འཛམ་བུ་གླིང་གི་ཆེ་ཚད།

ལོ་རྒྱུས་ནང་འཛམ་བུ་གླིང་ལེབ་མོ་མ་ཡིན་པར་ཟླུམ་པོ་ཡིན་པའི་ཚོད་དཔག་དང་པོར་བྱེད་མཁན་ནི་གྷི་རིག་གི་ལྟ་གྲུབ་སྨྲ་བ་པ་ཡི་ཐོ་གྷོ་ར་སི་ཞེས་པ་དེ་དང་ཡེ་ཤུ་སྔོན་ལོ་ ༥༢༠ ལ་ཡིན། འོན་ཀྱང་གྷི་རིག་གི་སྙན་གྲགས་ཅན་གྱི་ལྟ་གྲུབ་སྨྲ་བ་ཨེ་རི་སི་ཀྲོ་ཀྲལ་ཞེས་པ་ཡེ་ཤུ་སྔོན་ལོ་ ༣༨༧ ལ་བྱུང་བ་དེས་རྒྱུ་མཚན་དང་བཅས་པའི་སྒོ་ནས་འཛམ་བུ་གླིང་ཟླུམ་པོར་བསྒྲུབས་པ་རེད། སའི་གོ་ལ་ཟླུམ་པོ་ཡིན་པ་ཤེས་རྟོགས་བྱུང་ནས་ལོ་ངོ་བརྒྱ་ཕྲག་སོང་རྗེས་གཞི་ནས་དེའི་ཆེ་ཚད་ངེས་ཐུབ་པ་བྱུང་ཡོད། ཡེ་ཤུ་སྔོན་ལོ་ ༢༤༠ ཙམ་ལ་གྷི་རིག་གི་མཁས་པ་ཨེ་ར་ཊོ་སི་ཐིན་གྱིས་ཡེ་ཤུ་སྔོན་ལོ་ ༢༧༦ ཙམ་ལ་འཛམ་བུ་གླིང་གི་མུ་ཁྱུད་ཚད་འཇལ་ཐབས་ཤིག་རྙེད་པ་རེད། ཁོང་གིས་ཤེས་ཚོད་ལ་དབྱར་གྱི་ཉི་མ་འཛམ་གླིང་ནས་རྒྱང་ཐག་རིང་ཤོས་ཀྱི་སྐབས་ཨི་འཇིབ་ཀྱི་གྲོང་ཁྱེར་ཨེ་ལེག་ཛེན་ཌི་ཡའི་ལྷོ་ཕྱོགས་སུ་ཆགས་པའི་ས་ཡིན་ཞེས་པའི་གྲོང་ཁྱེར་དེང་གི་ཨེ་སི་ཝན་དུ་ཉིན་གུང་ཏག་ཏག་ལ་གྲིབ་མ་ཕོགས་ཀྱི་མེད་པ་དེ་རེད། དེས་གང་མཚོན་པ་རེད་ཅེ་ན་ས་ཡིན་གྲོང་ཁྱེར་དུ་ཉིན་གྱི་གུང་མོ་ཏག་ཏག་ལ་ཉི་མ་ཐད་ཀར་མགོ་སྟེང་དུ་ཡོད་ལ། འོན་ཀྱང་དུས་ཚོད་དེ་ག་རང་ལ་ཨེ་ལེག་ཛེན་ཌི་ཡའི་གྲོང་ཁྱེར་དུ་གྲིབ་མ་བྱུང་བ་དེས་གུང་གི་ཉི་མའི་གནས་བབ་ནི་ཐད་ཀར་མགོ་སྟེང་དུ་མེད་པར་ཏོག་ཙམ་ཟུར་དུ་ཡོད་པར་མཚོན། དེ་ཡང་ཐད་ཀར་མགོ་སྟེང་གི་གནས་ས་དེ་ལས་ཟུར་ཚད་བདུན་གྱི་སར་ཡོད་པ་རེད། ཁྱད་པར་དེ་ནི་ས་ཡིན་དང་ཨེ་ལེག་ཛེན་ཌི་ཡའི་བར་གྱི་འཛམ་བུ་གླིང་གི་ས་ངོས་དེ་ཟླུམ་སྒོར་ཡོད་པའི་རྐྱེན་གྱིས་ཡིན་པ་དང། ལྷོར་ཆགས་པའི་ས་ཡིན་གྲོང་ཁྱེར་དང་བྱང་དུ་ཡོད་པའི་ཨེ་ལེག་ཛེན་ཌི་ཡའི་བར་གྱི་རྒྱང་ཐག་རིང་ཐུང་ཤེས་པ་ལས་ཁོང་གིས་གྲོང་ཁྱེར་གཉིས་པོའི་བར་གྱི་ས་ངོས་གུག་ཚད་ཤེས་པ་དང། གུག་དེ་རྒྱ་བསྐྱེད་ནས་འཛམ་བུ་གླིང་ལ་སྐོར་བ་ཆ་ཚང་ཞིག་ཐེབས་ཀྱི་ཡོད་པར་བརྩིས་སུ་སྐོར་སྐབས། རྩིས་འབྲས་སུ་འཛམ་བུ་གླིང་གི་མུ་ཁྱུད་ལ་མེ་ལེ་ཉིས་ཁྲི་ལྔ་སྟོང་ཐོབ་པ་དེ་ལྟར་དུ་བདེན་པ་ཡིན། དེ་ནས་ལོ་ངོ་ཆིག་སྟོང་ཙམ་གྱི་རིང་ལ་ཁོང་གིས་རྩིས་འབྲས་དེ་ཡག་ཏུ་གཏོང་ཐུབ་མེད། འོན་ཀྱང་ ༡༦༨༤ ལོར་ཕ་རན་སིའི་གཟའ་སྐར་རིག་པ་བ་ཇོན་པི་ཀར་(༡༦༢༠ ནས་ ༡༦༨༢གྱིས་རྟོག་ཞིབ་བྱས་པ་ཁག་ཅིག་ཁོང་འདས་རྗེས་པར་འགྲེམས་བྱས་པའི་ནང་ཁོང་གིས་ཉི་མའི་ཚབ་ཏུ་སྐར་མ་ཞིག་བདམས་ཏེ་ས་ཆ་འདྲ་མིན་ནས་སྐར་མ་དེའི་གནས་གཞི་དང་ཐད་ཀར་མགོ་སྟེང་གི་གནས་གཞི་གཉིས་བར་གྱི་རྒྱང་ཐག་ཚད་འཇལ་བྱས། རྒྱང་ཤེལ་བེད་སྤྱོད་བྱེད་པའི་ཁོང་གི་ཐབས་ལམ་འདི་ནི་གནད་ལ་ཕིགས་པ་ཡོད་པས་ཁོང་གིས་སའི་མུ་ཁྱུད་མེ་ལེ་ ༢༤༨༧༦ དང་འཛམ་བུ་གླིང་གི་ཕྱེད་ཐིག་མེ་ལེ་ ༧༩༠༠ ཡོད་པ་བསྟན་པ་དེ་ནི་དེང་སང་གི་ཚད་དང་ཧ་ཅང་ཉེ། ཕྱེད་ཐིག་གི་ཆེ་ཚད་ལས་འཛམ་བུ་གླིང་གི་བོངས་ཚད་ཀྱང་བརྩི་ཐུབ་པ་བྱུང༌།

འཛམ་བུ་གླིང་གི་གདོས་ཚད།

སའི་གོ་ལ་ལྗིད་པོ་དེའི་ལྗིད་ཚད་ཇི་ལྟར་དང་སུས་འཇལ་བ་ཡིན་ནམ་ཞེ་ན། དེ་ནི་ཐད་ཀར་ཚད་འཇལ་འཕྲུལ་ཆས་ལྟ་བུ་ནང་དུ་བཅུག་སྟེ་དངོས་སུ་འཇལ་ག་ལ་ཐུབ། འོ་ན་ཇི་ལྟར་ཞེ་ན་རྩིས་རིག་གི་ལམ་ནས་འཇལ་བ་ཡིན། དེ་ཡང་ ༡༦༨༧ ལོར་ནེའུ་ཊོན་གྱིས་སའི་འཐེན་ཤུགས་མཉམ་བྱ་གསར་དུ་བསྟན་ལ་དེའི་ནང་མཚོན་བྱེད་ཁ་ཤས་ཡོད་པ་ནི། སའི་འཐེན་ཤུགས་ཀྱི་འགྱུར་མེད་གྲངས་ཆ་དགུ་དང༌། གཟུགས་གཉིས་ཀྱི་གདོས་ཚད། དེ་གཉིས་བར་གྱི་རྒྱང་ཐག་དང་མྱུར་ཚད་འཕར་ཆག་འགྲོ་ཚད་ཏེ་སྣོན་ཚད་བཅས་ལྔ་ཡིན། ཅ་དངོས་ཤིག་ས་ཐོག་ཏུ་ལྷུང་བའི་དབང་དུ་བཏང་ན་དེའི་ལྗིད་ཚད་དང་འཛམ་གླིང་དཀྱིལ་ནས་རྒྱང་ཐག་རིང་ཚད། དེའི་མྱུར་ཚད་འཕར་ཆག་འགྲོ་ཚད་བཅས་ནི་དེ་སྐབས་ཤེས་ཀྱི་ཡོད། བྱས་ཙང་མི་ཤེས་པའི་མཚོན་རྟགས་གཉིས་ལྷག་ཡོད་པ་ནི་འཐེན་ཤུགས་ཀྱི་འགྱུར་མེད་གྲངས་ཆ་དང་འཛམ་བུ་གླིང་གི་གདོས་ཚད་གཉིས་ཡིན། གལ་ཏེ་ང་ཚོས་འདི་གཉིས་ལས་གཅིག་ཤེས་རྟོགས་བྱུང་བ་ཡིན་ན། གཞན་དེ་འཐེན་ཤུགས་མཉམ་བྱ་ལས་ཤེས་ཐུབ་པ་ཡིན། འཐེན་ཤུགས་རྒྱུན་གྲངས་ནི་བེམ་གཟུགས་མཐའ་དག་ལ་མཚུངས་པ་ཡིན་པས་གལ་ཏེ་ང་ཚོས་གདོས་ཚད་དང་རྒྱང་ཐག་གཉིས་ཀ་འཇལ་ཐུབ་པའི་གཟུགས་གཉིས་དབར་གྱི་འཐེན་ཤུགས་ཤེས་པ་བྱུ་ཚེ། དེ་ལས་འཐེན་ཤུགས་ཀྱི་འགྱུར་མེད་གྲངས་ཆ་ཤེས་ཐུབ་ལ། དེ་ཤེས་རྗེས་འཛམ་བུ་གླིང་གི་གདོས་ཚད་ཀྱང་རྩིས་སྐོར་ཐུབ་པ་ཡིན། འོན་ཀྱང་དཀའ་ངལ་གཅིག་ཡོད་པ་ནི་ང་ཚོས་འཇལ་ཐུབ་པའི་བེམ་གཟུགས་ཀྱི་གདོས་ཚད་གཉིས་པོ་ཞེ་དྲག་གི་ཆུང་ཆུང་ཡིན་པས་དེ་གཉིས་དབར་གྱི་འཐེན་ཤུགས་ནི་དེ་བས་ཀྱང་ཆུང་བས་ཚད་འཇལ་ཐུབ་རྒྱུ་ཧ་ཅང་གི་ཁག་པོ་ཆགས་ཡོད། གང་ལྟར་ཡང་ ༡༧༩༨ ལོར་ཁེ་ཝན་ཌི་ཤི་ཡིས་དེ་འཇལ་ཐབས་བྱས་པ་རེད། ཁོང་གིས་དབྱུག་པ་ཞིག་ལྕགས་སྐུད་ཕྲ་མོ་ཞིག་གིས་དཀྱིལ་ནས་བསྡམས་ཏེ་གནམ་ལ་བཏགས། དབྱུག་པའི་སྣེ་མོ་རེ་རེར་ཞ་ཉེ་ལས་གྲུབ་པའི་གོང་བུ་རེ་ཡོད་ལ། དབྱུག་པ་དེ་ལྕགས་སྐུད་ལས་གེགས་མེད་དུ་འགུག་ཐུབ་པས་གོང་བུ་གཉིས་པོར་ལྡོག་ཕྱོགས་ནས་ཤུགས་ཕྲ་མོས་ཀྱང་ཚད་འཇལ་ཐུབ་པའི་གུག་ཚད་འོང་བ་ཡིན། ཁེ་ཝན་ཌི་ཤི་ཡིས་ཤུགས་ཕྲན་བུ་མི་འདྲ་བ་དུ་མས་གུག་ཚད་ཆེ་ཆུང་ཇི་ཙམ་སྐྲུན་མིན་དེ་ཚད་འཇལ་བ་རེད། དེ་ནས་ཁོང་གིས་ཞ་ཉེ་ལས་གྲུབ་པའི་གོང་བུ་རེའི་ཉེ་འགྲམ་དུ་གོང་བུ་ཆེན་པོ་རེ་བཞག་པ་རེད། གོང་བུ་ཆེ་ཆུང་གཉིས་བར་གྱི་འཐེན་ཤུགས་ཀྱིས་ལྕགས་སྐུད་དེ་གུག་འཇུག་ཡོད། ཁོང་གིས་གུག་ཚད་འཇལ་རྗེས་གཟུགས་གཉིས་བར་གྱི་འཐེན་ཤུགས་བརྩིས་སྐོར་བྱས་པ་རེད། དེ་ལས་འཐེན་ཤུགས་ཀྱི་འགྱུར་མེད་གྲངས་ཆ་རྟོགས་ལ། དེ་ལས་འཛམ་བུ་གླིང་གི་གདོས་ཚད་རྙེད་པ་རེད། ཁོང་ལ་ཐོབ་པའི་འཛམ་བུ་གླིང་གི་གདོས་ཚད་ནི་ཀི་ལོ༦༦ x ༡༠༢༣ ཡིན།དེ་སྐབས་ཤེས་རྟོགས་ཡོད་པའི་འཛམ་བུ་གླིང་གི་བོངས་ཚད་དང་གདོས་ཚད་གཉིས་ལས་འཛམ་བུ་གླིང་གི་ཆ་སྙོམས་སྟུག་ཚད་དེ་ཆུའི་སྟུག་ཚད་ལས་ལྡབ་ལྔ་དང་ཕྱེད་ཀྱིས་ཆེ་བ་ཡོད་པ་ཤེས། ཁེ་ཝེན་ཌི་ཤི་ཡི་བརྟག་དཔྱད་ནི་ཧ་ཅང་གི་གནད་ལ་ཕིགས་པ་ཞིག་ཡིན་པས་ཁོང་གི་ཚོད་རྩིས་ནི་དེང་གི་ཆར་འདོད་པའི་ཚོད་རྩིས་དང་ཧ་ཅང་གིས་ཐག་ཉེ། སའི་གོ་ལའི་ཁྱད་ཆོས་ཡ་མཚན་ལ་སྙིང་རྗེ་མོ་གཞན་མང་པོ་ཡོད་ནའང་སྐབས་འདིར་ཐམས་ཅད་བརྗོད་པར་དཀའ་བས་ཀློག་པ་པོ་རྣམས་ཀྱིས་ཚན་རིག་གི་དཔེ་དེབ་གཞན་དང་དུས་དེབ་སོགས་ལ་གཟིགས་པར་སྐུལ་མ་ཞུ་རྒྱུ་ཡིན་ལ་ཚན་རིག་གི་ཚགས་ཤོག་འདིའི་ཐོག་ཀྱང་ཕྱིས་སུ་འཐོན་ངེས་ཡིན།

སྔར་འཛམ་གླིང་ལ་ཟླ་བ་གཉིས་ཡོད་སྲིད།

ཡུན་རིང་སྔོན་ནས་ཟླ་བའི་རྒྱབ་མདུན་གྱི་ས་བབ་ཐད་ཁྱད་པར་ཆེན་པོ་ཡོད་པ་རྙེད་ཡོད་པ་དང་། དེ་ཡང་གོ་ལའི་ཕྱོགས་སུ་ཁ་གཏད་པའི་ཟླ་ངོས་ཀྱི་ས་བབ་ཁོད་སྙོམ་པ་དང་ཁ་དམའ་ནའང་རྒྱབ་ངོས་ཀྱི་ས་བབས་མཐོ་བ་དང་རི་སུལ་གྱི་ཁེངས་ནས་ཡོད་པས་དེ་ནི་ཡུན་རིང་བར་རྩོད་པ་དང་བསམ་ཚུལ་འདྲ་མིན་ཡོང་གཞི་ཞིག་ཏུ་གྱུར་ཡོད།
ཉེ་དུས་གྲུབ་དོན་གསར་པ་ཞིག་གིས་བཤད་ཚུལ་ལྟར་ན་སྔར་ང་ཚོའི་གོ་ལ་འདིར་ཟླ་བ་གཉིས་བྱུང་བ་ལས་རྗེས་སོར་དེ་གཉིས་གཅིག་ཏུ་འདུས་ཏེ་ད་ལྟའི་ཟླ་བ་གཅིག་པོ་འདི་བྱུང་ཡོད། བསམ་ཚུལ་འདི་རང་བྱུང་ཞེས་པའི་དུས་དེབ་ཐོག་བཀོད་ཡོད་པ་དང་ཟླ་བའི་རྒྱབ་མདུན་གྱི་ས་བབ་མི་འདྲ་བའི་རྒྱུ་མཚན་གནས་ཚུལ་འདིའི་ཐོག་ནས་གསལ་འདོན་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད།
འབྲེལ་ཡོད་ཚན་རིག་པ་ཚོས་ཀམ་པུ་ཊར་གྱི་ཐབས་ལ་བརྟེན་ནས་གནས་ཚུལ་འདི་ཤེས་རྟོགས་བྱུང་ཡོད་པ་དང་། དེ་ཡང་ཉི་མའི་ཁྱིམ་བརྒྱུད་ཀྱི་ཆེས་སྔ་མོའི་དུས་སུ་ཐེ་ཡ་ཞེས་པའི་གཟའ་ཞིག་བྱུང་བ་དེའི་ཆེ་ཚད་དེང་གི་གཟའ་མིག་དམར་ཙམ་ཡོད་པ་དེ་ང་ཚོའི་འཛམ་གླིང་དང་གདོང་ཐུག་གི་ཆགས་ཧྲུག་མང་དག་ཅིག་གོ་ལའི་མཐའ་འཁོར་ནང་ཁ་འཐོར་དུ་ཕྱིན་པ་ལས་འཐེན་ཤུགས་ཀྱི་དབང་གིས་གོ་ལའི་འཐའ་འཁོར་ཏུ་འཁོར་བའི་དངོས་གཟུགས་གཉིས་བྱུང་ཡོད། དེ་གཉིས་ལས་གཅིག་ད་ཡོད་ཟླ་བ་འདི་དང་དངོས་གཟུགས་གཞན་ཞིག་བྱུང་ཡོད་པ་དེ་གཉིས་གདོང་ཐུག་གིས་མཐར་གོང་བུ་གཅིག་ཆགས་པ་རེད། འོན་ཀྱང་དངོས་གཟུགས་དེ་གཉིས་ཀྱི་གདོས་ཚད་དང་མྱུར་ཚད་ཆེན་པོ་མེད་པས་ཞུར་འདྲེས་ ཐུབ་མེད་ཀྱང་གོང་བུ་ཆུང་བ་དེ་ཆེ་བའི་ཕྱི་ངོས་སུ་པགས་པ་ལྟར་གཡོག་ནས་ལྷག་པ་དེས་རྐྱེན་གྱིས་ད་ཆ་ང་ཚོའི་ཟླ་བ་གཅིག་པོ་འདི་རྒྱབ་ངོས་ཀྱི་ས་བབས་མི་ལི་བཅུ་ལྷག་གིས་མཐོ་བ་ཆགས་ཡོད།

Post a Comment

Previous Post Next Post