ལྗང་ཁང་རླུང་རྫས་ཀྱི་རིམ་པ་འཕེལ་རིམ་བཞིན་གོ་ལའི་ཚ་ཚད་མཐོ་རུ་འགྲོ་བཞིན་པ་དང་དུས་མཚུངས་ས་དང་རླུང་ཁམས་ཀྱི་སྐམ་རློན་དང་ཆར་ཆུའི་བབས་ཚད་བཅས་ལ་ཡང་འགྱུར་བ་འགྲོ་བཞིན་ཡོད། ཁོར་ཡུག་ནང་དེ་ལྟ་བུའི་དཀྲོག་རྐྱེན་བྱུང་བ་ལ་བརྟེན་ནས་རྩི་ཤིང་གི་སྐྱེ་འཕེལ་ལ་ཡང་འགྱུར་བ་འགྲོ་བཞིན་པ་དང་། ཨ་རིའི་ཉམས་ཞིབ་བསྟི་གནས་ཁག་གིས་ཤེས་རྟོགས་བྱུང་བར་གཞིགས་ན། གོ་ལའི་ཚ་ཚད་མཐོ་རུ་ཕྱིན་པ་ལ་བརྟེན་ནས་རྩི་ཤིང་སྐྱེ་འཕེལ་གྱི་དུས་ཡུན་རིང་དུ་ཕྱིན་པ་དང་ནག་རྫས་སྲོག་རླུང་གི་ཚད་གཞི་མཐོ་རུ་ཕྱིན་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་རྩི་ཤིང་གི་འཕེལ་རྒྱས་མྱུར་དུ་ཡོང་བཞིན་པ་མ་ཟད་བོད་སོགས་ས་མཐོའི་ཁུལ་དུ་རྩི་ཤིང་སྐྱེ་བའི་ས་བབས་མཐོ་རུ་འགྲོ་བཞིན་་ཡོད། མཐོ་སྒང་ཁུལ་དུ་གནས་ཚུལ་འདི་གཏམ་བཟང་ཞིག་ཡིན་ཡང་རླེན་གཤེར་གྱི་ཁུལ་དུ་འཚོ་བའི་སྲོག་ཆགས་རིགས་ལ་དཀའ་ངལ་འཕར་མ་ཞིག་ཆགས་ཡོད། ཚ་འགྱུར་གྱི་རྐྱེན་པས་རླེན་གཤེར་ཅན་གྱི་ས་གཞི་དེ་དག་ནམ་དུས་འགའ་ཞིག་ཏུ་སྐམ་སར་འགྱུར་འགྲོ་བས་དེར་གཏན་གཞི་བྱས་པའི་འདབ་ཆགས་དང་འབུ་སྲིན་སོགས་འཚོ་གནས་མི་ཐུབ་པར་ས་ཕྱོགས་གཞན་དུ་གནས་སྤོ་དགོས་པའམ་དེ་ལྟར་མ་ཐུབ་ཚེ་འཆི་སྐྱོན་ཡོང་གི་ཡོད། ཉམས་ཞིབ་པས་བཤད་པ་ལྟར་བྱས་ན། ཨ་རིའི་བྱང་ཕྱོགས་དང་ཁེ་ན་ཌའི་ནང་ཡོད་པའི་རླེན་གཤེར་ཅན་གྱི་ས་ཁྱོན་དེ་དག་བྱ་རིགས་དང་ས་ཆུ་གཉིས་ཀར་གནས་པའི་སྲོག་ཆགས་རིགས་ཤིན་ཏུ་མང་བའི་གནས་ས་ཡིན་པ་དང་ཁུལ་དེའི་དྲོད་ཚད་ཌིག་རི་བཞི་ལྷག་འཕར་སྣོན་བྱུང་ཚེ་རྒྱ་ཁྱོན་ཆེ་བའི་རླེན་གཤེར་གྱི་ས་ཆ་དེ་དག་སྐམ་སར་འགྱུར་བ་དང་སྲོག་ཆགས་དེ་རིགས་ཀྱི་རྟེན་གཞི་རྩ་མེད་འགྲོ་རྒྱུ་ཡིན་འདུག

Post a Comment

Previous Post Next Post