རྒྱལ་སྤྱིའི་གློ་བའི་སྐྲན་ནད་ལ་དོ་ཁུར་བྱེད་མཁན་གྱི་ཆེད་མཁས་པས་བསྟན་དོན་ལ། དུ་བ་འཐེན་པ་ནི་གློ་སྐྲན་གྱི་རྒྱུ་རྐྱེན་གཙོ་བོ་རེད་ཟེར།

༢༠༠༩ལོའི་ཟླ༡༡ནི་རྒྱལ་སྤྱིའི་གློ་བའི་འབྲས་སྐྲན་ལ་དོ་ཁུར་བྱེད་པའི་ཟླ་བ་ཡིན་ལ་གློ་འབྲས་བརྟག་དཔྱད་བསྟི་གནས་ཀྱིས་བསྟན་དོན། ཆེད་ལས་མི་ནས་ཞིབ་འཇུག་རིམ་པར་བྱས་པའི་གྲུབ་འབྲས་ལྟར་བྱས་ན། དུ་བ་འཐེན་པ་ནི་གློ་སྐྲན་ནད་གཞིའི་རྒྱུ་རྐྱེན་གཙོ་བོ་ཡིན་ཏེ་གློ་སྐྲན་གྱིས་འཆི་བའི་ནད་པ་བརྒྱ་ཆའི་གྱ་བདུན་ནི་དུ་བ་འཐེན་པ་ལས་བྱུང་ཡོད་པས་གློ་སྐྲན་གྱི་ནད་གཞི་སྔོན་འགོག་བྱེད་ན་དུ་བ་གཅོད་པ་ནས་མགོ་བརྩམ་དགོས།
ཞིབ་འཇུག་ཚན་པ་ཁག་གིས་གསལ་བསྒྲགས་བྱས་པ་ལྟར་ན། སྤྱི་ལོ་ཉིས་སྟོང་དྲུག་ལོར་འཛམ་གླིང་ཡོངས་ལ་གསར་བྱུང་གློ་སྐྲན་གྱི་ནད་པ་ཁྲི་བརྒྱ་དང་སུམ་ཅུ་ཡོད་ལ་ཤི་ཚད་ཁྲི་བརྒྱ་དང་ཉི་ཤུ་ཙམ་ཆགས་ཡོད། དེའི་ཁྲོད་ནས་རྒྱ་ནག་ནང་གློ་སྐྲན་གྱིས་ཤི་བའི་མི་གྲངས་ཁྲི་དྲུག་ཅུར་ཉེ་བ་དང་ལོ་བཅུའི་སྔོན་དང་བསྡུར་ན་རྒྱ་ནག་གི་སྐྱེས་པ་དང་བུད་མེད་ཀྱི་གློ་བའི་སྐྲན་ནད་བྱུང་ཚད་དང་དེས་ཤི་ཚད་ཇེ་མང་དུ་འགྲོ་བཞིན་ཡོད། དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་པར་གློ་སྐྲན་གྱིས་རྒྱ་ནག་ནང་ནད་པ་ཤི་ཚད་དེ་སྐྲན་ནད་སྤྱིའི་ཤི་ཚད་ལས་ཨང་བཞི་བ་ཟིན་ཡོད་པ་དང་། ལོ་རབས་དགུ་བཅུ་བའི་ནང་གློ་སྐྲན་གྱི་ཤི་ཚད་དེ་ཨང་གསུམ་པར་སླེབས་པ་མ་ཟད། དུས་རབས་ཉེར་གཅིག་ཟིན་མཚམས་གློ་སྐྲན་གྱི་ནད་པ་ཤི་ཚད་དེ་སྐྲན་ནད་སྤྱི་ལས་ཨང་དང་པོར་སླེབས་ཡོད། སྐབས་དེར་མཁས་པས་སྔོན་དཔག་བྱས་པར་གཞིགས་ན་སྤྱི་ལོ་ཉིས་སྟོང་ཉེར་ལྔའི་མཚམས་སུ་རྒྱ་ནག་ནང་གློ་ནད་ཀྱི་ནད་པ་ཤི་ཚད་དེ་ལོ་རེར་ཁྲི་བརྒྱ་ཟིན་རྒྱུ་ཡིན་པ་བཤད་ཡོད། དུ་བ་འཐེན་པ་ནི་གློ་སྐྲན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་དང་། རྒྱ་ནག་ནང་དུ་བ་འཐེན་མཁན་ཤིན་ཏུ་མང་ཞིང་འཛམ་གླིང་གི་དུ་བ་འཐེན་མཁན་དུང་ཕྱུར་བཅུ་གཅིག་ལས་དུང་ཕྱུར་གསུམ་དང་གྲངས་ཆུང་ལྔ་རྒྱ་ནག་ནང་དུ་ཡོད་པས། འཛམ་གླིང་གི་དུ་བ་འཐེན་མཁན་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན། དེས་ན། ཐ་མག་འཐེན་པ་སོགས་མི་ལེགས་པའི་འཚོ་བ་རོལ་སྟངས་བཅོས་བསྒྱུར་བྱེད་པ་གཙོ་གནད་དུ་འཛིན་དགོས་པར་མ་ཟད། སྨན་བཅོས་མི་སྣས་དུ་བ་མི་འཐེན་པ་དང་སྤྱི་བའི་ཚོགས་ར་ནས་དུ་བ་མི་འཐེན་པའི་སྣེ་ཁྲིད་བྱེད་དགོས།

ཆེད་ལས་སྨན་པས་བཤད་པ་ལྟར་ན། གློ་སྐྲན་ལ་ཐོག་མར་ནད་རྟགས་ཆེར་མི་མངོན་ཞིང་ནད་པ་བརྒྱ་ཆའི་བརྒྱད་ཅུའི་ཡན་ལ་ནད་གཞི་ངོས་འཛིན་བྱུང་མཚམས་གློ་སྐྲན་གྱི་ཆེས་མཐའ་མཇུག་ཏུ་སླེབས་ཡོད་པ་དང་སྨན་བཅོས་ཀྱི་ཕན་ཐོགས་དེ་ཙམ་ཡོང་གི་མེད། ནད་ངོ་ཇི་ཙམ་གྱི་སྔ་བ་ཟིན་ཐུབ་པ་དེ་ཙམ་གྱིས་ནད་བཅོས་སླ་བ་དང་ཕན་ནུས་ཆེ་བ་ཡོང་གི་ཡོད། འོན་ཀྱང་ད་བར་གློ་སྐྲན་གྱི་བརྟག་ཐབས་ཆ་ཚང་བ་ཞིག་མེད་པ་དང་འདས་པའི་དུས་རབས་ཕྱེད་ལྷག་གི་གོང་ནས་ད་བར་ལུད་པའི་ཕྲ་ཕུང་ལ་དཔྱད་ཞིབ་དང་གློག་པར་གྱི་བརྟག་ཐབས་བཅས་ལ་བསྟེན་གྱི་ཡོད། གློག་པར་ཡང་རིགས་མི་འདྲ་བ་འགའ་ཞིག་ཡོད་པ་ལས་xཟེར་འཕྲོ་སྤྱད་ནས་བླངས་པའི་གློག་པར་དང་CTགློག་པར་སོགས་ཡོད་པ་ལས་ཁོག་སྟོད་རྒྱབ་མདུན་དང་གཡས་གཡོན་ཆ་ཚང་ནས་པར་ལེན་བྱས་ནས་བལྟ་ཞིབ་བྱེད་དགོས།

གློ་སྐྲན་གྱི་ནད་རྟགས་ནི་དབུགས་འཚང་བ། གློ་རྒྱག་པ། ལུད་པའི་ནང་ཁྲག་འཐོན་པ། བྲང་ཁོག་ན་བ། ཤ་ཤོར་བ། ཐང་ཆད་པ། ཟས་ཀྱི་དང་ག་མེད་པ། ཁ་ཟས་མིད་དཀའ་བ་བཅས་ཡོང་གི་ཡོད། སྤྱིར་ནད་རྟགས་འདི་རིགས་གང་རུང་ཞིག་ཡོད་པ་ཙམ་གྱིས་གློ་སྐྲན་ཡོད་པའམ་འགྱུར་བཞིན་པས་མ་ཁྱབ་ཀྱང། ནད་རྟགས་འདི་རིགས་བྱུང་མཚམས་སྔ་ས་ནས་སྨན་ཁང་ཚད་འྡན་ཞིག་གི་ནང་བརྟག་དཔྱད་བྱེད་རྒྱུ་གལ་གནད་ཆེན་པོ་ཆགས་ཡོད།
གློ་སྐྲན་མི་ཡོང་བའི་སྔོན་འགོག་གཙོ་བོ་ནི་གློ་སྐྲན་སྐྱེ་བའི་རྒྱུ་རྐྱེན་གཙོ་བོ་དེ་མེད་པ་བཟོ་དགོས་པ་བཞིན་ཐ་མག་འཐེན་རྒྱུ་སྤྱི་སྒེར་མཉམ་རུབ་ཀྱི་ཐོག་ནས་འགོག་ཐབས་བྱེད་དགོས། དེ་ཡང་གཞུང་ཕྱོགས་ནས་སྤྱི་སྤྱོད་རླངས་འཁོར་དང་མི་དམངས་འདུ་འཛོམས་བྱེད་ས་བཅས་སུ་ཐ་མག་འཐེན་མི་ཆོག་པའི་ཁྲིམས་གཞི་ངེས་ཏན་དགོས་པ་དང་སྐོར་སྲུང་བ་སོགས་འབྲེལ་ཡོད་ཁྲིམས་སྲུང་མི་སྣས་གཞུང་དང་ཁྲིམས་ཀྱི་ལམ་སྟོན་བཞིན་འཛིན་སྐྱོང་ལག་བསྟར་བྱེད་དགོས་པ་དང་། མི་དམངས་ཚོས་ཀྱང་རང་དོན་རང་གཅེས་ཀྱི་ཐོག་ནས་ཐ་མག་འཐེན་རྒྱུ་ཉུང་དུ་གཏོང་བའམ་རྩ་བ་ནས་སྤང་པ་བཅས་ཀྱི་འབད་བརྩོན་བྱེད་དགོས།

བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོའི་ཁྲོད་དུ་ཡང་ཐ་མག་གིས་རྒྱུ་རྐྱེན་གཙོ་བོར་བྱས་པའི་ཐོག་ནས་གློ་སྐྲན་ཕོག་ནས་འཆི་སྐྱོན་ཤོར་བཞིན་པ་མང་དག་ཅིག་ཡོང་གི་ཡོད།

Post a Comment

Previous Post Next Post