ད་ཆ་རྒྱ་གར་ཡོངས་ལ་སྟག་ ༡༤༡༡ ཙམ་ལས་མེད།
 སྤྱིར་འཛམ་གླིང་སྤྱིའི་སྟག་གི་སྡོམ་འབོར་ལས་བརྒྱ་ཆ་ལྔ་བཅུ་ལྷག་རྒྱ་གར་ནང་འཚོ་སྡོད་བྱེད་ཀྱི་ཡོད་ཀྱང་རྒྱ་གར་གྱི་མི་འབོར་འཕེལ་རྒྱས་བྱུང་བ་དང་ལྷན་དུ་སྟག་གི་འཚོ་གནས་ལའང་ཉེན་ཁའི་གནས་སུ་ལྷུང་ཡོད། ད་ལྟའི་ཆར་རྒྱ་གར་ནང་མི་འབོར་ཐེར་འབུམ་གཅིག་ལྷག་ཡོད་པ་དང་མུ་མཐུད་འཕེལ་རྒྱས་འགྲོ་བཞིན་པར་བརྟེན་སྟག་གཙོས་པའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལའང་དེ་མཚུངས་ཀྱི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད། སྟག་གནས་སྡོད་བྱེད་སའི་ནགས་ཚལ་མང་དག་ཅིག་ད་ཆ་མིས་བཙན་འཛུལ་བྱས་ཟིན། རྒྱལ་སྤྱི་དང་རྒྱལ་ནང་ཡོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་སྟག་ལ་སོགས་པའི་སྟོང་ལ་ཉེ་བའི་རི་དྭགས་ཚོར་སྲུང་སྐྱོབ་བྱེད་ཐབས་བྱེད་བཞིན་ཡོད། ཚོད་དཔག་ལྟར་བྱས་ན་ལོ་ངོ་བརྒྱའི་སྔོན་དུ་རྒྱ་གར་ནང་སྟག་ཁྲི་བཞི་ལྷག་ཡོད་ཀྱང་ད་ཆ་སྟོང་གཅིག་ཙམ་ལས་ལྷག་མེད། སྟག་གི་སྙིང་སྟོབས་དང་ལུས་རྩལ་རྒྱུ་མཚན་དུ་བྱས་ནས་སྟག་གི་ཐོན་སྐྱེད་རྣམས་སྔ་དུས་ནས་མིའི་གོམས་སྲོལ་ནང་བེད་སྤྱོད་རྒྱུན་འཇགས་སུ་གྱུར། སྔར་རྒྱ་གར་གྱི་སྲོལ་རྒྱུན་གོམས་གཤིས་ནང་སྟག་གི་ཐོན་སྐྱེད་བེད་སྤྱོད་བྱས་ཡོད་པ་དཔེར་ན། ལྷ་དབང་ཕྱུག་གི་སྟག་ལྤགས་གྱོན་པ་དང་ལྷ་མོ་དུརྒས་སྟག་བཞོན་རྟར་བྱས་པ་སོགས་མང་དག་མཐོང་རྒྱུ་ཡོད། དེ་བཞིན་གནའ་བོའི་རྒྱ་གར་གྱི་རྒྱལ་པོ་ཚོས་སྟག་གཟིག་སོགས་བསད་ནས་རང་གི་ཆེ་འདོད་བྱེད་པ་དང་དེ་ནས་བཟུང་གོམས་གཤིས་ངན་པ་རྒྱུན་འཇགས་སུ་ཕྱིན་ནས་ད་བར་སྟག་གཟིག་གསོད་པའི་ལམ་ལུགས་རྒྱུན་ཆད་མེད་པར་མ་ཟད། ཉེ་དུས་ནང་མཚོན་ཆའི་རིགས་ཡར་རྒྱས་ཕྱིན་པ་དང་ལྷན་དུ་སྟག་གཟིག་བརྒྱ་ཕྲག་མང་པོ་བདེ་རླག་ངང་གསོད་ཐུབ། མི་རིང་སྔོན་ཙམ་དུ་སྲིད་ཇུས་འགྱུར་བ་ཕྱིན་པ་མ་གཏོགས་རྒྱ་གར་གཞུང་ནས་ཀྱང་སྟག་གཟིག་རྣམས་མིར་གནོད་འཚེ་ཆེ་བར་མཐོང་ནས་གསོད་མཁན་ལ་བྱ་དགའ་སྤྲད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

རྒྱ་གར་ནང་གི་འཛམ་གླིང་རི་དྭགས་ཐེབས་རྩའི་འགན་འཛིན་སྐུ་ཞབས་སེན་ལགས་ཀྱིས། ངའི་མི་ཚེའི་ནང་སྟག་གཅིག་གསོད་པར་ཧིན་སྒོར་ཉི་ཤུ་བྱ་དགའ་སྤྲོད་པ་མཐོང་མྱོང་ཡོད། ཅེས་ཟེར། དུས་རབས་ཉི་ཤུའི་འགོ་སྟོད་དུ་རྒྱ་གར་ནང་ཕྱི་རྒྱལ་གྱི་འགྲུལ་མི་ཕལ་ཆེ་བ་རྒྱ་གར་ནང་སྟག་རྔོན་དུ་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༡༩༦༠ ཙམ་གྱི་ནང་ནས་བཟུང་རྔོན་པ་ཚོར་སྟག་ཤིན་ཏུ་དཀོན་པར་གྱུར་པའི་ཚོར་སྣང་བྱུང་བ་དང་སྐབས་དེར་ཉམས་ཞིབ་བྱས་པའི་རྒྱུད་རྒྱ་གར་ནང་སྟག་ཉིས་སྟོང་ཙམ་ལས་མེད་པར་གྱུར་ལུགས་བཤད་ཡོད། ད་ཆ་རྒྱ་གར་ནང་སྟག་ཆིག་སྟོང་ཙམ་ལས་ལྷག་མེད་ལུགས་བཤད་ཀྱི་ཡོད། སྲོག་ཆགས་འདི་ནི་ཁོར་ཡུག་ནང་ཟས་ཀྱི་རྒྱུད་རིམ་(food chain) ཁྲོད་ཆེས་རྩེ་མོར་ཡོད་པ་ཞིག་དང་། གལ་ཏེ་སྟག་དང་གཅན་གཟན་རྣམས་མེད་ན་ཤྭ་བ་སོགས་རྩྭ་གཟན་གྱི་སེམས་ཅན་རྣམས་ཚད་ལས་བརྒལ་བའི་འཕེལ་རྒྱས་བྱུང་ནས་རྩྭ་ས་བྱེ་ཐང་དུ་འགྱུར་བ་སོགས་ཁོར་ཡུག་ལ་གནོད་པ་དང་ཟས་ཀྱི་རྒྱུད་རིམ་ལ་དཀྲོག་རྐྱེན་འབྱུང་བ་སོགས་བྱེད་ཀྱི་རེད། དེ་མིན་སྟག་སོགས་གཅན་གཟན་སྟོང་འགྲོ་བའི་གནས་ཚུལ་འདིས་འགྲོ་བ་མིས་སྡུག་སྤྱོད་ཀྱི་དཔང་རྟགས་མཚོན་པ་དང་ངོ་ཚ་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད། སྟག་ནི་ཧ་ཅང་གི་མཛེས་སྡུག་ལྡན་ལ་ཡིད་དབང་འཕྲོག་པ་ཞིག་སྟེ་མཐོང་བ་ཙམ་གྱིས་གཞན་ཡིད་འགུག་པ་དང་གཟི་བརྗིད་ཆེ་བ་ཞིག་ཡིན།

ཕྱིས་སུ་རྒྱ་གར་ནང་སྲོག་ཆགས་འདིའི་གལ་འགངས་ཤེས་ཚོར་བྱུང་ནས་ཕྱི་ལོ་ ༡༩༧༣ ལོར་སྟག་གི་ལས་འཆར་ཞེས་པ་འགོ་འཛུགས་བྱས་ཡོད། ལས་གཞི་འདི་ནི་སྟག་སྲུང་སྐྱོབ་ཆེད་ཡིན་པས་ཁོང་ཚོའི་ཆེད་དམིགས་བཀར་གྱི་ས་རྒྱ་ཆེ་བའི་ནགས་གསེབ་ཟུར་འཇོག་གི་ཐོག་ནས་ཁོང་ཚོར་གསོ་སྐྱོང་དང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་ད་ཆ་རྒྱ་གར་ནང་སྟག་གི་སྐྱེད་ཚལ་ཉི་ཤུ་རྩ་བདུན་ཙམ་ཡོད། འོན་ཀྱང་བསྟི་གནས་འདི་དག་སྲུང་སྐྱོབ་བྱེད་མཁན་གྱི་ལས་བྱེད་ཉུང་བ་དང་ཁོང་ཚོའི་ཐུན་རྐྱེན་ཞན་པ། དེ་བཞིན་རྒྱུ་ནོར་གྱི་འདོད་རྔམས་ཀྱི་ཀུན་ནས་བསླངས་ཏེ་ཕྱི་མི་དང་ལག་འབྲེལ་རྒྱུད་སྟག་རྣམས་ལྐོག་གསོད་རྒྱུན་དུ་ཡོང་གི་ཡོད་པས་སྟག་གི་གྲངས་འབོར་མུ་མཐུད་ཉུང་དུ་འགྲོ་བཞིན་ཡོད། སྟག་གི་སྤགས་པ་དང་རུས་པ་སོགས་རྒྱལ་སྤྱིའི་ནག་ཚོང་གི་ཁྲོམ་རའི་ནང་རིན་གོང་ཆེན་པོ་ཐོབ་ཀྱི་ཡོད་པ་དང་ཉེ་དུས་བར་ནག་ཚོང་གི་ཁྲོམ་ར་ཆེ་ཤོས་ཤིག་ནི་བོད་ཡུལ་ཆགས་ཡོད། །

Post a Comment

Previous Post Next Post