སྤེལ་མཁན། : tsenrig 6/19/2015




ཨ་རིའི་གནམ་རིག་བསྟི་གནས་ཁང།

ཨ་རིའི་གཞུང་གི་གནམ་རིག་ལྟེ་གནས་ཁང་འདི་སྤྱི་ལོ་ ༡༩༥༨ ལོར་གསར་འཛུགས་བྱས་པ་དང་དེའི་དམིགས་ཡུལ་གཙོ་བོ་ནི་དམག་དོན་ཁོ་ནའི་ཆེད་དུ་མ་ཡིན་པར་ཨ་རིའི་མཁའ་སྐྱོད་ཀྱི་བྱེད་ལས་ཡོངས་རྫོགས་སྟངས་འཛིན་དང་འཆར་འགོད་བྱེད་རྒྱུ་དེ་ཡིན། ལས་ཁུངས་འདིའི་དབང་འཛིན་སུ་ཡིན་རུང་དེ་ཉིད་ཨ་རིའི་སྲིད་འཛིན་རང་གི་ཐད་བསྐོས་བྱེད་ཀྱི་ཡོད། དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་མོས་མཐུན་ཡོད་པ་ཞིག་དགོས། སྤྱིར་ཐོག་མའི་དམིགས་ཡུལ་ལྟར་ན་ལས་ཁུངས་འདི་མི་དམངས་དཀྱུས་མའི་སྟངས་འཛིན་བྱེད་རྒྱུའི་ལས་ཁུངས་ཤིག་ཡིན་ནའང་རྗེས་སོར་གནས་སྐབས་མང་པོའི་རིང་དམག་ལས་དང་འབྲེལ་བ་ཤིན་ཏུ་ཆེན་པོ་གྱུར་པ་རེད། ལས་ཁུངས་འདི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པ་དང་ལས་ཁུངས་འདིའི་འགྲོ་གྲོན་དང་འབྲེལ་བའི་ལས་ཐོ་མཐའ་དག་ཨ་རིའི་སྲིད་འཛིན་ལ་སྙན་གསན་ཞུ་དགོས་ཀྱི་ཡོད། ད་ལྟའི་ཆར་ལས་ཁུངས་འདིའི་འོག་ཡན་ལག་ལྷན་ཁང་ལྔ་ཡོད་པ་དེ་དག་ནི།
                    བར་སྣང་འཕྲུལ་རིག་ལས་ཁུངས།
                    གོ་ལའི་ཚན་རིག་ལས་ཁུངས།
                    བར་སྣང་འཕུར་སྐྱོད་ལས་ཁུངས།
                    ཚེ་སྲོག་དང་འཐེན་ཤུགས་ཕྲ་མོའི་ཚན་རིག་དང་དེའི་བཀོལ་སྤྱོད་ལས་ཁུངས།
                    བར་སྣང་ཚན་རིག་ལས་ཁུངས་བཅས་ཡིན།

ལས་ཁུངས་འདིས་ཚན་རིག་པ་དང་བཟོ་སྐྲུན་པ། དེ་བཞིན་འཕྲུལ་རིག་པ་སོགས་ལས་མི་སྟོང་ཕྲག་མང་པོར་ལས་ཀ་སྤྲོད་ཀྱི་ཡོད་པ་དང་གོང་འཁོད་ལྷན་ཁང་སོ་སོའི་ཡན་ལག་ལས་ཁུངས་ཨ་རིའི་རྒྱལ་ཁམས་ཡོངས་སུ་ཁྱབ་སྟེ་ཡོད། དཔེར་ན། ཕོ་ལོ་རི་ཌ་མངའ་སྡེའི་ནང་ཡོད་པའི་མེ་རི་ཊ་གླིང་ཕྲན་དུ་རྟེན་གཞི་བྱས་པའི་ཀེ་ནེ་ཌི་ JF Kennedy བར་སྣང་ལྟེ་གནས་དང༌། ཊེག་སེ་སི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བྷི་ཇོན་སོན་ B Johnson བར་སྣང་ལྟེ་གནས། མེ་རི་ལན་ཌ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གྷོལ་བར་ཊ་བར་སྣང་འཕུར་སྐྱོད་ལྟེ་གནས། ཨ་ལ་བྷ་མ་མངའ་སྡེའི་ཇོར་ཇམར་ཤལ་ George Marshal བར་སྣང་འཕུར་བསྐྱོད་ལྟེ་གནས་བཅས་ཡིན།

རྒྱབ་ལྗོངས།

ཚོགས་པ་དེ་ནི་ ༡༩༥༨ ལོར་གསར་འཛུགས་གནང་བ་དང་དེ་སྐབས་ཀྱི་རྒྱལ་ཡོངས་མཁའ་བསྐྱོད་སློབ་སྟོན་ལྷན་ཚོགས་ཞེས་པ་དེ་ཉིད་གོ་ས་བརྗེ་ལེན་བྱུང་བ་རེད། རྒྱལ་ཡོངས་མཁའ་བསྐྱོད་སློབ་སྟོན་ལྷན་ཚོགས་དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱིས་སྤྱི་ལོ་༡༩༡༥ ལོར་གསར་འཛུགས་བྱས་པ་ཞིག་དང་ནཱ་སཱའི་སྒྲིག་འཛུགས་འདི་མ་བྱུང་བར་ཨ་རིའི་མཁའ་བསྐྱོད་ཀྱི་ལས་རིགས་ཚང་མ་ལྷན་ཚོགས་འདིའི་ལྟ་རྟོགས་འོག་ཆགས་ཡོད། ནཱ་སཱ་ནི་ཚན་རིག་པ། བཟོ་སྐྲུན་མཁན། མཐོ་རིམ་གྱི་སློབ་དཔོན་ཁག་དང་ཆབ་སྲིད་མཁན་ཚང་མའི་ནུས་པ་གཅིག་ཏུ་སྤུངས་ནས་འབྲས་བུ་མངོན་ཐོན་ཅན་ཡོང་བར་འབད་བརྩོན་བྱེད་སའི་སྒྲིག་འཛུགས་གཅིག་པུ་དེ་ཡིན།

 ཐོག་མའི་བར་སྣང་འགྲུལ་བསྐྱོད་ཁག།

སྐབས་དེར་གྲང་དམག་གི་དུས་ཡིན་པས་ཨ་རི་དང་ཨུ་རུ་སུའི་བར་མཁའ་བསྐྱོད་ལས་དོན་ཐད་འགྲན་སེམས་དང་འཁོན་སེམས་ཤིན་ཏུ་ཆེ་བས་ནཱ་སཱའི་སྒྲིག་འཛུགས་འདི་ཡང་འགྲན་སེམས་དེ་ལས་ཡར་རྒྱས་བྱུང་བ་ཞིག་རེད། སྤྱི་ལོ་ ༡༩༥༧ ཟླ་བ་༡༠ཚེས་ ཉིན་ཨུ་རུ་སུའི་སི་པུཊ་ནིཀ་དང་པོ་གོ་ལའི་ཕྱི་རོལ་གྱི་འཁོར་ལམ་ལ་འཕུར།
སྤྱི་ལོ་ ༡༩༦༡ ཟླ་བ་ ཚེས་ ༡༢ ཉིན་ཨུ་རུ་སུའི་གནམ་རིག་པ་སྐུ་ཞབས་ཡོ་རི་གྷ་གན་ལགས་འཕུར་གྲུའི་ནང་གོ་ལར་བསྐོར་བ་བྱེད་མཁན་གྱི་སྐྱེ་བོ་ཐོག་མ་དེ་ཆགས།སྒྲིག་འཛུགས་འདིའི་འཕེལ་རིམ་ཁྲོད་ལས་གཞི་ཤིན་ཏུ་མང་པོ་འགོ་འཛུགས་བྱས་ཡོད། ལས་གཞི་དེ་དག་རེ་རེའི་རིང་མཁའ་གྲུ་བཅུ་ཕྲག་ཁ་ཤས་མཁའ་དབྱིངས་སུ་བརྟག་དཔྱད་དང་ཉམས་ཞིབ་ཆེད་ཕྱིར་གཏོང་བྱས་ཡོད། སྤྱི་ལོ་ ༡༩༦༢ ཟླ་ ཚེས་ ༢༠ ཉིན་མེ་ཤུགས་འཕུར་གྲུ་མར་ཁུ་རི་ (mercury) ཞེས་པའི་ནང་གནམ་རིག་པ་ཇོན་གྷེ་ལེན་གྱིས་ང་ཚོའི་གོ་ལར་སྐོར་བ་ཐེངས་གསུམ་བྱས་ཡོད། སྤྱི་ལོ་ ༡༩༦༣ ལོར་དངུལ་ཆུ་འཕུར་གྲུའི་ལས་གཞི་འཇུག་སྒྲིལ་བ་དང་ཇེམིནའི་ལས་གཞི་འགོ་ཚུགས། དེ་རྗེས་སྤྱི་ལོ་ ༡༩༦༧ ལོར་ཇི་མི་ནའི་ལས་གཞི་མཇུག་སྒྲིལ་བ་དང་ཨེ་པོ་ལོ་ལས་གཞི་འགོ་ཚུགས། ལས་གཞི་འདིའི་དམིགས་ཡུལ་ནི་དེ་སྔོན་སྲིད་འཛིན་ཀེ་ནེ་ཊི་ལགས་ཀྱི་དགོངས་གཞི་སྟེ་ཨ་རིའི་གནམ་རིག་པ་ཞིག་བཅུ་ཕྲག་དེའི་ནང་ཟླ་བའི་སྟེང་སླེབས་ཐུབ་པ་བྱེད་རྒྱུ་དེ་ཡིན། ལས་གཞི་འདི་ནི་ཨ་རིའི་གཞུང་དམངས་གཉིས་ཀའི་ཡིད་ལ་བརྣག་པའི་འདོད་དོན་ཞིག་ཡིན་པ་དང་འདིའི་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༢༥ ཆེད་ཨ་རིའི་ཧུར་བརྩོན་ཅན་གྱི་མི་དམངས་ནས་བདུན་རེར་ཨ་སྒོར་རེ་ཁྲལ་བསྡུ་བྱེད་དགོས་བྱུང་ཡོད། འོན་ཀྱང་དེར་མི་དམངས་ཀྱི་ངོ་རྒོལ་གང་ཡང་བྱས་མེད་པ་མ་ཟད་ལས་གཞི་འདི་ནི་ཨ་རིའི་གཞུང་དམངས་གཉིས་ཀྱི་ངོས་ནས་ཁ་གཏད་རྒྱལ་ཁབ་ཚོར་རྒྱུ་ངོམས་དང་དཔུང་ངོམས་བྱེད་པའི་གལ་ཆེའི་དོན་གནད་ཞིག་ལ་འཛིན་གྱི་ཡོད། སྤྱི་ལོ་ ༡༩༦༩ ཟླ་བ་ལྔ་པའི་ནང་ཨེ་པོ་ལོ་བཅུ་བ་ཟླ་བའི་ངོས་སུ་མཐོ་ཚད་མི་ཊར་༡༥༢༤༠ ཐོག་འཕུར་ལྡིང་གི་བལྟ་སྐོར་ཚོད་ལྟ་བྱས་ཡོད་པ་དང༌། སྤྱི་ལོ་ ༡༩༦༩ ཟླ་ ཚེས་ ༣༠ ཉིན་ཨེ་པོ་ལོ་བཅུ་གཅིག་པ་དེ་བཞིན་ཟླ་བའི་ཐོག་བདེ་བླག་ངང་བབ་ཐུབ་པ་བྱུང་བ་དང་འཕུར་གྲུ་དེའི་ནང་ཡོད་པའི་གནམ་རིག་པ་གསུམ་ལས་སྐུ་ཞབས་ནིལ་ཨམ་སི་ཏྲོང་ཉིད་ཟླ་བའི་ཐོག་གོམ་བགྲོད་བྱེད་མཁན་སྐྱེ་བོ་ཐོག་མ་ཆགས་པ་རེད། ཁོང་ཟླ་བའི་སྟེང་འབྱོར་བ་དང་གསུངས་དོན། འདི་ནི་མི་ཞིག་གི་གོམ་པ་ཆུང་ངུ་ཞིག་དང་འགྲོ་བ་མི་རིགས་ཀྱི་མདུན་བསྐྱོད་ཆེན་པོ་ཞིག་ཡིན་ཞེས་དང། ཁོང་ཚོ་སྐབས་དེར་ཟླ་བའི་ཐོག་དུས་ཡུན་སྐར་མ་ ༡༥༡ བསྡད་པ་དང་དེ་ནས་ས་རྡོ་ཀི་ལོ་ ༢༡ བསྡུ་རུབ་བྱས། འཛམ་གླིང་ལ་ཕྱིར་ལོག་བྱས་མ་ཐག་མི་ཚོགས་གཞན་དང་འབྲེལ་མེད་ལོགས་སུ་ཟུར་འཇོག་བྱས་པ་མ་ཟད་ཁོང་ཚོས་འཁྱེར་ཡོང་བའི་ས་རྡོ་དེ་དག་ཀྱང་སྐམ་སེལ་བྱས་པ་དང་གློག་འོག་འཇུག་པ་སོགས་གཙང་བཟོ་འདོད་བློ་ཁེངས་པ་བྱས་ཡོད། དེ་ལྟར་བྱེད་དགོས་དོན་ནི་གལ་ཏེ་ཁོང་ཚོས་ཟླ་བའི་གྲོང་ཁྱེར་ནས་ནད་འབུ་འདྲ་མིན་མཉམ་དུ་འཁྱེར་ཡོད་ཚེ་དེ་དག་གཙང་བསལ་བྱེད་ཆེད་ཡིན། ཁོང་ཚོས་ཁྱེར་ཡོང་བའི་ཟླ་བའི་སྟེང་གི་ས་རྡོ་དེ་དག་ཕྱིར་འཁོར་མཚམས་ཚན་རིག་གི་བརྟག་དཔྱད་ཁང་འདྲ་མིན་ནང་ས་ཁམས་ཉམས་ཞིབ་པ་ ༡༣༠ ལྷག་གིས་དཔྱད་པ་བྱས་ཡོད་པ་དང༌། སྐབས་དེར་ཟླ་བའི་བྲག་རྡོའི་ལོ་ཚད་དང་དེར་ཡོད་རྩ་རྫས་ཀྱི་གྲངས་འབོར་ཐད་ལ་དོགས་འདྲི་དང་ཚོད་དཔག་མང་དག་ཅིག་བྱེད་བཞིན་ཡོད་ནའང་རྗེས་སོར་བརྟག་དཔྱད་ཀྱི་ལས་དོན་ལེགས་གྲུབ་བྱུང་སྐབས་ཟླ་བར་ཡོད་པའི་བྲག་རྡོ་དེ་དག་ཀྱང་ང་ཚོའི་འཛམ་གླིང་ཐོག་ཡོད་པའི་བྲག་རྡོ་རྙིང་ཤོས་དེ་དག་བཞིན་ལོ་ངོ་ཐེར་འབུམ་ ༣་༧ ཙམ་གྱི་སྔོན་དུ་བྱུང་བ་རྙེད་ཡོད། སྤྱི་ ལོ་ ༡༩༧༢ ཟླ་ ༡༢ པའི་ནང་ཨེ་པོ་ལོ་ལས་གཞིའི་མཐའ་མའི་འཕུར་གྲུ་དེ་བཏང་ཡོད་པ་དང་དེ་ནས་བཟུང་ལས་གཞི་དེ་མཇུག་བསྒྲིལ་བ་རེད།

ཟླ་བའི་ཐོག་མིས་གོམ་པ་སྤོས་པ་ནས་བཟུང་ཨ་རི་དང་ཨུ་རུ་སུའི་བར་མཁའ་དབྱིངས་འཕུར་བསྐྱོད་ཀྱི་འགྲན་རྩོད་དེ་དག་རིམ་བཞིན་མཚམས་འཇོག་བྱུང་བ་མ་ཟད་རུ་སུའི་གཞུང་འབྲེལ་ཚགས་ཤོག་ཁག་གི་སྟེང་དུ་ད་བར་ཨ་རི་དང་ལྷན་དུ་ཟླ་བར་འགྲུལ་སྐྱོད་བྱེད་པའི་འགྲན་རྩོད་ཞིག་བྱུང་མེད་ལུགས་ཀྱང་བརྗོད་ཡོད། འོན་ཀྱང་ཟླ་བར་འགྲུལ་སྐྱོད་ཀྱི་རྒྱལ་ཁ་དེ་ཨ་རིར་ཐོབ་པ་རེད། ༡༩༧༣ ལོར་མཁའ་དབྱིངས་བརྟག་དཔྱད་ཁང་ (skylab) ཞེས་པའི་བབ་ཚུགས་དེ་གསར་བསྐྲུན་བྱས་ཡོད་པ་དང་བབ་ཚུགས་དེ་རླུང་ཁམས་ཀྱི་ཕྱི་རོལ་དུ་ཡོད་པ་དང་དེར་གནམ་རིག་པ་ཚོ་ཟླ་བ་མང་པོ་བརྟག་དཔྱད་བྱས་ནས་སྡོད་ཐུབ་ཀྱི་ཡོད།
དེ་བཞིན་ནཱ་སཱའི་སྟངས་འཛིན་འོག་ ༡༩༧༦ ཟླ་ ཚེས་ ༢༠ ཉིན་ ཝ་ཀིང་དང་པོ་ཞེས་པའི་མི་མེད་ཀྱི་མཁའ་གྲུ་ཞིག་གཟའ་མིག་ དམར་ཐོག་བཏང་ཡོད་པ་དང་མི་རིང་བར་ལོ་དེ་གའི་ཟླ་བ་ ཚེས་ ཉིན་ཝ་ཀིང་གཉིས་པ་དེ་བཏང་ཡོད།༡༩༨༡ ཟླ་བ་ ཚེས་ ༡༢ ཉིན་ཀོལོམབིཡ་ ཞེས་པའི་མཁའ་གྲུ་གསར་པ་ཞིག་ (Co­lumbia) བཏང་ཡོད་པ་དང་འདི་ནི་སྔོན་གྱི་མཁའ་གྲུ་དང་མི་འདྲ་བར་འགྲུལ་ སྐྱེལ་གནམ་གྲུ་བཞིན་ཕར་འགྲོ་ཚུར་འོང་གཉིས་ཀ་བྱེད་ཐུབ་པ་དང་ཡང་ཡང་བེད་སྤྱོད་བྱེད་ཆོག་པས་མཁའ་བསྐྱོད་ཀྱི་ལས་གཞི་དེ་དག་ལས་སླ་བ་དང་འགྲོ་སོང་ཆུང་དུ་བཏང་ཐུབ་ཡོད། ༡༩༨༦ ཟླ་ ཚེས་ ༢༦ ཉིན་ཅ་ལེན་ཇར་ཞེས་པའི་མཁའ་གྲུ་དེ་ས་གཞི་ནས་འཕུར་བསྐྱོད་ཀྱི་སྐར་ཆ་ཁ་ཤས་རྗེས་བར་སྣང་སུ་གས་འཐོར་བྱུང་ནས་འགྲུལ་བཞུད་བྱེད་མཁན་གནམ་རིག་པ་དྲུག་པོ་ཚེ་སྲོག་ཤོར་བ་དང་། དེར་ཁག་བཏགས་ཏེ་ནཱ་སཱའི་ལས་གཞི་དང་བདེ་འཇགས་ཀྱི་སྒྲིག་གཞིའི་ཐད་སྐྱོན་བརྗོད་བྱེད་མཁན་ཤིན་ཏུ་མང་པོ་བྱུང་བ་དང་འབྱུང་འགྱུར་ལས་གཞིའི་ཐད་དཀའ་ངལ་མང་དག་ཅིག་འཕྲད་ཡོད།
དེ་ནས་བཟུང་ནཱ་སཱའི་ལངས་ཕྱོགས་དང་སྒྲིག་གཞིའི་ཐད་འགྱུར་བ་ཆེན་པོ་བྱུང་བ་དང༌། ཐོག་མའི་དམིགས་ཡུལ་ལྟར་རྒྱལ་སྤྱིའི་ཚན་རིག་གི་སྤྱི་ཚོགས་དང་ལྷན་དུ་མཉམ་འབྲེལ་གྱི་ཐོག་ནས་ཚན་རིག་ གི་ལས་དོན་བསྒྲུབ་རྒྱུ་ལས་དེ་ལས་འགལ་བའི་ཆབ་སྲིད་ཀྱི་ཤུགས་རྐྱེན་འོག་རྒྱལ་ཁབ་གཞན་དང་ལྷན་དུ་འགྲན་རྩོད་བྱེད་པའི་བྱ་སྤྱོད་དག་མཇུག་བསྒྲིལ་བྱས་པ་རེད། ད་བར་ནཱ་སཱས་ལམ་ལྷོང་བྱུང་བའི་མཁའ་གྲུ་ཐེངས་བརྒྱད་ཅུ་ལྷག་བཏང་ཡོད། སླར་ཡང་སྟབས་མ་ལེགས་པ་ཞིག་ལ་སྤྱི་ལོ་ ༢༠༠༡ ཟླ་ ཚེས་༡ ཉིན་ཀོ་ལོམ་བི་ཡ་མཁའ་གྲུ་དེ་བཞིན་ཚན་རིག་གི་ལས་དོན་ལེགས་གྲུབ་བྱུང་ནས་ཕྱིར་ལོག་བྱ་སྐབས་གོ་ལའི་རླུང་ཁམས་དང་ཐུག་འཕྲད་སྐབས་གས་འཐོར་ཕྱིན་ནས་དེར་ཡོད་གནམ་རིག་པ་བདུན་རྐྱེན་ལམ་དུ་ཕྱིན་ཡོད། མཁའ་གྲུའི་འོག་གི་དྲོད་འགོག་པང་ལེབ་གཅིག་དེ་སྔ་ནམ་མཁར་ཕུར་འདེགས་བྱེད་སྐབས་ཟག་པ་དེས་རྐྱེན་བྱས་པར་ཤོད་ཀྱི་ ཡོད། དེའི་ནང་ནས་གཅིག་ནི་རྒྱ་གར་གྱི་བུད་མེད་གནམ་རིག་པ་ཞིག་ཡིན།

དེ་བཞིན་ ༢༠༠༤ ཟླ་ པའི་ནང་མི་མེད་ཀྱི་གནམ་གྲུ་ཞིག་བཏང་ཡོད་པ་དང་དེའི་མྱུར་ཚད་ནི་ཆུ་ཚོད་གཅིག་ནང་ཀི་ལོ་མི་ཊར་ ༧༧༠༠ ཡིན་པ་དང་དེ་ནི་ད་བར་འཛམ་གླིང་ཐོག་མིས་བཟོས་འཕྲུལ་ཆས་མྱུར་ཚད་མཐོ་ཤོས་དེ་ཆགས་ཡོད།།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།