགས་ལས་གྲུབ་ཅིང་གཞན་གཉིས་ཀྱི་གྲངས་འབོར་ནི་བརྒྱ་ཆ་ ༢༠ ལས་ཉུང་བ་ཡོད་པ་རེད།྾྾྾ ད་ལྟའི་ཆར་འཇིག་རྟེན་འདིར་ཡ་མཚན་ཅན་གྱི་མི་མངོན་པའི་ནུས་པས་(Dark Energy) གཙོ་བོར་ཁྱབ་སྟེ་ཡོད་པ་དང་འདིས་འཇིག་རྟེན་གྱི་ཁྱོན་སྡོམ་གྱི་ནུས་པའི་བརྒྱ་ཆ་ ༧༠ ཙམ་ཟིན་པར་བཤད་ཀྱི་ཡོད། ཇི་ལྟར་ཡང་སྐབས་དེའི་འཇིག་རྟེན་གྱི་གནས་ཚུལ་ཤེས་རྒྱུ་ནི་དངོས་ཁམས་ཚན་རིག་ནང་ང་ཚོས་བརྟོལ་མ་ཐུབ་པའི་ཆེས་དཀའ་བའི་གནད་ཅིག་ཡིན་པས་དེ་དག་ཤེས་པའི་ཕྱིར་འཕྲུལ་ཆས་ཀྱི་ཡར་རྒྱས་ད་དུང་འགྲོ་དགོས་ཤིང་། མུ་མཐུད་དེ་མཚན་མོའི་ནམ་མཁར་རྟོག་ཞིབ་བྱ་དགོས་པ་ཡིན།

[box style="rounded"]Nebulae སྐར་སྤྲིན། སྐར་ཚོགས་བར་གྱི་ཐལ་རྡུལ་དང་རླུང་རྫས་ལས་གྲུབ་པའི་སྤྲིན་ནམ་མངའ་ཁུལ་མི་གསལ་བའམ་རབ་རིབ་་དག་ལ་ཟེར།
Galaxy དགུ་ཚིགས། སྐར་མ་ཐེར་འབུམ་མང་པོ་དང་དེ་དག་གི་གཟའ་སྐར་དང་སྐར་སྤྲིན་གྱི་ཚོགས་དེ་འོད་ལོ་སྟོང་ཕྲག་མང་པོར་ཁྱབ་གདལ་དུ་སོང་བའི་འཇིག་རྟེན་གྱི་ཆ་ཤས་ཞིག་ལ་ཟེར།
Cosmology སྣང་སྲིད་རིག་པ།
Light Year འོད་ལོ། དེ་ནི་རྒྱང་ཐག་གི་ཚད་གཞི་ཞིག་ཡིན་ལ། འོད་ལོ་གཅིག་ནི་འོད་ཀྱིས་ལོ་གཅིག་གི་ནང་རྒྱང་ཐག་ཇི་ཙམ་སྐྱོད་པའི་རྒྱང་ཚད་དེའོ།[/box]

Post a Comment

Previous Post Next Post