གྲོག་མ་ཞེས་པ་ནི་སྤྱི་ཚོགས་ཀྱི་འཚོ་བ་ལོངས་སུ་སྤྱོད་པའི་འབུ་སྲིན་གྱི་རིགས་བྱེ་བྲག་པ་ཞིག་གི་སྤྱི་མིང་དང་དེ་ལ་ནང་གསེས་ཀྱི་རིགས་འདྲ་མིན་ཡོད། གྲོག་མའི་རིགས་ཐམས་ཅད་སྤྱི་ཚོགས་སེམས་ཅན་ཡིན་པར་བརྟེན་ཁོང་ཚོས་མཉམ་རུབ་ཀྱིས་འཚོ་བ་བསྐྱལ་བ་ཡིན། 
གྲོག་མའི་རིགས་ཕལ་ཆེ་བའི་ནང་ཕོ་ལ་ཚེ་ཡུལ་ཧྲིལ་པོར་གཤོག་པ་ཡོད་པ་དང་མོ་ལ་དང་ཐོག་གཤོག་པ་ཡོད་པ་གང་ཞིག་རྗེས་སོར་ཕོ་དང་ལུས་འབྲེལ་རྗེས་གཤོག་པ་མེད་པར་འགྱུར་བ་ཡིན། གཤོག་པ་མེད་པའི་གྲོག་མ་ཁག་གཅིག་ཡོང་བ་དང་ཁོང་ཚོས་རིགས་རྒྱུད་སྐྱེ་འཕེལ་གྱི་བྱ་བ་བྱེད་མི་ཐུབ་པར་མ་ནིང་ལྟ་བུར་གནས་པས་ཁོང་ཚོར་ངལ་རྩོལ་གྱི་གྲོག་མ་ཟེར་གྱི་ཡོད། མིང་ནས་ཤེས་ཐུབ་པ་ལྟར་ཁོང་ཚོའི་ལས་འགན་ནི་ཚོགས་པའི་ངལ་རྩོལ་གྱི་བྱ་བ་བྱེད་རྒྱུ་དེ་ཡིན། སྦྲུམ་མར་གྱུར་བའི་གྲོག་མོ་དེ་ཚོགས་པའམ་གྲོག་ཚང་དེའི་རྒྱལ་མོར་འགྱུར་བ་དང་མོའི་ལས་འགན་ནི་སྒོ་ང་འདོན་སྤེལ་བྱེད་རྒྱུ་ཙམ་ཡིན། གྲོག་ཕོ་དེ་དག་མོ་དང་ལྷན་དུ་ལུས་འབྲེལ་རྗེས་འཚོ གནས་ཐུབ་ཀྱི་མེད་པ་དང་ངལ་རྩོལ་མཁན་ཚོས་བཟའ་ཆས་འཁོ་བསྡུ་དང་སྒོ་ངར་བལྟ་སྐྱོང༌། དེ་བཞིན་གྲོག་ཚང་སྲུང་སྐྱོབ་བྱེད་རྒྱུའི་ལས་ཁུར་གལ་ཆེ་རྣམས་སྒྲུབ་ཀྱི་ཡོད། གྲོག་ཚང་ཕལ་ཆེ་བའི་ནང་ཁང་མིག་དུ་མ་ཡོད་པ་དང་དེ་དག་ཕལ་ཆེ་བ་བྲག་རྡོ་དང་ཤིང་སྡོང་སོགས་ཀྱི་འོག་ཏུ་ས་བྲུས་ནས་བཟོས་པའི་ཚང་ཡིན་ཡང་རིགས་ཁ་ཤས་ཀྱིས་ས་སྟེང་དུ་ཐལ་ཕུང་བརྩེགས་པ་དང་ཤིང་སྡོང་སོགས་ཀྱི་ཁོག་པ་བྲུས་ནས་ཚང་བཅའ་བ་སོགས་བྱེད་ཀྱི་ཡོད།
གྲོག་མའི་རིགས་མི་འདྲ་བ་ད་བར་འབུམ་གཅིག་ལྷག་ཤེས་རྟོགས་ཐུབ་ཡོད་པ་དང་དེ་དག་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་གདལ་ཀྱི་གནས་ཡོད། གྲོག་མའི་ལུས་པོ་དེ་མགོ་དང༌། བྲང་ཁོག། དེ་བཞིན་ཁོག་སྨད་བཅས་དུམ་བུ་གསུམ་དུ་བགོས་ཡོད་པ་དང་ལུས་ཀྱི་ཆ་ཤས་དབྱེ་ཚུལ་འདི་དང་འདྲ་བའི་སེམས་ཅན་གཞན་ཡང་ཡོད།

བཟའ་ཆས།

སྤྱི་ཡོངས་ཐོག་གྲོག་མ་ནི་ཤ་དང་རྩི་ཤིང་གཉིས་ཀ་བཟའ་མཁན་གྱི་སྲོག་ཆགས་ཡིན། འོན་ཀྱང་རིགས་ཁ་ཤས་ཀྱིས་བཟའ་ཆས་རིགས་དམིགས་བསལ་བྱེ་བྲག་པ་གཅིག་མ་རྟོགས་བཟའ་ཡི་མེད། གྲོག་མ་ཕལ་ཆེ་བས་གྲོག་ཚང་བཅའ་བ་དང་དེའི་ནང་བཟའ་ཆས་འཁོ་བསྡུའི་རྩོལ་བ་བྱེད་ཀྱི་ཡོད༌། རིགས་ཁ་ཤས་ཀྱིས་བཟའ་ཆས་མཁོ་བསྡུ་དང་གསོག་ཉར་བྱེད་ཚུལ་དེ་ཧ་ཅང་གི་ཡར་འཐོན་དང་དམིགས་བསལ་ཅན་ཡིན། ཨ་རི་དང་མེཀ་སི་ཀོའི་ནང་ཡོད་པའི་གྲོག་རིགས་གྲོག་དམར་ཞིང་ལས་མཁན་ཞེས་པ་དེ་སྤང་ས་ཕལ་ཆེ་བའི་ནང་ཁྱབ་ཡོད་པ་དང་ཁོང་ཚོས་སྔོ་རྩ་མཐུ་བ་དང་གསོག་ཉར་བྱེད་ཀྱི་ཡོད། ཞིང་ལས་གྲོག་མའི་ནང་ཁ་ཤས་ཀྱིས་འབྲུ་རིགས་གསོག་ཉར་བྱེད་པ་དང་ཁོང་ཚོའི་ནང་དམིགས་བསལ་ངལ་རྩོལ་བྱེད་མཁན་གྱི་གྲོག་མ་ཡོད་པ་དང་ཁོང་ཚོར་སྐབས་རེ་དམག་མི་ཡང་ཟེར་གྱི་ཡོད། འཕེལ་རིམ་ཁྲོད་ཁོང་ཚོའི་འགྲམ་པ་གྲོག་མ་གཞན་ལས་ཆེ་བ་དང་ཤུགས་ཆེ་བ་ཡོད་པས་ཁོང་ཚོའི་ལས་འགན་ནི་འབྲུ་རིགས་གང་ཡོད་འགྲམ་པས་བཅག་ནས་གྲོག་མ་གཞན་ཚོར་བཟའ་ཆོག་བྱེད་རྒྱུ་དེ་ཡིན། ཨ་རིའི་ལྷོ་ཕྱོགས་ཀྱི་ས་ཁུལ་དུ་འཚོ་སྡོད་བྱེད་པའི་གྲོག་མའི་རིགས་འགའ་ཤས་ཀྱིས་རང་གི་ཚང་ནང་ཧམ་བུའི་རིགས་ཤིག་ཞིང་འདེབས་ཀྱི་བཟའ་ཆས་ཆེད་བེད་སྤྱོད་བྱེད་ཀྱི་ཡོད། གྲོག་མའི་རིགས་འདི་ལ་ལོ་མ་བཏུབ་མཁན་གྱི་གྲོག་མ་ཞེས་བརྗོད་ཀྱི་ཡོད་པ་དང་དེའི་རྒྱུ་མཚན་ནི་ཁོང་ཚོའི་ལས་མི་ཚོས་ཤིང་ལོ་དྲས་གཏུབ་ཀྱིས་རང་གི་ཚང་དུ་འོར་འདྲེན་བྱེད་པ་དང་ཤིང་ལོ་དེ་དག་བེད་སྤྱོད་བྱས་ནས་ཧམ་བུ་སྐྱེ་འཕེལ་བྱེད་འཇུག་གི་ཡོད། ཧམ་སྤུ་ཅན་གྱི་ཤིང་ལོ་དེ་དག་རྗེས་སུ་བཟའ་ཆས་སུ་སྤྱོད་པ་ཡིན།
གྲོག་མ་ཕལ་ཆེ་བས་སྦྲང་རྩིའི་ཟིལ་པ་ཞེས་པའི་གཤེར་ཁུ་མངར་མོ་ཞིག་སྤྱོད་ཀྱི་ཡོད། གཤེར་ཁུ་དེ་བཟོ་བསྐྲུན་བྱེད་མཁན་དམིགས་བསལ་གྱི་ལས་མི་ཨེ་ཕེཊས་ཞེས་པ་ཞིག་ཡོད། རིགས་ཁ་ཤས་ཀྱིས་དམིགས་སུ་བཀར་ནས་ལས་མི་དེ་འདྲ་གསོ་ཉར་བྱེད་པ་དང་དེ་ཡང་ཨ་རིའི་ལྷོ་ཕྱོགས་སུ་ཡོད་པའི་གྲོག་མའི་རིགས་གཅིག་གིས་ངལ་རྩོལ་ལས་མི་ཁ་ཤས་ལ་སྦྲང་རྩིའི་ཟིལ་པ་ཚད་མེད་སྤྲད་ནས་མཐར་ཁོང་ཚོའི་གཟུགས་ཚད་ཧ་ཅང་གི་ཆེན་པོ་གྱུར་ནས་འགུལ་སྐྱོད་མི་ཐུབ་པར་འགྱུར་གྱི་ཡོད། རྗེས་སུ་ཁོང་ཚོའི་ལུས་པོ་ནས་དུས་དུས་སུ་གཤེར་ཁུ་མངར་མོ་དེ་མཁོ་འདོན་བྱེད་པ་དང་གྲོག་མ་གཞན་ཚོས་དེ་ལ་ལོངས་སུ་སྤྱོད་ཀྱི་ཡོད། ཡང་ཞིང་ལས་བྱེད་པའི་གྲོག་མ་ལྟ་བུར་མཚོན་ན། ཁོང་ཚོས་ཕྱིའི་ཁོར་ཡུག་ནས་མཁོ་སྒྲུབ་བྱས་པའི་ཤིང་ལོ་དེ་དག་ཐད་ཀར་འཇུ་ལེན་ཐུབ་ཀྱི་མེད་པར་བརྟེན་ངལ་རྩོལ་གྲོག་མས་ཤིང་ལོ་དེ་དག་དུམ་བུར་གཏོང་བ་དང་ཁ་ཆུ་དང་མཉམ་བསྲེས་གྱི་གསོག་ཉར་བྱེད་ཀྱི་ཡོད། རླན་གཤེར་ཅན་གྱི་ཤིང་ལོའི་ཕྱེ་མ་དེ་དག་ནས་དུས་ཡུན་གང་མཚམས་རྗེས་ཁོང་ཚོས་འཇུ་ལེན་ཐུབ་པའི་ཧམ་བུ་ཞིག་སྐྱེ་འཕེལ་ཡོང་བ་དང༌། རང་བྱུང་ཁོར་ཡུག་ནང་དམིགས་བསལ་གྱི་ཧམ་བུ་དེ་སྐྱེ་འཕེལ་བྱེད་ཀྱི་མེད། གནས་ཚུལ་འདི་ནི་གཉིས་ཕན་གྱི་བྱ་བ་ཞིག་སྟེ་གྲོག་མ་མེད་ན་ཧམ་བུ་སྐྱེ་འཕེལ་བྱེད་ཐུབ་ཀྱི་མེད་པ་དང་ཧམ་བུ་མེད་ན་གྲོག་མ་གནས་ཐུབ་ཀྱི་མེད། འདི་འདྲའི་གཉིས་ཕན་གྱི་འབྲེལ་བ་ཡོད་པའི་དཔེ་མཚོན་མང་པོ་རྒྱུན་དུ་ཁོར་ཡུག་ནང་ང་ཚོའི་མཐོང་ཆོས་སུ་གྱུར་བ་ཡིན།

གནོད་འཚེ།




ཨ་མི་རི་ཀའི་གླིང་ཆེན་གྱི་ཚ་དྲོད་ཆེ་བའི་ས་ཆར་གནས་སྡོད་བྱེད་པའི་གྲོག་དམག་ནི་ཡོངས་གྲགས་ཅན་གྱི་གྲོག་རིགས་ཤིག་དང༌། ཁོང་ཚོའི་མཆུ་ཏོ་ཆེ་བ་དང་སེམས་ཅན་གཞན་སོ་རྒྱབ་ས་དུག་གཏོང་བའི་ནུས་པ་དང་ལྡན་ཡོད། ཉིན་ལྟར་ཁྱུ་བྱས་ནས་འབུ་སྲིན་དགར་དུ་འགྲོ་བ་དང་མི་ཊར་༡༤ ལྷག་གི་ཞིང་ཚད་ཀྱི་རྒྱ་ཁྱོན་ནང་ལམ་བར་འཕྲད་པའི་འབུ་སྲིན་གྱི་རིགས་ཚང་མ་གསོད་པ་མ་ཟད། སྐབས་རེ་ལམ་བར་ཁེལ་བའི་སྦྲུལ་དང་བྱིའུ་ཚང་གི་བྱིའུ་ཕྲུག་ཡན་ཆད་གསོད་པ་མ་ཟད་བདག་ཏུ་བཟུང་བ་དང་མ་བཟུང་བའི་ནུ་གསོའི་སེམས་ཅན་དེ་འདྲའང་རུབ་རྒྱག་ནས་གསོད་ཐུབ་པ་དང་རོ་རྣམས་དུམ་བུར་བགོས་ནས་ཚང་དུ་འོར་འདྲེན་བྱེད་ཀྱི་ཡོད།

གྲོག་རིགས་མང་པོ་ཞིག་མིའི་སྡོད་ཁང་ནང་བཙན་འཛུལ་གྱིས་གཙོ་ བོ་ཐབ་ཚང་སོགས་ཀྱི་ནང་དུ་གཞིས་བཅའ་བ་དང༌། དེ་མིན་ཨ་རི་སོགས་ཡུལ་ཕྱོགས་མང་པོའི་ནང་ཞིང་ཁ་དང་སྟོན་ཐོག་ལ་ཡང་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད། འོན་ཀྱང་སྤྱི་ཡོངས་ཐོག་ཁོར་ཡུག་དང་དཔའ་འབྱོར་ཐད་གྲོག་མའི་ཕན་གནོད་ཅི་ཡོད་ཚོད་དཔག་བྱེད་རྒྱུ་ཁག་པོ་རེད། དེ་ནི་དཔེར་ན། ཤིང་མཁན་གྲོག་མ་ཚོས་ཤིང་ལ་གནོད་སྐྱེལ་གྱི་ཡོད་ནའང་སྔོན་ནས་འབུ་སྲིན་གཞན་གྱི་བེད་མེད་དུ་བཏང་ཟིན་པའི་ཤིང་རོ་དེ་དག་གཙང་བཟོ་བྱེད་རྒྱུའི་ཕན་ཐོགས་ཡོད། འབྲུ་རིགས་འོར་འདྲེན་བྱེད་མཁན་གྱི་གྲོག་མ་དེ་དག་གྲངས་འབོར་ཧ་ཅང་མང་ན་འབྲུ་རིགས་ཀྱི་འཐོན་སྐྱེད་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་ནའང་རྒྱུན་དུ་ཞིང་ཁར་ཡོད་པའི་གནོད་ཚེ་ཅན་གྱི་ འབུ་སྲིན་མང་པོ་ཞིག་གྲོག་མས་མེད་པ་བཟོ་བ་དང་དེའི་ཐོག་ནས་ཞིང་ཁར་ཕན་ཐོག་གི་ཆ་ཞིག་ཡོང་གི་ཡོད་པ་རེད། དེ་བཞིན་སྤང་རྩ་བཟའ་མཁན་གྱི་གྲོག་རིགས་དེ་དག་གིས་གླིང་ཁ་གཏོང་ས་དང་དེ་མིན་སྤང་ས་མང་པོ་ཞིག་ལ་ཚང་བཅའ་བ་དང་ས་རློགས་ནས་གནོད་སྐྱོན་གཏོང་གི་ཡོད་ཀྱང་ཁོང་ཚོས་སྤང་ས་དེ་དག་གཤིན་པོ་བཟོ་བའི་ཕན་ཐོགས་ཀྱང་ཡོང་གི་ཡོད་པས་དེ་དག་སྣང་མེད་དུ་འཇོག་ཐབས་མེད།

བྱེད་ལས།

གྲོག་སྡེ་རེ་རེར་རྩ་བའི་ཆ་ནས་གྲོག་ཚང་རེ་ཡོད་ཀྱང་འབྲོག་པལྟར་ངེས་མེད་ཐོག་ས་ཆ་གཅིག་ནས་གཞན་དུ་གནས་སྤོ་བྱེད་མཁན་གྱི་གྲོག་མའི་སྤྱི་ཚོགས་དེ་འདྲ་ཡང་ཡོད། གྲོག་མའི་སྤྱི་ཚོགས་ཀྱི་ངལ་རྩོལ་བྱེད་སྟངས་དེར་ལས་བསྒོས་ཀྱི་རྣམ་པ་མངོན་གསལ་ཡོད་པ་དང་སྐབས་རེ་ལས་ཀ་བྱེ་བྲག་པ་གཅིག་ལ་ལས་མི་བྱེ་བྲག་གཏན་འཇག་ཡོད་པ་ཡིན། དཔེར་ན། གདོད་མའི་གྲོག་རིགས་ཁ་ཤས་ནང་མགོ་ཆེན་པོ་ཡོད་པའི་ལས་མི་ཚོས་འབྲུ་རིགས་བཅག་རྒྱུའི་བྱ་བ་ཁོ་ན་བྱེད་ཀྱི་ཡོད། འོན་ཀྱང་ཤིང་མཁན་༼གྲོག་རིགས་བྱེ་བྲག་པ་ཞིག་གི་མིང་།༽གྲོག་མ་ལྟ་བུ་མཚོན་ན་ལས་བསྒོས་ཇི་འདྲ་ཡིན་ཡང་གནས་སྐབས་ཙམ་དང་ལས་ཀའི་རྣམ་པ་དེ་རང་གི་གཟུགས་པོ་ཆེ་ཆུང་ལ་ལྟོས་པ་ཞིག་ཡིན། གཟུགས་ཚད་ཆེ་ཤོས་ཚོས་གྲོག་ཚང་གི་མཐའ་འཁོར་སྲུང་སྐྱོབ་བྱེད་རྒྱུ་དང་འབྲིང་བ་ཚོས་ཟ་ཆས་མཁོ་བསྡུ་དང་ཆུང་ཤོས་ཚོས་སྒོ་ངར་ལྟ་སྐྱོང་དང་གྲོག་ཚང་གཙང་ཕྱིས་བྱེད་ཀྱི་ཡོད། དེ་ནི་སོ་སོའི་ལུས་པོ་ལ་ལྟོས་པའི་ལས་འགན་གཙོ་བོ་རེ་ཡོད་པ་དེ་ཡིན་པ་ལས་སྤྱིར་གྲོག་མ་ཚང་མས་གྲོག་ཚང་སྲུང་སྐྱོབ་བྱེད་ཐུབ་ལ་ཚང་མས་ཟ་ཆས་མཁོ་བསྡུ་བྱེད་ཐུབ། མདོར་ན་ཁོང་ཚོ་ཚང་མས་ལས་དོན་གང་ཡང་བྱེད་ཐུབ་ལ་གང་ཡང་བྱེད་ཆོག།




གྲོག་མའི་ལས་དོན་བྱེད་ཚད་དེ་ནམ་དུས་དང་སྔ་དགོང་བར་ཁྱད་པར་ཆེན་པོ་ཡོད་ཀྱང་སྤྱི་ཡོངས་ཐོག་སྤྱི་ཚོགས་འབུ་སྲིན་ཕལ་ཆེ་བ་བཞིན་གྲོག་མ་ཚོར་ཡང་འཐོན་སྐྱེད་ཧུར་བཙོན་བྱེད་མཁན་ཡིན་ཞེས་བརྗོད་ཆོག། དེ་ཡང་ཁག་གཅིག་ཉིན་ལས་བྱེད་མཁན་དང་ཁག་གཅིག་མཚན་ལས་བྱེད་མཁན་ཡིན་པ་མ་ཟད་ཉིན་ལས་བྱེད་མཁན་ཡིན་ན་ཞོགས་པ་ཉི་མ་ཤར་རྗེས་ལས་ཀ་མང་ཤོས་བྱེད་པ་དང་མཚན་ལས་མཁན་ཚོས་དགོང་མོ་ས་རུབ་མཚམས་ལས་ཀ་མང་ཤོས་བྱེད་ཀྱི་ཡོད། དེ་བཞིན་ས་བབ་དང་ནམ་དུས་བཅས་ལ་ཡང་རག་ལས་ཡོད་པ་ཞིག་སྟེ་ཚ་གྲང་སྙོམ་པའི་ས་ཁུལ་དུ་གྲོག་མ་ཚོས་དབྱར་རིང་ལས་ཀ་བྱེད་པ་དང་དགུན་ཁའི་རིང་ཚང་དུ་ལས་མེད་སྡོད་པ་ཡིན། གྲོག་མ་ཁ་ཤས་ཧ་ཅང་བྲེལ་ཚུབ་དང་ཧུར་བཙོན་ཅན་ཡིན་ཡང་ཁ་ཤས་དལ་ལྷོད་དང་ཧུར་བཙོན་མི་བྱེད་མཁན་ཡིན་པས་སོ་སོའི་སྒེར་གྱི་རྣམ་དཔྱོད་མི་འདྲ་བ་ཡོད།
གྲོག་མ་ཁ་ཤས་ལ་སྦྱང་སྟོབས་ཀྱི་ནུས་པ་གང་མཚམས་ཆེན་པོ་ཡོད་པས་ཁ་ཟས་འཚོལ་སྐབས་གོམ་ལམ་སྐྱག་སྐྱོག་མང་པོའི་རྒྱུད་ནས་རང་ཚང་དུ་མ་ནོར་བར་ཕྱིར་འཁོར་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་ཁོང་ཚོའི་སྦྱང་སྟོབས་ཀྱི་ནུས་པ་དེ་ནུ་གསོའི་སེམས་ཅན་དང་མི་འདྲ་བར་ངེས་པར་ཚད་ཅན་ཞིག་ཡིན།
ཕྱི་རུ་ཁ་ཟས་འཚོལ་དུ་སྐྱོད་སྐབས་གྲོག་རིགས་ཁ་ཤས་ཀྱིས་རྫས་ཀྱི་རྗེས་ཤུལ་ལ་བརྟེན་ནས་ཕན་ཚུན་འགྲོ་འོང་བྱེད་པ་དང་ཡང་ཁག་གཅིག་གིས་སོ་སོའི་ཐུན་མོང་མ་ཡིན་པའི་ཚོར་བརྡ་ལ་བརྟེན་ནས་འགྲོ་འོང་བྱེད་ཀྱི་ཡོད། གྲོག་རིགས་ཕལ་ཆེ་བ་ས་འོག་གནས་སྡོད་བྱེད་པ་དང་ཡང་ཁ་ཤས་ཤིང་སྡོང་ཁོ་ནའི་ཁོག་ཏུ་འཚོ་སྡོད་བྱེད་ཀྱི་ཡོད། འོན་ཀྱང་སྤྱིར་གྲོག་རིགས་ཀྱི་འབུ་སྲིན་འདི་སའི་སྟེང་འོག་གཉིས་ཀར་མཐོང་ཆོས་ཐུབ་པའི་སྲོག་ཆགས་ཞིག་ཡིན། གྲོག་མ་ཕན་ཚུན་བར་གོ་བརྡ་སྤྲོད་ཚུལ་དེ་ཧང་ཅང་གི་དོན་གོ་འཕེར་ངེས་ཡིན་པ་དང་དེ་ཡང་ཁོང་ཚོས་རེག་ཚོར་དང་རྫས་ཤུལ་གྱི་ལམ་ནས་གོ་བརྡ་སྤྲོད་ཀྱི་ཡོད། ཡང་སྒྲའི་ཐོག་ནས་ཕན་ཚུན་གོ་བརྡ་སྤྲོད་མཁན་ཡོད་ཀྱང་དེ་ནི་ཡོངས་གྲགས་ཞིག་མ་ཡིན། ཁ་ཟས་འཚོལ་དུ་སྐྱོད་མཁན་ཚོས་ཕྱིའི་ཁོར་ཡུག་ནང་ཟས་ཀྱི་འབྱུང་ཁུངས་ཞིག་བསིལ་བས་གཅན་གཟན་དང་རི་དྭགས་རྣམས་ཚ་གཡོལ་བྱེད་སའི་གནས་མཆོག་ཏུ་གྱུར་བ་ཆགས་ཡོད།
ཡ་མཚན་ཤོས་ནི་ཁོང་ཚོའི་སྤྱི་ཚོགས་ཀྱི་གོ་རིམ་དང་རང་ལས་གཞན་ནམ་སྒེར་ལས་སྤྱི་གོང་དུ་བཀུར་བའི་སྤྱོད་ཚུལ་འདི་ཡིན། ཁོང་ཚོར་གནས་སྟངས་ཉེན་ཁ་ཅན་ག་འདྲ་ཞིག་འཕྲད་ནའང་ཁུར་བབ་ཀྱི་ལས་འགན་མི་དོར་བ་དང་རྒྱུན་ལྡན་གྱི་སྤྱོད་ཚུལ་ལ་འགྱུར་བ་གཏོང་གི་མེད། དཔེར་ན། ཁོང་ཚོ་ཚང་ནས་ཕྱི་ལ་སྐྱོད་སྐབས་བང་གྲལ་སྒྲིག་ནས་འགྲོ་བ་དང་མྱུར་ཚད་གཅིག་ཐོག་སྐྱོད་ཀྱི་ཡོད། ཚན་རིག་པས་ཁོང་ཚོ་སྡེར་མའི་ཐོག་བཞག་ནས་སྡེར་མ་སྒུལ་དུས་དངངས་སྐྲག་སྐྱེ་འཇུག་སྐབས་ཁོང་ཚོར་ཤུགས་རྐྱེན་གང་ཡང་མེད་པར་སྔར་བཞིན་མྱུར་ཚད་གཅིག་ཐོག་ཚང་མ་བང་རིམ་བཞིན་གཅིག་རྗེས་གཅིག་གིས་དྲངས་ནས་འགྲོ་བ་དང་འགའ་ཞིག་སར་འགྲད་ནས་ལང་མི་ཐུབ་པ་འབྱུང་སྐབས་རྗེས་མ་ཚོས་མཆོང་ནས་འགྲོ་བ་དང་རྡོག་རྫིས་གཏོང་བ་སོགས་མི་བྱེད་པར་དགྱེལ་བ་ཚོ་ཡར་མ་ལང་བར་སྒུག་ནས་སྡོད་པ་དང་སློང་རོགས་བྱེད་ཀྱི་ཡོད། གནས་སྟངས་ཉེན་ཁ་ཅན་གང་འདྲ་ཞིག་ཡིན་ནའང་གྲལ་ནས་ཐོན་ཏེ་ཧར་རྒྱུགས་མི་བྱེད་པ་དང་དལ་ལྷོད་གང་ཡང་སྣེ་ཁྲིད་མཁན་གྱིས་སྟངས་འཛིན་བྱེད་ཀྱི་ཡོད། དེ་ལྟ་བུ་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་གོ་རིམ་མཐོ་རིམ་སྲོག་ཆགས་མི་ལྟ་བུའི་ནང་དུ་ཡང་མཐོང་རྒྱུ་དཀའ་མོ་ཆགས་ཡོད། ས་ཡོམ་དང་ཆུ་ལོག་བྱུང་བ་སོགས་དངངས་སྐྲག་ཅན་གྱི་གནས་སྟངས་བྱུང་སྐབས་མི་ཚོས་རང་མགོ་གང་ཐོན་གྱིས་ཕྱོགས་གང་སར་བྲོས་འགྲོ་བ་དང་དགྱེལ་བ་རྣམས་རྡོག་རྫིས་གཏོང་ནས་འགྲོ་བ་ལས་ཡར་སློང་རོགས་བྱེད་པ་ཕལ་ཆེར་ཡོང་གི་མེད།


Post a Comment

Previous Post Next Post