ཉེ་དུས་དབྱིན་ཡུལ་གྱི་ཚན་རིག་པ་འགས་སེམས་ནད་ཀྱི་དཀའ་ངལ་དང་དེའི་བཅོས་ཐབས་ཆེད་ལོ་རེའི་འགྲོ་གྲོན་སྐོར་ཉམས་ཞིབ་ཅིག་བྱས་པ་དང་ཁོང་ཚོས་སྙན་ཐོའི་ནང་བཤད་དོན་ལྟར་ན། དུས་ཐོག་ཉམས་ཞིབ་དང་ཐབས་ལམ་གསར་གཏོད་མ་ཐུབ་ཚེ་མི་རིང་བར་སེམས་ངལ་དང་དྲན་ཉམས་སོགས་སེམས་ནད་ཀྱི་དཀའ་ངལ་སྟངས་འཛིན་མི་ཐུབ་པ་འགྱུར་རྒྱུ་ཡིན་ལུགས་བཤད་ཡོད། སེམས་ནད་བཅོས་ཐབས་ཆེད་དབྱིན་ཡུལ་ཁོ་ནས་ལོ་རེར་ཨ་སྒོར་ཐེར་འབུལ་བརྒྱ་དང་བདུན་ཅུ་ལྷག་གཏོང་གི་ཡོད་ནའང་བཅོས་ཐབས་ཡར་རྒྱས་ཆེད་ཉམས་ཞིབ་ཀྱི་མ་དངུལ་ཉུང་ངུ་ལས་གཏོང་གི་མེད་པ་བཤད་ཡོད།

ཁོང་ཚོའི་ཟེར་དོན་ལྟར་ན། སེམས་ནད་བཅོས་ཐབས་ལས་འགྲོ་གྲོན་ཆེ་བའི་ནད་གཞི་ཞིག་འཛམ་གླིང་ཐོག་མེད་པ་མ་ཟད་མི་འབོར་མང་ཤོས་ལ་ཁྱབ་ཆེ་ཤོས་ཡིན་པའི་ནད་གཞི་ཡང་སེམས་ནད་རིགས་ཆགས་ཡོད། ཁོང་ཚོའི་རོབ་ཚོད་བྱས་པ་ལྟར་ན་འཛམ་གླིང་ནང་ནར་སོན་པའི་མི་འབོར་ཁྲོད་གསུམ་ཆ་གཅིག་ལ་རིམ་པ་འདྲ་མིན་གྱི་སེམས་ནད་ཡོད་པ་དང་། ལྷག་པར་དུ་ལོ་ན་རྒན་པའི་ནང་ཚད་གཞི་དེ་བས་མཐོ་བ་བཤད་ཡོད། སྤྱི་ལོ་ ༢༠༡༠ ལོར་དབྱིན་ཡུལ་ཁོ་ནའི་ནང་སེམས་ནད་ཅན་གྱི་ནད་པ་ས་ཡ་བཞི་བཅུ་ཞེ་ལྔ་ཙམ་ཡོད་པ་དང་། དེ་དག་ཁྲོད་གཙོ་བོ་སེམས་རྒོད་པ། ཡིད་མུག དེ་བཞིན་མཐའ་གཉིས་འཁྲུག་སྐྱོན་སོགས་ཀྱི་སེམས་ནད་ཁག་ཆགས་ཡོད། སྤྱིར་སྨན་རིན་དང་གསོ་ཐབས། དེ་བཞིན་ནད་པ་རང་ཉིད་དང་ནད་གཡོག་བཅས་ཀྱི་དུས་ཚོད་བཅས་ལ་བསམ་ན་འགྲོ་གྲོན་ཆེ་ཤོས་ཡིན་པའི་ནད་གཞི་ཕལ་ཆེ་བ་སེམས་ནད་རིགས་ཆགས་ཡོད།

སྤྱི་ལོ་ ༢༠༡༡ ལོར་ཉམས་ཞིབ་སྙན་ཐོ་ཞིག་གི་ནང་ཡོ་རོབ་གླིང་ཆེན་ནང་ལོ་དེའི་སེམས་ནད་བཅོས་ཐབས་ཆེད་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་ཙམ་བཏང་ཡོད། འོན་ཀྱང་སྨན་གྱི་བཟོ་གྲྭ་སྒེར་བདག་ཅན་མང་པོ་ཞིག་གིས་སེམས་ནད་བཅོས་ཐབས་གོང་འཕེལ་ཆེད་ཉམས་ཞིབ་ཀྱི་མ་དངུལ་མཚམས་འཇོག་བྱེད་བཞིན་ཡོད་པ་དང་། དེ་ཡང་ཉམས་ཞིབ་ཀྱི་གོམ་པ་ཚད་ཅན་ལས་སྤོ་མ་ཐུབ་པས་ཁེ་འབབ་ཉུང་ངུ་ལས་ཡོང་ཁུངས་མེད་པས་ཡིན་འདུག དེ་བཞིན་གཞུང་ཕྱོགས་ནས་ཀྱང་དོ་སྣང་དེ་ཙམ་མེད་པ་དང་སེམས་ནད་ཉམས་ཞིབ་ཆེད་མ་དངུལ་ཉུང་ངུ་ལས་གཏོང་གི་མེད། དཔེར་ན། དབྱིན་ཡུལ་ནང་སྐྲན་ནད་ཉམས་ཞིབ་ཆེད་ལོ་རེར་ཨ་སྒོར་ས་ཡ་དྲུག་བརྒྱ་ཙམ་གཏོང་གི་ཡོད་ནའང་སེམས་ནད་ཉམས་ཞིབ་ཆེད་ཨ་སྒོར་ས་ཡ་ལྔ་བཅུ་ལས་གཏོང་གི་མེད་པས་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད།

སེམས་ཁམས་སྨན་པ་དང་ཚན་རིག་པ་ཚོས་སེམས་ནད་བཅོས་ཐབས་ལེགས་བཅོས་ཆེད་ཉམས་ཞིབ་ཀྱི་མ་དངུལ་མང་ཙམ་དགོས་པ་དང་གཞུང་སྒེར་གཉིས་ཀྱི་ངོས་ནས་ནད་གཞི་འདིའི་གཞི་རྒྱ་དང་ཉེན་ཚབ་ངོས་ཟིན་ཐུབ་དགོས་པའི་རེ་བ་དང་འབོད་སྐུལ་བྱེད་བཞིན་ཡོད།

Post a Comment

Previous Post Next Post