ཉེ་དུས་ནས་བཟུང་ཨི་རག་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཕྷ་ལུ་ཇ་ཞེས་པ་དེའི་ནང་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་ཤིན་ཏུ་མང་པོ་འབྱུང་བཞིན་ཡོད་པ་དང། ས་གནས་དེའི་ཕ་མ་དང་སྨན་པ་ཚོས་རྐྱེན་ངན་དེ་དག་གི་ཡོང་རྐྱེན་ཨ་རིར་ཐུག་ཡོད་པའི་ཁག་དཀྲི་བྱེད་བཞིན་ཡོད། དེ་ཡང་གྲོང་ཁྱེར་འདི་ནི་དེ་སྔོན་ ༢༠༠༤ ལོར་ཨ་རིའི་དམག་དང་དྲག་སྤྱོད་པའི་བར་འཐབ་རྒོལ་དྲག་པོ་བྱེད་ས་ཞིག་དང་། སྐབས་དེར་ཨ་རིའི་དམག་གིས་རྣམ་པ་མི་འདྲ་བའི་མཚོན་ཆ་མང་པོ་བེད་སྤྱོད་བྱས་ཡོད་པ་རེད།

འོན་ཀྱང་ད་བར་སྒེར་དང་གཞུང་གང་གི་ཐོག་ནས་ཀྱང་གནས་ཚུལ་དེ་གཉིས་བར་འབྲེལ་བ་དངོས་སུ་ཡོད་མིན་ཉམས་ཞིབ་གང་ཡང་བྱས་མེད་པར་མ་ཟད་ཨི་རག་གཞུང་ནས་ཀྱང་དེའི་ཐད་འགྲེལ་བརྗོད་གང་ཡང་བྱས་མེད། དེ་ནི་ཨི་རག་གཞུང་ནས་ཨ་རིའི་གཞུང་ལ་གནས་ཚུལ་གང་གི་འོག་ཏུ་ཡང་ཕོག་ཐུག་གཏོང་འདོད་མེད་པ་དེ་ཡིན། འོན་ཀྱང་ཡུལ་དེའི་ས་གནས་མི་དམངས་སྨན་ཁང་གི་སྨན་པ་ཞིག་གིས་བརྗོད་པར་གཞིགས་ན། དམག་མ་བྱུང་བའི་སྔོན་གྱི་སྐབས་དང་དམག་བྱུང་བའི་རྗེས་ཏེ། ༢༠༠༤ རྗེས་ཀྱི་བར་ནད་སྐྱོན་ཅན་གྱི་ཕྲུ་གུའི་སྐྱེ་ཚད་ལ་མཉམ་བསྡུར་བྱེད་སྐབས་འགྱུར་བ་ཤིན་ཏུ་ཆེན་པོ་མཐོང་ལུགས་བཤད་ཡོད། དེ་ཡང་ཁོང་གིས། ཕྱི་ལོ་ ༢༠༠༣ སྔོན་དུ་ནད་སྐྱོན་ཅན་གྱི་ཕྲུ་གུའི་སྐྱེ་ཚད་དེ་ཟླ་བ་གཉིས་རེའི་མཚམས་སུ་གཅིག་ཙམ་ཡིན་ནའང་ད་ཆ་ཉིན་ལྟར་མ་ཟད་སྐབས་རེ་ཉིན་རེར་གཉིས་གསུམ་མཐོང་རྒྱུ་ཡོད་པ་བཤད་འདུག ཕྲུ་གུ་སྟོང་གཅིག་གི་ནང་ནད་སྐྱོན་ཅན་༩༥ཡོང་བཞིན་ཡོད་པ་དང་། དེ་ནི་ཡོ་རོབ་དང་བསྡུར་ན་བརྡབ་༡༣ལྷག་གི་ཆེ་བ་ཡོད། ཕྲུ་གུ་དེ་དག་ཕལ་ཆེ་བ་སྙིང་ནད་ཡོད་པ་དང་དབང་པོ་མི་ཚང་བ། རྐང་ལག་དང་རྒལ་ཚིག་སོགས་གུག་པ་བཅས་ཡོང་གི་ཡོད། སྨན་པ་དེས་མུ་མཐུད་གསུངས་པར། ངས་ཕྲུ་གུ་མིག་དཔྲལ་བར་ཡོད་པ་དང་སྣ་དཔྲལ་བར་ཡོད་པ་སོགས་མཐོང་བྱུང་ཞེས་ཟེར། དེ་བཞིན་རྐང་ལག་སོགས་དབང་པོ་མི་ཚང་བ་དང་རྐང་ལག་རེ་རེར་མཛུབ་མོ་དྲུག་བདུན་ཡོད་པ་དེ་འདྲའང་ཡོང་བཞིན་ཡོད་འདུག།སྐྱོན་བརྗོད་མཁན་ཚོས་བཤད་བཞིན་པ་ནི་གནས་ཚུལ་འདི་རིགས་ཨ་རིའི་དམག་གིས་རྫས་རིགས་འདྲ་མིན་ལས་གྲུབ་པའི་མཚོན་ཆ་ཤིན་ཏུ་མང་པོ་བེད་སྤྱོད་བཏང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལུགས་བཤད་བཞིན་ཡོད།

གྲོང་ཁྱེར་ཕྷ་ལུ་ཇ་འདི་ནི་ཨི་རག་གི་རྒྱལ་ས་བྷག་རྡཐ་གི་བྱང་ཕྱོགས་སུ་ལེ་བར་བཞི་བཅུའི་སར་ཡོད་པ་དང་འགྲོ་ལམ་སོགས་ལེགས་པོ་མེད་པའི་འབྲེལ་མཐུད་བྱེད་རྒྱུ་ཤིན་ཏུ་དཀའ་མོ་ཡོད་འདུག

Post a Comment

Previous Post Next Post