པར་རིས་ནང་གསལ་བའི་བུམ་དབྱིབས་ཅན་གྱི་རྩི་ཤིང་འདི་ཤ་གཟན་རྩི་ཤིང་གི་རིགས་ཤིག་ཡིན་པ་དང། སྤྱིར་བུམ་དབྱིབས་ཅན་གྱི་རྩི་ཤིང་འདིར་ཁ་དོག་དང་བཟོ་དབྱིབས། སྐྱེ་འཕེལ་བྱེད་ཡུལ་གྱི་ཁོར་ཡུག་མི་འདྲ་བ་སོགས་རིགས་མང་ཙམ་ཡོད་ནའང་དེ་དག་ཚང་མས་འབུ་སྲིན་ལོངས་སུ་སྤྱོད་པ་གཅིག་མཚུངས་ཡིན། རྩི་ཤིང་འདི་དག་གི་འཕེལ་རིམ་ལོ་རྒྱུས་ཇི་ལྟར་ཡིན་མིན་ལ་མ་ལྟོས་པར། བུམ་དབྱིབས་ལྟར་གུག་པའི་རང་གི་ལོ་མའི་ནང་མེ་ཏོག་གི་ཁུ་བའམ་དྲི་ལ་ཆགས་ནས་འཁོར་བའི་འབུ་སྲིན་དག་འཇུ་བཟུང་གིས་ལོངས་སུ་སྤྱོད་ཀྱི་ཡོད། དེ་ཡང་བུམ་དབྱིབས་ཅན་གྱི་ལོ་མའི་ནང་ངོས་སུ་རླན་གཤེར་ཅན་གྱི་ཁུ་བ་དང་བ་སྤུ་ཁ་ཐུར་དུ་གཏད་པ་དེ་འདྲའི་ཁེངས་ཡོད་ལ། རྒྱུ་མཚན་དེ་ལ་བརྟེན་ནས་འབུ་སྲིན་རྣམས་ནང་དུ་སླ་མོར་འཛུལ་ཞུགས་བྱེད་ཐུབ་ཀྱང་ཕྱིར་འཐོན་མི་ཐུབ་པ་མ་ཟད་བུམ་པ་ལ་ཁ་གཅོད་ཀྱང་ཡོད་པས་བུམ་པའི་ནང་འབུ་སྲིན་སླེབས་པ་དང་དུས་མཚུངས་བུམ་པའི་ཁ་གཅོད་ཀྱང་རང་བཞིན་གྱིས་འགེབ་པ་ཡིན། བུམ་པའི་གཤམ་དུ་ཟས་བཅུད་འཇུ་ཆེད་ཀྱི་ཁུ་བས་ཁེངས་ནས་ཡོད་པས་མཐར་འབུ་སྲིན་གྱི་བཅུད་རྣམས་འཇུ་ལེན་གྱིས་རྙིགས་རོ་ཕྱིར་འདོན་བྱེད་པ་བཅས་འདི་ནི་རྩི་ཤིང་ཡ་མཚན་ཅན་ཞིག་དང་འདི་རིགས་ལ་ཤ་གཟན་རྩི་ཤིང་ཟེར་གྱི་ཡོད།

རྩི་ཤིང་འདི་རིགས་གནའ་སྔ་མོ་ནས་འགྲོ་བ་མིའི་རིགས་ལ་རྒྱུས་མངའ་ཡོད་པ་མ་ཟད་མང་པོ་ཞིག་ལ་ཆེས་ཡ་མཚན་སྐྱེ་ཡུལ་དུ་གྱུར་ཡོད། སྲོལ་རྒྱུན་གྱི་གཞུང་ལུགས་མང་པོའི་ནང་རྩི་ཤིང་ལ་སྲོག་ཡོད་མེད་དང་། སེམས་དང་ལྡན་མིན་སྐོར་བགྲོ་གླེང་མང་དུ་བྱུང་ཡོད་ལ། སྲོག་ཡོད་ལུགས་དང་སེམས་ལྡན་ཡིན་ལུགས་ཤོད་མཁན་ཚོའི་སྒྲུབ་བྱེད་ཀྱི་དཔང་རྟགས་གཙོ་བོ་གཅིག་ནི་ཤ་གཟན་རྩི་ཤིང་འདི་རིགས་བཀོད་ཡོད།།



ཚན་རིག་པ་འགས་རྩི་ཤིང་གི་དབང་རྩའི་མ་ལག་གསར་རྙེད་བྱུང་བ་བཤད་ཡོད། ཁོང་ཚོའི་ཉམས་ཞིབ་ནང་བཤད་པ་ལྟར་ན། རྩི་ཤིང་གིས་འདས་པའི་ཉམས་མྱོང་དྲན་གསོ་ཐུབ་པ་དང་འོད་ནང་ཡོད་པའི་གནས་ཚུལ་ལ་གཞིགས་ནས་ཡ་ལན་བྱེད་ཐུབ། རྩི་ཤིང་ནང་ལོ་མ་གཅིག་ནས་གཞན་དུ་འོད་ཀྱི་ཤུགས་ཚད་དང་ཁྱད་ཆོས་རྣམས་རྒྱུད་གཏོང་ཐུབ་པ་དང་དེ་ནི་མིའི་དབང་རྩའི་མ་ལག་གི་བྱེད་ལས་དང་ཤིན་ཏུ་མཚུངས་པར་མ་ཟད། དེ་ཡང་གློག་དང་རྫས་ཀྱི་བརྡ་འཕྲིན་རྣམས་དབང་རྩའི་ཕྲ་ཕུང་དང་མཚུངས་པའི་ཕྲ་ཕུང་ཞིག་གིས་གཏོང་ལེན་བྱེད་ཀྱི་ཡོད་ཟེར། ཁོང་ཚོའི་བརྟག་དཔྱད་ནང་རྩི་ཤིང་ཞིག་གི་ལོ་མ་གཅིག་གི་ཐོག་འོད་ཕོག་འཇུག་སྐབས་རྩི་ཤིང་དེའི་ལོ་མ་དང་ཆ་ཤས་གཞན་ཡོངས་རྫོགས་ཀྱི་ཡ་ལན་བྱེད་པ་དང། ལྷག་པར་དུ་འོད་ཀྱི་སྐུལ་རྐྱེན་བྱས་པའི་ཡ་ལན་གྱི་འགྱུར་བ་དེ་དག་འོད་མེད་པའི་སྐབས་སུ་ཡང་རྒྱུན་སྐྱོང་བྱེད་ཐུབ་པ་དེས་སྔར་འོད་ནང་ཡོད་པའི་གནས་ཚུལ་དེ་བསྐྱར་དུ་དྲན་གསོ་བྱེད་ཐུབ་པ་མཚོན་ལུགས་བཤད་ཡོད། པོ་ལན་ཌ་རྒྱལ་ཁབ་ནང་ཡོད་པའི་ཝར་སོ་གཙུག་ལག་སློབ་གཉེར་ཁང་གི་སྐྱེ་དངོས་ཚན་རིག་གི་སློབ་དཔོན་ཀར་པིན་སི་ཀི་ལགས་ཀྱིས་བཤད་དོན། ང་ཚོས་རྩི་ཤིང་གི་ཁོག་སྨད་ཁོ་ནར་འོད་ཕོག་འཇུག་ཀྱང་དེའི་རྐྱེན་པས་རྩི་ཤིང་གི་ཁོག་སྟོད་ལ་ཡང་འགྱུར་བ་ཐེབས་པ་མཐོང་བྱུང་ཞེས་དང། ཡང་ཁོང་གིས་མུ་མཐུད་བཤད་དོན། ཧང་སང་དགོས་པ་ནི་འགྱུར་བ་དེ་དག་འོད་མེད་པའི་སྐབས་སུ་ཡང་རྒྱུན་སྐྱོང་བྱེད་པ་འདི་ཡིན་ལ་དེས་རྩི་ཤིང་གི་དྲན་པའི་ནང་གནས་ཚུལ་ཉར་ཐུབ་པ་སྟོན་གྱི་ཡོད་ཞེས་གསུངས་ཡོད།

འོད་ཀྱི་རྐྱེན་པས་ལོ་མའི་ཕྲ་ཕུང་གཅིག་ལ་རྫས་འགྱུར་གྱི་སྐུལ་རྐྱེན་བྱུང་མ་ཐག་རྩི་ཤིང་ཡོང་གི་ནང་དུ་འགྱུར་བ་མང་དག་ཅིག་ཡོང་གི་ཡོད་པ་དང། འགྱུར་བའི་གནས་ཚུལ་དེ་དག་བྷན་ཌལ་ཤིཐ་ཕྲ་ཕུང་ bundle sheath cell ཞེས་པའི་ཐུན་མིན་གྱི་ཕྲ་ཕུང་དག་བརྒྱུད་ནས་བརྡ་གཏོང་བྱེད་ཀྱི་ཡོད། ཚན་རིག་པ་ཚོས་རྩི་ཤིང་གི་ལོ་མ་ཚང་མའི་ནང་ཡོད་པའི་ཕྲ་ཕུང་འདི་དག་གི་གློག་བརྡའི་ཤུགས་ཚད་ཚད་འཇལ་བྱས་པ་དང། དེའི་ཐོག་ནས་རྩི་ཤིང་གི་དབང་རྩའི་མ་ལག་ཤེས་རྟོགས་བྱུང་བར་འདོད་བཞིན་ཡོད། དེ་བཞིན་རྩི་ཤིང་གང་ཞིག་གིས་འོད་ལ་ཡ་ལན་ཇི་འདྲ་ཞིག་སྤྲོད་མིན་ནི་འོད་དེའི་ཁ་དོག་ལ་རག་ལས་པ་ཤེས་རྟོགས་བྱུང་བས་དེ་ནི་རྩི་ཤིང་ཚོས་བསམ་བཞིན་དུ་ཡ་ལན་སྤྲད་པ་མཚོན་ལུགས་བཤད་པ་དང་། ཁོང་ཚོས་འོད་ཀྱི་ཁ་དོག་འདྲ་མིན་རྩི་ཤིང་སྟེང་ཕོག་འཇུག་ནས་དེའི་སྐུལ་རྐྱེན་ལ་བརྟག་དཔྱད་བྱེད་སྐབས། འོད་ཀྱི་ཁ་དོག་དང་ཤུགས་ཚད་ངེས་ཅན་ཞིག་གིས་རྩི་ཤིང་ནང་མངོན་འགོག་ནི་ནུས་པ་ལྡན་པའི་རྫས་འགྱུར་སྐུལ་མ་བྱེད་པ་ཤེས་པ་དང་། དེ་ཡང་རྩི་ཤིང་གང་ཞིག་གི་སྟེང་ཐོག་མར་དུས་ཡུན་གང་འཚམས་རིང་འོད་དེ་ཕོག་བཅུག་པ་དང། དེ་རྗེས་གནོད་གཞི་ཅན་གྱི་སྲིན་འབུ་དང་ཕྲ་འབུ་གང་རུང་གིས་བཏབ་ཚེ་རྩི་ཤིང་ལ་སྐྱོན་ཆ་གང་ཡང་མི་འབྱུང་བར་མངོན་འགོག་ཐུབ་ནའང། འོད་གང་ཡང་མ་བཏང་བར་སྲིན་འབུ་དང་ཕྲ་འབུ་བཏབ་ཚེ་དེས་རྐྱེན་པས་རྩི་ཤིང་ལ་ནད་གཞི་བྱུང་ནས་མངོན་འགོག་མི་ཐུབ་པ་ཤེས་ཡོད། གནས་ཚུལ་འདིས་གང་བསྟན་པ་ཡིན་ནམ་ཞེ་ན། འདིས་རྩི་ཤིང་ལ་དྲན་པ་སྐྱེད་པའི་ནུས་པ་ཡོད་པ་བསྟན་པ་དང། དེ་ཡང་ནམ་དུས་འདྲ་མིན་ལ་འོད་ཀྱི་ཤུགས་ཚད་མི་འདྲ་བ་ཡོད་པ་བཞིན་རྩི་ཤིང་ལ་གནོད་གཞི་ཅན་གྱི་ཕྲ་འབུ་ཡང་མི་འདྲ་བ་ཡོད་པས། འོད་ཀྱི་ཤུགས་ཚད་གང་འདྲ་ཞིག་གི་སྐབས་སུ་གནོད་གཞི་ཅན་གྱི་ཕྲ་འབུ་གང་ཡོང་མིན་དང་དེ་ལ་ལྟོས་ནས་མངོན་འགོག་གི་རྫས་འགྱུར་གང་སྐུལ་དགོས་མིན་ཤེས་ཀྱི་ཡོད། རྩི་ཤིང་དག་གནམ་གཤིས་དྲོ་གྲང་དང་སྐམ་རློན་དུ་མར་རྒྱུད་ནས་འཚོ་གནས་བྱེད་དགོས་པར་བརྟེན་ཕྱིའི་ཁོར་ཡུག་གི་གནས་སྟངས་ལ་གཞིགས་ནས་སྐུལ་མ་དང་འགྱུར་བ་གཏོང་དགོས་པས་འདི་ལྟ་བུའི་དྲན་པ་ནི་ཤིན་ཏུ་གལ་ཆེ་ཡིན། ད་ལྟའི་ཉམས་ཞིབ་འདིའི་ཐོག་ནས་རྩི་ཤིང་ནང་ཤིན་ཏུ་མྱུར་བའི་གློག་གི་བརྡ་འཕྲིན་གཏོང་ལེན་བྱེད་ཐུབ་པ་དང་། རྩི་ཤིང་གི་གནས་བྱེ་བྲག་གཅིག་ལ་འོད་ཀྱི་སྐུལ་རྐྱེན་བྱུང་སྐབས་རྩི་ཤིང་འདི་ཧྲིལ་པོས་ཡ་ལེན་སྤྲོད་པ་ཤེས་ཡོད།


Post a Comment

Previous Post Next Post