སྤེལ་མཁན། : tsenrig 6/20/2015



སྐྱེ་དངོས་ཚན་རིག་ནང་སྙན་གྲགས་ཆེ་ཤོས་དང་རྩོད་གཞི་ཆེ་ཤོས་བྱུང་བའི་རྣམ་བཞག་ནི་ཕལ་ཆེར་སྐུ་ཞབས་ཌར་ཝིན་ལགས་ཀྱིས་གསར་གཏོད་མཛད་པའི་འཕེལ་འགྱུར་གྱི་རྣམ་བཞག་ཟེར་བ་འདི་ཡིན། རྣམ་བཞག་འདི་གསར་གཏོད་བྱུང་ནས་ད་བར་མི་ལོ་བརྒྱ་དང་ལྔ་བཅུ་ལྷག་ཕྱིན་ཡོད་ནའང་ད་བར་འགལ་ཕྱོགས་ཀྱི་སྒྲུབ་བྱེད་རྙེད་མེད། རྣམ་བཞག་འདི་ནི་ས་ཡི་གོ་ལ་འདིའི་སྟེང་མཐོང་ཆོས་སུ་གྱུར་བའི་རྩི་ཤིང་དང་སེམས་ཅན་སོགས་སྐྱེ་ལྡན་གྱི་དངོས་པོ་གང་འདྲ་ཞིག་ཡིན་ཡང་དེ་དག་ཐམས་ཅད་ཐོག་མར་ཐུན་མོང་གི་མེས་པོ་གཅིག་ནས་བྱུང་ལུགས་ཤོད་པའི་རྣམ་བཞག་ཅིག་ཡིན།
སྐུ་ཞབས་ཌར་ཝིན་ནི་དབྱིན་ཡུལ་དུ་འཚར་ལོངས་བྱུང་བའི་ཚན་རིག་པ་ཞིག་དང་ཉམས་ཞིབ་ཆེད་ས་གནས་མང་པོར་སྐོར་སྐྱོད་བྱེད་མྱོང་མཁན་ཞིག་ཡིན། སྤྱི་ལོ་ ༡༨༥༩ ཟླ་ ༡༡ ཚེས་ ༢༤ ཉིན་ཁོང་གིས་རིགས་ཀྱི་འབྱུང་ཁུངས་སྐོར་(On the Origin of Spe­cies)ཞེས་པའི་དཔེ་དེབ་ཅིག་འགྲེམས་སྤེལ་བྱས་པ་དང། དེ་ནི་སྐྱེ་ལྡན་གྱི་འཕེལ་འགྱུར་རིག་པའི་ནང་འབུར་དུ་འཐོན་པའི་བྱས་རྗེས་ ཤིག་དང་སྐད་ཡིག་སྡེབ་སྦྱོར་གྱི་ཐོག་ནས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡིན། རྗེས་སུ་སྤྱི་ལོ་༡༨༧༢ ལོར་དེབ་འདིའི་དཔར་ཐེངས་དྲུག་པ་བསྐྲུན་པ་དང་སྐབས་དེར་དེབ་ཀྱི་ཡིག་བྱང་ལ་རིགས་ཀྱི་འབྱུང་ཁུངས་ (The Origin of Species)ཞེས་མིང་བསྒྱུར་བྱས་ཡོད། ཁོང་གིས་བཤད་པའི་འཕེལ་འགྱུར་རྣམ་བཞག་གི་བསམ་ཚུལ་ཁུངས་གཏུགས་ས་དཔེ་དེབ་འདི་ཆགས་ཡོད། དཔེ་དེབ་འདིའི་ནང་གསར་གཏོད་བྱས་པའི་གྲུབ་དོན་ནི། སྲོག་ཆགས་ཀྱི་སྐྱེ་རབས་ཁྲོད་རང་འབྱུང་འདེམ་སྒྲུག་གི་རྒྱུད་རིམ་ཐོག་ནས་རིགས་འདྲ་མིན་འཕེལ་འགྱུར་བྱུང་ཚུལ་བཀོད་ཡོད་པ་དང༌། ཁོང་གིས་སྐྱེ་ལྡན་གྱི་འཇིག་རྟེན་ནང་མཐོང་ཆོས་སུ་གྱུར་བའི་སྣ་ཚོགས་ཀྱི་རང་བཞིན་འདི་ཐོག་མར་མེས་པོ་གཅིག་ལས་རིམ་བཞིན་འཕེལ་འགྱུར་བྱུང་ལུགས་དཔང་རྟགས་དང་བཅས་པ་ཁ་གསལ་བཀོད་ཡོད། མེས་པོ་གཅིག་ནས་རིམ་གྱིས་འཕེལ་འགྱུར་ཕྱིན་ལུགས་ཀྱི་ལྟ་ཚུལ་དེ་སྐབས་དེའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་གང་གི་ནང་དུ་ཡང་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར་བ་དང༌། ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་གྲུབ་འོག་ད་བར་ཕ་མེས་ནས་རྒྱུན་འཇགས་ཡོད་པའི་འཇིག་རྟེན་བཀོད་པ་པོའི་རིགས་ལམ་དང་རྒྱབ་འགལ་ཆགས་ཡོད། འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་ཀྱི་ནང་དུ་འཇིག་རྟེན་དུ་ཡོད་པའི་སྲོག་ཆགས་ཀྱི་རིགས་ཐམས་ཅད་ཐོག་མ་ཉིད་ནས་དེ་དེ་བཞིན་དུ་བཀོད་ཡོད་པ་ཞིག་ལས་དུས་ཡུན་ཁྲོད་འགྱུར་བ་ཕྱིན་མེད་པར་འདོད་པ་མ་ཟད། ཁོང་ཚོར་མཚོན་ན་ཤིན་ཏུ་མཐོང་ཆེན་བྱེད་པའི་འགྲོ་བ་མི་རིགས་འདི་སྲོག་ཆགས་གཞན་ནས་བྱུང་
བའི་བསམ་ཚུལ་དེར་ཁས་ལེན་རྩ་བ་ནས་བྱེད་ཐབས་མེད་པ་ཞིག་རེད། དེ་བཞིན་སྐབས་དེའི་ཚན་རིག་གི་སྒྲིག་འཛུགས་ཡང་དབྱིན་ཡུལ་གྱི་ལྷ་ཁང་དང་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད་པས་ཁོང་གི་བསམ་ཚུལ་དེར་དགག་པ་བྱེད་མཁན་ཚོགས་སྡེ་དང་སྒྲིག་འཛུགས་སྣ་ཚོགས་ནས་བྱུང་ཡོད།
དེབ་འདིའི་ནང་ཁོང་གིས་མཁོ་སྒྲུབ་བྱས་པའི་དཔང་རྟགས་དེ་དག་ཆོས་དང་ཚན་རིག ལྟ་གྲུབ་སོགས་ཕྱོགས་ཐམས་ཅད་ནས་བགྲོ་གླེང་མང་པོ་བྱུང་ཡོད། འོན་ཀྱང་རིམ་བཞིན་ཆོས་དང་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་འགོག་རྒོལ་གྱི་ལས་འགུལ་ཇི་ཙམ་བྱུང་མིན་ལ་མ་ལྟོས་པར་འཕེལ་འགྱུར་གྱི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་ཕྱིན་ནས་དེ་ཉིད་ཁུངས་ཇི་བཙན་དང་དཔང་རྟགས་ཇི་མང་རྙེད་པ་དང་རྒྱབ་སྐྱོར་བྱེད་མཁན་ཚན་རིག་པ་རྒྱུན་ཆད་མེད་པ་བྱུང་ཡོད། སྐྱེ་ལྡན་གྱི་དངོས་པོ་ཐམས་ཅད་མེས་པོ་གཅིག་ནས་བྱུང་བར་འདོད་པའི་རྣམ་བཞག་གི་དཔང་རྟགས་གཙོ་བོ་ཁག་ནི། གཅིག སེམས་ཅན་དང་རྩི་ཤིང་སོགས་མཐོང་ཆོས་སུ་གྱུར་བའི་སྐྱེ་ལྡན་འདི་དག་ཕྱིའི་རྣམ་པ་ཤིན་ཏུ་ཐ་དད་མངོན་ནའང་རིགས་རྫས་ཀྱི་རྒྱུ་ཆ་འདི་ཐོག་ནས་བསམ་ན་ཤིན་ཏུ་འདྲ་མཚུངས་ཆགས་ཡོད། དཔེར་ན། མི་དང་ཤིང་ཏོག་ངང་ལག་ལྟ་བུའི་དབར་རིགས་རྫས་བརྒྱ་ཆ་བཞི་བཅུ་ཆ་ཡོངས་སུ་གཅིག་མཚུངས་ཆགས་ཡོད། དེ་བཞིན་མི་དང་སྤྲ་རིགས་དབར་ལ་རིགས་རྫས་བརྒྱ་ཆ་དགུ་བཅུ་གོ་བརྒྱད་ལྷག་གཅིག་མཚུངས་ཡིན། མི་ཕན་ཚུན་བར་ནང་མཚོན་ན་རིགས་རྫས་བརྒྱ་ཆ་དགུ་བཅུ་གོ་དགུ་དང་གྲངས་ཆུང་དགུ་ལྷག་གཅིག་པ་རེད། རིགས་རྫས་ཞེས་པ་ནི་ཕ་མ་ནས་བུ་བརྒྱུད་ནང་རྒྱུད་གཏོང་བྱེད་པའི་ཐུན་མིན་གྱི་འདུས་རྫས་ཤིག་དང་དེས་སེམས་ཅན་གང་དེའི་ལུས་ཕུང་གི་གྲུབ་ཚུལ་ཇི་འདྲ་ཡིན་མིན་ཐག་གཅོད་བྱེད་ཀྱི་ཡོད། སྐྱེ་ལྡན་གྱི་དངོས་པོ་ཚང་མར་རིགས་རྫས་ཀྱི་གྲུབ་ཆ་གཅིག་མཚུངས་ཡོང་དོན་དེ་སྔར་མེས་པོ་གཅིག་ནས་ཆད་པའི་སྤུན་མཆེད་ཡིན་པས་རེད་ཅེས་འཕེལ་འགྱུར་རྣམ་བཞག་གི་དཔང་རྟགས་དང་པོ་འདི་ཡིན། གཉིས། མངལ་གནས་སྐབས་སུ་སེམས་ཅན་ཚང་མའི་ཆགས་བཀོད་ཤིན་ཏུ་འདྲ་བོ་ཡོད་པ་འདི་རེད། མ་ཡི་མངལ་དུ་ཕྲུ་གུ་གྲུབ་ཙམ་ན་མངལ་གནས་དེ་དག་སེམས་ཅན་རིགས་ཇི་འདྲ་ཞིག་གི་མངལ་ནས་ཡིན་པ་ཤེས་རྒྱུ་ཤིན་ཏུ་དཀའ་མོ་ཡོད་པ་དང་། དེ་ཡང་རིགས་རྫས་ཀྱི་གྲུབ་ཆ་ཐོག་མ་མེད་པ་གཅིག་ནས་བྱུང་བས་ཡིན་པ་འདོད་ཀྱི་ཡོད། མེས་པོ་གཅིག་ནས་ཁ་བྲལ་སོང་རྗེས་སེམས་ཅན་རྣམས་ཁོར་ཡུག་འདྲ་མིན་དང་རྒྱུ་ལམ་འདྲ་མིན་བརྒྱུད་དགོས་པས་རང་གི་རིགས་རྫས་ལ་འགྱུར་ལྡོག་བྱུང་ནས་ཐུན་མིན་གྱི་ཁྱད་ཆོས་ཅན་དུ་གྱུར་བ་རེད། གསུམ། ས་འོག་གི་འགྱུར་ལྡོག་ཁག་ཡིན། ས་འོག་ནས་རྙེད་པའི་སྐྱེ་ལྡན་གྱི་འགྱུར་རྡོ་ཁག་ལ་བལྟས་ན་འདས་དུས་ཀྱི་སྐྱེ་ལྡན་རྣམས་ཕལ་ཆེ་བ་ད་ལྟ་ལས་ཐ་དད་དང་། དེ་ཡང་འགྱུར་རྡོའི་རིགས་དུས་ཡུན་སྔ་རྗེས་སུ་སྒྲིག་སྐབས་མེས་པོ་གཅིག་ནས་རིགས་རྒྱུན་ཐ་དད་ཅན་དུ་གྱུར་ཚུལ་མཐོང་རྒྱུ་ཡོད།
དེར་བརྟེན་ཌར་ཝིན་གྱིས་བཤད་པའི་འཕེལ་འགྱུར་གྱི་ལྟ་གྲུབ་འདི་མངོན་སུམ་དང་རྗེས་དཔག་ཚད་མ་ཡང་དག་ལ་བརྟེན་ནས་བཤད་པའི་ལྟ་གྲུབ་ཅིག་ཡིན་ལ། ལྟ་གྲུབ་འདིའི་སྤྱི་ཁོག་བསྡུས་ཙམ་གླེང་ན།
༡། སྨིན་པའི་སྲོག་ཆགས་ཐམས་ཅད་ལ་སྐྱེ་འཕེལ་གྱི་ནུས་པ་ཡོད་པ་དང་རིགས་རྒྱུད་རྣམས་འཚོ་གནས་ཐུབ་ཚེ་རིགས་དེའི་གྲངས་
འབོར་འཕེལ་རྒྱས་ཡོང་གི་ཡོད། (མངོན་སུམ་ཚད་མ)
༢། རིགས་མཐུན་གྱི་གྲངས་འབོར་གཅིག་གི་ནང་སྒེར་སོ་སོར་མི་འདྲ་བའི་ཆ་གང་ཕྲན་བུ་ཡོད་པས་སྒེར་སོ་སོར་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། (མངོན་སུམ་ཚད་མ)
༣། ཁྱད་ཆོས་དེ་དག་ཕལ་ཆེ་བ་རང་གི་བུ་རྒྱུད་ནང་རྒྱུད་གཏོང་ཐུབ་ རུང་ཡིན། (མངོན་སུམ་ཚད་མ)
༤། ཁོར་ཡུག་གང་ཞིག་གི་ནང་རན་ཤོས་སམ་གོམས་འདྲིས་ཆེ་ཤོས་ཡོད་པའི་སྲོག་ཆགས་དེ་ཁོར་ཡུག་དེའི་ནང་འཚོ་གནས་ཐུབ་པའི་སྲིད་རུང་གི་ཆ་ཆེ་ཤོས་ཡོད་པ་དང་དེ་ལ་བརྟེན་ནས་རང་གི་རིགས་རྒྱུད་སྐྱེད་སྲིང་ཐུབ་པའི་སྲིད་རུང་གི་ཆ་ཡང་ཆེ་ཤོས་ཡོད། ཁྱད་ཆོས་དེ་དག་རང་གི་བུ་རྒྱུད་ནང་མངོན་པ་དང་རང་བྱུང་འདེམས་སྒྲུག་གི་ཐོག་ནས་ཁོར་ཡུག་དེའི་ནང་རིགས་དེའི་གྲངས་འབོར་མང་དུ་འགྲོ་བ་ཡིན། (ཡང་དག་རྗེས་དཔག་ཚད་མ)
ཁོར་ཡུག་གཅིག་གི་ནང་སྲོག་ཆགས་ཇི་ཙམ་མང་བ་དེ་ཚོད་ཀྱི་འཚོ་གནས་ཆེད་འགྲན་རྩོད་ཆེ་བ་ཡོད་པ་དང་དེ་འདྲའི་རྒྱུད་རིམ་ཁྲོད་ཁོར་ཡུག་དེའི་ནང་རན་ཤོས་དང་སྟོབས་ཤུགས་ཆེ་ཤོས་དེ་དག་འཚོ་གནས་བྱེད་ཐུབ་པ་དང་གཞན་རྣམས་ཤི་ཟད་འགྲོ་བའི་ལྟ་ཚུལ་འདིར་རང་བྱུང་འདེམས་སྒྲུག་ཟེར་གྱི་ཡོད། སྤྱིར་བཏང་རང་འབྱུང་འདེམས་སྒྲུག་ལ་དབྱེ་བ་གཉིས་ཙམ་ཡོད་པ་ནི་མིས་བཟོས་དང་མིས་བཟོས་མ་ཡིན་པའི་རང་བྱུང་འདེམས་སྒྲུག་བཅས་ཡིན། སྐབས་རེ་མིས་བཟོས་མ་ཡིན་པའི་རང་བྱུང་འདེམས་སྒྲུག་ལ་རང་བྱུང་འདེམས་སྒྲུག་ངོ་མ་ཟེར་གྱི་ཡོད། མིས་བཟོས་རང་བྱུང་འདེམས་སྒྲུག་ཞེས་པ་ནི་སྲོག་ཆགས་ཀྱི་རིགས་གང་ཞིག་ཁོར་ཡུག་ནང་འཚོ་གནས་ཐུབ་པ་དང་དེའི་རིགས་རྒྱུད་སྐྱེ་འཕེལ་ཡོང་བ་ལ་མིས་སྟངས་འཛིན་བྱས་པ་ཞིག་ལ་ཟེར༌། དཔེར་ན། མིས་རང་གི་དགོས་མཁོ་ལ་བསམ་ནས་ཕྱུགས་རིགས་བྱེ་བྲག་ཅིག་གསོ་སྐྱོང་བྱེད་པ་ལྟ་བུ་ཡིན། མིས་བཟོས་མ་ཡིན་པའི་རང་འབྱུང་འདེམ་སྒྲུག་ནི་སྲོག་ཆགས་ཀྱི་རིགས་གང་ཞིག་ཁོར་ཡུག་ནང་འཚོ་གནས་ཐུབ་པར་མིས་སྟངས་འཛིན་དང་ཐེ་ཇུས་མེད་པ་ཞིག་ལ་ཟེར། འདི་ནི་རང་བྱུང་འདེམ་སྒྲུག་ངོ་མ་སྟེ། སྲོག་ཆགས་དེའི་རིགས་འཚོ་གནས་ཐུབ་མིན་དེ་སྲོག་ཆགས་དེ་རིགས་ཁོར་ཡུག་དེའི་ནང་རན་ཤོས་ཡིན་མིན་ལ་རག་ལས་ཡོད། སེམས་ཅན་གང་ཞིག་ཁོར་ཡུག་བྱེ་བྲག་ཅིག་གི་ནང་རན་ཤོས་ཡོང་བ་ལ་དེའི་སྤུ་ཁ་བཟང་ངན་དང་། གཟུགས་བོང་ཆེ་ཆུང་སོགས་སེམས་ཅན་རང་སྟེང་གི་ཁྱད་ཆོས་ཁོ་ནའི་ཐག་ཆོད་པ་ཞིག་མིན། དཔེར་ན། གནམ་གཤིས་ཤིན་ཏུ་གྲང་བའི་བོད་ཀྱི་ཁོར་ཡུག་ལྟ་བུའི་ནང་སྲོགས་
ཆགས་རིགས་གཡག་ལྟ་བུ་ས་མཐོའི་སྤུ་ཡོད་སེམས་ཅན་ཁོ་ན་གནས་ཐུབ་ཀྱི་ཡོད། དེར་བརྟེན་བོད་ཀྱི་ཁོར་ཡུག་ནང་གཡག་ལྟ་བུ་སྤུ་ཡོད་སེམས་ཅན་དེ་དག་སྤུ་མེད་སེམས་ཅན་མ་ཧེ་ལྟ་བུ་ལས་རན་པའམ་འཐད་པ་ཡིན་པས་འཚོ་གནས་ཐུབ་ཀྱི་ཡོད་ཀྱང་མ་ཧེ་སོགས་བོད་ཀྱི་ཁོར་ཡུག་ནང་མ་རན་པའི་སྲོགས་ཆགས་རིགས་འཚོ་གནས་བྱེད་མི་ཐུབ། འདིར་གཡག་ནི་རང་བྱུང་གིས་འདེམས་སྒྲུག་བྱས་པ་ཞིག་ཡིན། འདིར་རང་བྱུང་འདེམས་སྒྲུག་གི་ཐོག་ནས་གཡག་འཚོ་གནས་ཐུབ་པ་དང་མ་ཧེ་འཚོ་གནས་མི་ཐུབ་པར་བདམས་པ་རེད། འོ་ན་སྲོགས་ཆགས་ཀྱི་རིགས་བྱེ་བྲག་པ་ཞིག་ཁོར་ཡུག་དེའི་ནང་འཚོ་གནས་ཐུབ་པ་དང་རན་ཤོས་ཡོང་དགོས་པའི་ཁྱད་ཆོས་དེ་དག་ཇི་ལྟར་བྱུང་བ་རེད་དམ་ཞེ་ན། དེ་ནི་སྲོག་ཆགས་དེའི་འཚོ་ཡུན་རིང་རྩོལ་སྒྲུབ་བྱས་ནས་བྱུང་བ་ཞིག་མ་ཡིན་པར་མེས་པོའི་རིགས་རྫས་ནང་སྟེས་དབང་གི་འགྱུར་ལྡོག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། རིགས་རྗས་ཞེས་པ་ནི་སྐྱེ་ལྡན་དངོས་པོ་ཚོའི་ཁམས་དཀར་དམར་མཚོན་པའི་ཕྲ་ཕུང་ཚང་མའི་ནང་རང་གི་ངོ་བོ་དང་ཁྱད་ཆོས་མཚོན་བྱེད་ཀྱི་རྫས་རིགས་ཞིག་ཡོད་པ་དེའི་མིང་ཡིན། ཕ་མའི་ཁུ་ཁྲག་བརྒྱུད་རྫས་རིགས་འདི་དག་རིགས་རྒྱུད་ཕྱི་མར་གཏོང་བ་དང་དེ་ལས་བུ་རྒྱུད་རྣམས་ཕ་མ་དང་རིགས་གཅིག་མཚུངས་ལས་ཐ་དད་དུ་མི་འགྱུར་བའི་སྟངས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་རིགས་རྫས་འདིར་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཐོག་ནས་འགྱུར་བ་འགྲོ་ཐུབ་པ་དང་། དེ་ཡི་རྐྱེན་པས་སེམས་ཅན་ཚོའི་ངོ་བོ་དང་ཁྱད་ཆོས་འགྱུར་བ་དང་། ཁྱད་ཆོས་དེ་དག་ཁོར་ཡུག་སོ་སོའི་ནང་རན་མིན་གྱི་ཐོག་ནས་འཆི་གསོན་ཐག་གཅོད་ཡོང་གི་ཡོད། དཔེར་ན། བོད་ཀྱི་སེམས་ཅན་ཐམས་ཅད་ལ་སྤུ་དགོས་པའི་རྒྱུ་མཚན་ནི་སེམས་ཅན་རང་ཉིད་ཀྱི་རྩོལ་བ་བྱས་ནས་བྱུང་བ་ཞིག་མ་ཡིན་པར་རང་གི་མེས་པོའི་རིགས་རྫས་ནང་སྟེས་དབང་སྟབས་ཁེལ་གྱི་འགྱུར་ལྡོག་བྱུང་ནས་ལུས་ལ་སྤུ་ཡོད་པར་གྱུར་བ་དང་སྤུ་ཡོད་པ་དེ་བོད་ཀྱི་ཁོར་ཡུག་ནང་རན་པའི་ཁྱད་ཆོས་ཤིག་ཏུ་གྱུར་ཏེ་རང་བྱུང་གིས་འདེམས་སྒྲུག་བྱུང་བ་རེད། གོང་དུ་བཤད་ཟིན་པ་བཞིན་རིགས་རྫས་ལ་འགྱུར་བ་གང་ཕྱིན་པ་དེ་བརྒྱུད་གཏོང་ཐུབ་པའི་ཁྱད་ཆོས་ཤིག་ཡིན་པས་བུ་རྒྱུད་ཚ་རབས་ནང་རྣམ་པ་མངོན་མིན་ཇི་ལྟར་ཡང་རྒྱུན་འཇག་གནས་ཀྱི་ཡོད། རིགས་རྫས་འགྱུར་ལྡོག་སྐབས་འགྱུར་བ་ཚང་མ་ཁོར་ཡུག་དང་མཐུན་པའི་ཁྱད་ཆོས་ཡོང་བའི་ངེས་པ་མེད་ལ་དེ་ནི་གོང་དུ་བཤད་ཟིན་པ་ལྟར་སྟེས་དབང་སྟབས་ཁེལ་ཁོ་ནའི་ཐོག་ནས་ཡོང་གི་ཡོད། གལ་ཏེ་འགྱུར་བ་དེ་དག་གནས་སའི་ཁོར་ཡུག་ནང་རན་པའི་ཁྱད་ཆོས་ཤིག་མ་ཡིན་ཚེ་སྲོག་ཆགས་རང་ཉིད་ཁོར་ཡུག་དེའི་ནང་གནས་མི་ཐུབ་པས་རང་གི་རིགས་རྒྱུད་སྤེལ་ཐུབ་ཀྱི་མེད། དེར་བརྟེན་ཚ་བའི་ལུང་པར་གནས་པའི་སྲོག་ཆགས་ཀྱི་ནང་དུ་ངེས་མེད་སྟེས་དབང་གི་འགྱུར་ལྡོག་རྐྱེན་པས་སྤུ་ཡོད་ཀྱི་སེམས་ཅན་ཡོང་སྲིད་ཀྱང་ཁོར་ཡུག་དེའི་ནང་མ་རན་པའི་དབང་གིས་རང་བྱུང་འདེམས་སྒྲུག་གི་ཐོག་ནས་སེམས་ཅན་དེ་རིགས་གནས་མ་ཐུབ་པ་ཡིན། དེ་བཞིན་བོད་ཀྱི་ཁོར་ཡུག་ནང་དུ་སྟེས་དབང་སྟབས་ཁེལ་གྱི་ཐོག་ནས་འགྱུར་ལྡོག་གང་ཕྱིན་པ་དེ་བོད་ཀྱི་ཁོར་ཡུག་དང་མཐུན་པ། དཔེར་ན། ལུས་ལ་སྤུ་ཡོད་པ་ཁོ་ན་འགྱུར་བ་ལྟ་བུ་མི་ཡོང་ཡང་སྤུ་མེད་པ་རྣམས་གནས་མ་ཐུབ་པ་དང་རང་བྱུང་གིས་འདེམས་སྒྲུག་མ་བྱས་པས་སྤུ་ཡོད་ཅན་ཁོ་ན་ལྷག་པ་རེད། 

ཌར་ཝིན་དང་བོད་ཀྱི་ནང་ཆོས་བར་གྱི་འབྲེལ་བ།

ཁ་ཅིག་གི་དགོངས་པར་སེམས་ཅན་ཐམས་ཅད་མེས་པོ་གཅིག་ལས་བྱུང་བའམ་ཐམས་ཅད་འདྲ་མཉམ་དུ་འདོད་པའི་ཌར་ཝིན་གྱི་ལྟ་གྲུབ་འདི་བཞིན་བོད་ཀྱི་ནང་པའམ་ནང་ཆོས་ཀྱི་་ཤུགས་རྐྱེན་ཡོད་པ་འདོད་ཀྱི་ཡོད། གནས་ཚུལ་འདིར་བདེན་ཁ་ཇི་ཡོད་མཐའ་གཅིག་ཏུ་ཤོད་མི་ཐུབ་ཀྱང་། ཁོང་དང་ནང་ཆོས་བར་འབྲེལ་བ་བསྟུད་མར་བྱུང་མྱོང་བ་དང་ནང་པའི་ལྟ་གྲུབ་ལ་རྒྱུས་མངའ་ཡོད་པ་མངོན་གསལ་ཡིན། དེ་ཡང་ཁོང་དང་ནང་ཆོས་བར་འབྲེལ་བའི་བྱུང་རྐྱེན་གཙོ་བོ་ཞིག་ནི་ཁོང་གི་བློ་ཐུབ་ཀྱི་གྲོགས་པོཇོ་སིབ་ཧུཀར་ལ་ཐུག་ཡོད། དེ་ཡང་སྐུ་ཞབས་ཧུཀར་ནི་ཌར་ཝིན་གྱི་བློ་མཐུན་གྲོགས་པོ་ཡིན་པ་དང་སྙན་གྲགས་ཅན་གྱི་ཉམས་ཞིབ་པ་ཞིག་ཀྱང་ཡིན། སྤྱི་ལོ་༡༨༤༧ ལོར་ཁོང་དབྱིན་ལེན་ནས་ཕྱིར་ཐོན་གྱིས་ཧི་མ་ལ་ཡི་རི་རྒྱུད་ཕྱོགས་སུ་སྐྱོད་པ་དང་ཁོང་ནི་ཧི་མ་ལ་ཡི་རི་བརྒྱུད་ནས་ཉམས་ཞིབ་ཆེད་རྩི་ཤིང་མཁོ་བསྡུ་བྱེད་མཁན་གྱི་ཡོ་རོབ་པ་ཐོག་མ་དེ་ཆགས་ཡོད། སྤྱི་ལོ་ ༡༨༤༨ ལོའི་ཟླ་བ་ ༡ ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ཀ་ལི་ཀ་ཏར་འབྱོར་བ་དང་དེ་ནས་སི་ལི་གུ་རི་སོགས་ཀྱི་ས་གནས་རྒྱུད་ཟླ་ ༤ ཚེས་༡༦ ཉིན་རྡོར་རྗེ་གླིང་དུ་འབྱོར་ཡོད། དེ་ནས་བཟུང་ལོ་གཉིས་ཙམ་གྱི་རིང་བོད་ཀྱི་ལྷོ་ཕྱོགས་དང་རྒྱ་གར་གྱི་བྱང་ཤར་ཕྱོགས་སུ་ཡོད་པའི་ཧི་མ་ལ་ཡི་རི་རྒྱུད་དུ་རྩི་ཤིང་དང་སྲོག་ཆགས་རིགས་ལ་ཉམས་ཞིབ་དང་དེ་དག་ཐོ་འགོད་བྱས་ནས་རྗེས་སུ་ཧི་མ་ལ་ཡི་དུས་དེབ་ཞེས་པའི་དེབ་ཞིག་ཀྱང་དཔར་སྐྲུན་བྱས་ཡོད། མ་ཟད་སྡོད་ཡུན་དེའི་རིང་རང་གི་གྲོགས་པོ་ཌར་ཝིན་དང་འབྲེལ་མཐུད་རྒྱུན་ཆད་མེད་པ་བྱུང་ཡོད་པ་དང་། ཁོང་གིས་རྟོག་ཞིབ་བྱུང་བའི་ཁོར་ཡུག་དང་སྲོག་ཆགས། དེ་བཞིན་ཡུལ་གོམས་གཤིས་ལུགས་སོགས་འཁོད་པའི་འཕྲིན་ཡིག་རྒྱུན་མར་བཏང་ཡོད། དེར་བརྟེན་སྐབས་དེ་དུས་ནས་བོད་དང་བོད་ཀྱི་ནང་ཆོས་སྐོར་ཌར་ཝིན་ལ་ངོ་སྤྲོད་བྱས་ཡོད་པ་སྨྲོས་མེད་མ་ཟད་རྗེས་སོར་དབྱིན་ཡུལ་དུ་ཕྱིར་འཁོར་མཚམས་གནས་ཚུལ་དེ་དག་སྐོར་བཀའ་མོལ་ཞིབ་ཚགས་བྱུང་ཡོད་ངེས་རེད།
དེ་བཞིན་ཌར་ཝིན་གྱི་བཟའ་ཟླ་ཨི་མཱ་ལགས་ཀྱང་ཆོས་སེམས་དང་བྱམས་བརྩེའི་བསམ་པ་དང་ལྡན་པ་ཞིག་དང་ཌར་ཝིན་ནད་མནར་རིང་ནད་གཡོག་འཐུས་ཤོར་མེད་པ་བྱས་ཡོད། སྤྱིར་མོ་རང་གི་དད་པ་བྱེད་ཡུལ་ཕ་མེས་ནས་གོམས་འདྲིས་ཡོད་པའི་ཡེ་ཤུ་ཆོས་ལུགས་ཡིན་ཡང་བོད་ཀྱི་ནང་ཆོས་ལ་ཡང་རྒྱུས་མངའ་ཆེན་པོ་ཡོད་པའི་ཁུངས་སྐྱེལ་མངོན་གསལ་ཞིག་ནི་མོ་རང་གི་ཚ་བོ་གཤིས་སྤྱོད་འཇམ་པ་ཞིག་གི་མིང་དུ་རྩ་ཆེའི་བླ་མ་ (Grand Lama) ཞེས་བཏགས་ཡོད། གཞན་ཡང་སྐབས་དེའི་ནུབ་ཕྱོགས་སྤྱི་ཚོགས་ནང་བོད་དོན་སྐོར་ཤེས་མཁན་ཤིན་ཏུ་ཉུང་ཉུང་ཡིན་པ་དང་བོད་དང་བོད་མིའི་རིག་གཞུང་ཐད་མངོན་སུམ་མ་ཡིན་པའི་རྟོག་བཟོས་བཤད་རྒྱུན་ཤིན་ཏུ་མང་པོ་ཡོད་པས་སྐུ་ཞབས་ཧུཀར་ལྟ་བུ་བོད་དང་བོད་མི་དངོས་སུ་མཐོང་མྱོང་མཁན་ཞིག་གིས་བོད་ཀྱི་སྐོར་རང་གི་ཚན་རིག་པའི་གྲོགས་པོ་ལ་འགྲེལ་བརྗོད་ མི་བྱེད་པ་མི་སྲིད་ལ་ཚན་རིག་པ་ཞིག་གིས་ཀྱང་དེའི་སྐོར་རང་གི་གྲོགས་པོར་མི་འདྲི་བ་དེ་བས་མི་སྲིད། དེས་ན་ཌར་ཝིན་གྱི་བོད་དང་བོད་ཀྱི་ནང་ཆོས་རྒྱུས་མངའ་ཡོད་པ་རྟགས་དང་ཚད་མས་གྲུབ་པ་ཞིག་ཡིན། འོན་ཀྱང་འཕེལ་འགྱུར་གྱི་རྣམ་བཞག་གསར་གཏོད་བྱེད་པར་ཁོང་གི་བསམ་བློའི་ཐོག་ནང་ཆོས་ཀྱི་ཤུགས་རྐྱེན་ཇི་ཙམ་བྱུང་མིན་ཤོད་རྒྱུ་དཀའ་མོ་ཡིན་ལ་དེའི་ཐད་ཁོང་རང་གིས་འགྲེལ་བརྗོད་བྱས་པ་དམིགས་བསལ་མཐོང་རྒྱུ་མེད།

རྒྱབ་ལྗོངས་ཀྱི་གནས་ཚུལ།

སྤྱིར་འཕེལ་འགྱུར་གྱི་བསམ་ཚུལ་ཁ་ཤས་སྔར་ཨེ་རི་སི་ཊོ་ཊལ་གྱི་སྐབས་ནས་ཡོད་བསྡད་པ་ཞིག་ཡིན། དེ་བཞིན་ཡེ་ཤུའི་ཆོས་ལུགས་ནང་དཀོན་མཆོག་གྱིས་འཇིག་རྟེན་བཀོད་ཚུལ་ཐད་ལ་ཡང་ལྟ་ཚུལ་མི་མཐུན་པ་བྱུང་ཡོད། ཡེ་ལོའི་སྔོན་གྱི་ལོ་ལྔ་བརྒྱ་ལྷག་ཙམ་གྱི་སྔོན་དུ་བྱུང་བའི་གྷེ་རེག་ལྟ་གྲུབ་མཁན་ཁག་གཅིག་གི་འདོད་ཚུལ་ལ་མི་ནི་ཆུ་ནང་གནས་པའི་སྲོག་ཆགས་ཀྱི་རིགས་ལས་འཕེལ་འགྱུར་བྱུང་བ་དང་། དེ་ཡང་ཐོག་མར་རྩི་ཤིང་རྣམས་བྱུང་བ་དང་རིམ་བཞིན་སེམས་ཅན་རྣམས་བྱུང་བར་འདོད་ཀྱི་ཡོད། སེམས་ཅན་མ་བྱུང་བའི་སྔོན་དུ་དབང་པོ་དང་ཡན་ལག་རྣམས་བྱུང་བ་དང་དེ་དག་རིམ་བཞིན་གཅིག་དུ་འདུས་ནས་ཡ་མཚན་པའི་སྲོག་ཆགས་འདི་རིགས་བྱུང་བར་འདོད་ཀྱི་ཡོད། དེས་ན། ཌར་ཝིན་གྱི་སྔོན་དུ་འཕེལ་འགྱུར་ཞེས་པའི་ཐ་སྙད་ཡོད་པ་དང་འཕེལ་འགྱུར་གྱི་ལྟ་གྲུབ་འཛིན་མཁན་ཡོད་ཀྱང་ཡོངས་གྲགས་སུ་དེང་དུས་ཤོད་བཞིན་པའི་འཕེལ་འགྱུར་གྱི་ལྟ་གྲུབ་ནི་ཁོང་གིས་གསར་གཏོད་བྱས་པ་དང་རིག་པའི་རྩ་བ་ཁོང་ལ་ཐུག་ཡོད། ཁ་གསལ་ཆེད་ཁོང་གི་བཤད་པའི་འཕེལ་འགྱུར་གྱི་རྣམ་བཞག་ལ་ཌར་ཝིན་ལུགས་ཀྱི་འཕེལ་འགྱུར་ ཟེར་གྱི་ཡོད།
འགྲོ་བ་མིར་ལྟ་ཚུལ།

ཁོང་གིས་བྲིས་གནང་བའི་དཔེ་དེབ་གཞན་ཞིག་ནི་མི་རིགས་བྱུང་ཚུལ་ (The Descent of Man) ཞེས་པ་དེ་ཡིན། ཁོང་གི་དགོངས་པར་འགྲོ་བ་མི་ཞེས་པ་འདི་ཡང་སེམས་ཅན་གཞན་སྤྱི་མཚུངས་ལྟར་མེས་པོ་གཅིག་ལས་བྱུང་བ་ཞིག་ཡིན་པ་ལས་དམིགས་བསལ་གྱི་ཁྱད་པར་གཞན་འདོད་ཀྱི་མེད། མཐོང་ཆོས་སུ་གྱུར་བའི་སྲོག་ཆགས་ཐམས་ཅད་རང་གི་ཁོར་ཡུག་ནང་འཚོ་གནས་བྱེད་ཐུབ་པའི་དམིགས་བསལ་གྱི་ཁྱད་ཆོས་རེ་ཡོད་པ་ལས་འགྲོ་བ་མིར་མཚོན་ན་ཀླད་པའི་རིག་སྟོབས་ཤིན་ཏུ་ཆེ་བ་འདི་ཡིན།

སྲོག་ཆགས་ཐམས་ཅད་ཀྱི་མེས་པོ་གཅིག་ཡིན་རུང་འཕེལ་རིམ་ཁྲོད་ལྗོན་ཤིང་གི་ཡལ་ག་བཞིན་རིམ་གྱིས་ཁ་གྱེས་པ་རེད། དེར་བརྟེན་མེས་པོ་གཅིག་ལས་བྱུང་ཡང་ནང་ཁུལ་གྱི་འབྲེལ་བའི་བར་ཐག་མི་འདྲ་བ་ཡིན་པས་ནང་གསེས་སྡེ་ཚན་མང་དག་ཞིག་བྱུང་ཡོད། མི་དང་རིགས་ཤིན་ཏུ་ཉེ་བའི་སྲོགས་ཆགས་སྤྲ་དང་སྤྲེའུའི་རིགས་ལ་ཆེས་མཐོའི་སེམས་ཅན་ཟེར་ལ། དམའ་རིམ་སེམས་ཅན་གཞན་དང་སྡུར་ན་རིགས་སྟོབས་བ་ཆེ་ཡོད་པས་མིང་གི་དབྱེ་བ་དེ་ལྟར་བྱུང་བ་རེད། ང་ཚོ་དང་རིགས་ཉེ་ཤོས་ནི་ཅིམ་པན་ཛི་ (Chim­panzee) དང་དེ་ནས་མི་རྒོད་སོགས་ཡིན། སྐབས་རེ་རང་བྱུང་འདེམས་སྒྲུག་ལ་གོ་བ་ཚུལ་བཞིན་མ་ལོན་པའི་སྐྱེ་བོ་འགས་མི་རྣམས་སྤྲ་རིགས་ལས་བྱུང་ཚུལ་ཤོད་ཀྱི་ཡོད་ཀྱང་དེ་ནི་གནས་ཚུལ་ངོ་མ་མ་ཤེས་པའམ་འགྲེལ་བརྗོད་བྱེད་སྟངས་མ་འགྲིག་པ་ཞིག་ཡིན། དངོས་ཡོད་ནི་མི་དང་སྤྲ་རིགས་མེས་པོ་གཅིག་ལས་བྱུང་བའམ་མི་དང་སྤྲ་རིགས་ཀྱི་མེས་པོའི་བར་ཐག་ཉེ་ཤོས་ཡིན་པ་ཤོད་དགོས། མདོར་ན། འགྲོ་བ་མིའི་རྣམ་དཔྱོད་ཀྱི་རྩལ་ཇི་ལྟར་ཆེ་ཡང༌། དེ་ནི་རྟ་ལ་བང་གི་རྩལ་དང༌། གཡག་ལ་ཤེད་ཀྱི་རྩལ་དང༌། རྒོད་ལ་འཕུར་གྱི་རྩལ་ཡོད་པ་ལྟར་འཕེལ་འགྱུར་གྱི་བརྒྱུད་རིམ་ཁྲོད་རང་བྱུང་འདེམས་སྒྲུག་གི་ཐོག་ནས་བྱུང་བའི་རྩལ་ཞིག་ལས་གཞན་གྱི་ཁྱད་པར་གང་ཡང་མེད་པར་འདོད་ཅིང། ཁྱད་ཆོས་འདི་ཐམས་ཅད་འཚོ་གནས་ཀྱི་མཐུན་རྐྱེན་ཙམ་ལས་ལྐོག་འགྱུར་གྱི་གནས་ཚུལ་གཞན་མེད་པ་འདོད་ཀྱི་ཡོད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།