བོད་ཀྱི་ཚན་རིག་དུས་དེབ་ནི་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གིས་སྟོང་ལོ་གསར་པའི་དུས་འགོ་ནས་བཟུངྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་ དགོངས་ལྟར་བོད་ཀྱི་སྤྱི་ཚོགས་དང་དགོན་སྡེ་ཁག་ནང་ཚན་རིག་ཤེས་བྱ་ཁྱབ་སྤེལ་གཏོང་ཆེད་དུ་པར་སྐྲུན་འདོན་སྤེལ་བྱེད་བཞིན་པའི་ལོ་ཕྱེད་དུས་དེབ་ཅིག་ཡིན། དུས་དེབ་འདིའི་དགོས་དམིགས་གཙོ་བོ་ནི། འཛམ་གླིང་ནང་སྙན་གྲགས་ཆེ་བའི་མཁས་དབང་ཁག་གིས་ཆོས་ཚན་གཉིས་ཐད་ལ་འཛིན་པའི་དགོངས་ཚུལ་འདྲ་མིན་ཕབ་བསྒྱུར་བྱས་པ་བརྒྱུད། ཆོས་ཚན་གཉིས་ཀྱི་ལྟ་གྲུབ་ཕན་ཚུན་གཤིབ་བསྡུར་དང༌། བགྲོ་གླེང་བརྒྱུད་ཕྱོགས་གཉིས་ཀྱི་ལེགས་ཆ་འཚོལ་རྒྱུ་དང༌། དགོན་སྡེ་དང༌། སློབ་གྲྭ་ཁག་གི་སློབ་གཉེར་བ་རྣམས་ལ་ཆོས་ཚན་སྐོར་གྱི་དཔྱད་རྩོམ་དང་འགྱུར་རྩོམ་སྤེལ་སའི་གླེང་སྟེགས་ཤིག་བྱེད་རྒྱུ། རང་གི་ཆོས་ལུགས་རིག་གནས་ཀྱི་ལེགས་ཆ་དང་སྔོན་ཐོན་མི་རིགས་ཁག་གི་རིགས་པ་དང་མཐུན་པའི་རིག་གནས་མ་ལག་ཟུང་འབྲེལ་སྒོས་བོད་ཀྱི་སྐད་ཡིག་རིག་ གནས་དང་བཅས་པ་དར་རྒྱས་གོང་འཕེལ་ཡོང་བར་གཞོགས་འདེགས་བྱེད་རྒྱུ་བཅས་ཡིན། དུས་དེབ་འདི་ཕྱི་ལོ་༢༠༠༠ ལོར་ཚན་རིག་ལས་གཞི་འདི་འགོ་ཚུགས་པ་ནས་པར་སྐྲུན་འདོན་སྤེལ་བྱེད་འགོ་ཚུགས་པ་ཡིན་ལ།  འདིར་བོད་ཀྱི་མཁས་པ་རྣམ་དང་གཞོན་སྐྱེས་ཤེས་ཡོན་པ་ཚོས་བརྩམས་པའི་ཚན་ཆོསགཉིས་ལ་དཔྱད་བསྡུར་བྱས་པའི་དཔྱད་བརྗོད་རྩོམ་ཡིག་དང་།  དེ་བཞིན་ནུབ་ཕྱོགས་ཚན་རིག་པ་དང་བསམ་བློ་ཚོས་ཆོས་ཚན་གཉིས་བར་གྱི་འགལ་འབྲེལ་ལས་བརྩམས་པའི་དཔྱད་བརྗོད་རྩོམ་ཡིག་ཁག་བོད་སྒྱུར་བྱས་པའི་འགྱུར་རྩོམ་བཅས་འགོད་བཞིན་ཡོད། 
Previous Post Next Post