སྔ་ལོ་ཚན་རིག་པ་འགའ་ཞིག་ཨུ་རུ་སུ་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ས་གནས་ས་བི་རི་ཡ་ཞེས་པ་དེར་ཉམས་ཞིབ་བྱེད་སྐབས། དེ་གའི་བྲག་ཕུག་ཅིག་གི་ནང་ནས་མིའི་སྐྲ་ལྟ་བུའི་སྤུ་འགའ་ཞིག་རྙེད་སོན་བྱུང་ཡོད་པ་དང་། འདས་པའི་ལོ་གཅིག་རིང་ཁོང་ཚོས་བརྟག་དཔྱད་བྱེད་སྐབས་སྐྲ་དེ་དག་མིའི་སྐྲ་མ་ཡིན་པ་མ་ཟད་ད་བར་ཤེས་རྟོགས་ཡོད་པའི་སྲོག་ཆགས་གང་གི་ཡང་མིན་པ་རྙེད་ཡོད། སྐྲའི་རིགས་རྫས་ལ་བརྟག་དཔྱད་བྱེད་སྐབས་མིའི་རིགས་དང་ཤིན་ཏུ་ཐག་ཉེ་བའི་ནུ་གསོའི་སེམས་ཅན་ཞིག་གི་སྐྲ་ཡིན་པ་དང་ད་བར་ཤེས་རྟོགས་ཡོད་པའི་སྤྲ་རིགས་གང་ལ་ཡང་དེ་ལྟ་བུ་ཐག་ཉེ་བའི་རིགས་རྫས་མེད་པ་བཤད་ཡོད། ས་བི་རི་ཡ་ཞེས་པའི་ས་གནས་འདི་རི་རྒྱུད་དང་ཐང་འདྲེས་མ་གང་ཞིག་གྲང་ངར་ཧ་ཅང་ཆེ་བས་མིའི་འཚོ་སྡོད་ཧ་ལམ་མེད་པ་དང་ཡུན་རིང་ནས་ས་གནས་མི་ཚོས་དྲེད་མོང་མཐོང་མྱོང་ལུགས་ཤོད་བཞིན་ཡོད་པས་འབྲེལ་ཡོད་ཚན་རིག་པ་ཚོས་ད་ལྟའི་སྐྲ་འདི་དག་དྲེད་མོང་གི་སྐྲ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད།

དྲེད་མོང་ཞེས་པའི་སེམས་ཅན་ཞིག་ཡོད་རབས་དུས་རབས་བཅུ་དགུ་པའི་ནང་ཐོག་མར་གླེང་སློང་བྱུང་ཡོད་པ་དང། དེ་ཡང་ཧི་མ་ལ་ཡི་རི་རྒྱུད་དུ་ཡོད་པའི་མི་ཚོས་རི་མགོ་མཐོ་སར་ལུས་ལ་སྤུ་ཡོད་པ་དང་རྐང་པ་གཉིས་ས་ལ་བཙུགས་ནས་འགྲོ་མཁན་སེམས་ཅན་མི་འདྲ་བ་ཞིག་མཐོང་རྒྱུ་ཡོད་ལུགས་བཤད་པ་དང་། དུས་རབས་ཉི་ཤུའི་ནང་སེམས་ཅན་འདིའི་སྐོར་དོ་སྣང་བྱེད་མཁན་མང་དུ་ཕྱིན་ཏེ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་གིས་ཧི་མ་ལ་ཡི་རི་རྒྱུད་དུ་དྲེད་མོང་འཚོལ་ཞིབ་ཀྱི་ལས་གཞི་མང་པོ་ལག་བསྟར་བྱས་ཡོད་ཀྱང་། སེམས་ཅན་འདིའི་རྐང་རྗེས་རེད་ཟེར་བ་དང་། སྐྲ་རེད་ཟེར་བའི་ཅ་དངོས་འགའ་ཞིག་རྙེད་སོན་བྱུང་བ་ལས་ཡིད་བློ་འཕེལ་བའི་དཔང་རྟགས་དང་དངོས་སུ་འཛིན་བཟུང་ཐུབ་པ་གང་ཡང་བྱུང་མེད་པ་མ་ཟད། མཐར་ཁོང་ཚོས་རྙེད་སོན་བྱུང་བའི་སྐྲ་དེ་དག་དོམ་དང་ར་རྒོད་སོགས་ཀྱི་སྤུ་ཡིན་པ་ལས་སེམས་ཅན་གསར་པ་ཞིག་གི་མིན་པའིི་འཇུག་སྡོམ་བྱས་ཡོད། དེ་བཞིན་ད་ལྟའི་སྐྲ་སྤུ་རྙེད་སོན་བྱུང་སའི་ས་གནས་དེར་དྲེད་མོང་མཐོང་མྱོང་ལུགས་ཤོད་མཁན་ཡུལ་མི་ཤིན་ཏུ་མང་པོ་ཡོད་པ་དང་ཚན་རིག་པ་ཚོས་འཚོལ་ཞིབ་ཀྱང་ཐེངས་མང་བྱེད་མྱོང་བ་མ་ཟད་དྲེད་མོང་འཚོལ་ཞིབ་བྱེད་པའི་ཚོགས་པ་ཡང་བཙུགས་ཡོད།

ཨུ་རུ་སུའི་དྲེད་མོང་འཚོལ་ཞིབ་ཚོགས་པའི་འགན་འཛིན་གྱིས་ད་ལྟ་སྐྲ་སྤུ་རྙེད་སའི་ས་གནས་དེར་རོབ་ཚོད་དུ་དྲེད་མོང་སུམ་བཅུ་ཙམ་ཡོད་པའི་ཡིད་ཆེས་བྱེད་བཞིན་པ་དང་། འོན་ཀྱང་དྲེད་མོང་ཡོད་རབས་དང་མཐོང་རབས་ཤོད་མཁན་མང་པོ་ཞིག་གི་དྲེད་མོང་དང་དོམ་རིགས་འདྲ་མིན་བར་ངོ་ཐག་མི་ཆོད་པའི་རྐྱེན་གྱིས་གོ་ནོར་ཐེབས་པའང་ཡོང་གི་ཡོད།

Post a Comment

Previous Post Next Post