སྤེལ་མཁན། : tsenrig 12/01/2008



༄།།ཟླ་བ་བཅུ་པའི་ཚེས་བཅུ་བདུན་ཉིན་རྒྱ་གར་རྒྱལ་གཞུང་མཁའ་སྐྱོད་ལྷན་ཁང་ནས་ཟླ་བའི་ཐོག་བཏང་གནང་མཛད་པའི་མེ་ཤུགས་འཕུར་མདའ་འམ་མཁའ་གྲུ་དེ་ནི་ཟླ་བའི་ཐོག་སྐྱོད་མཁན་རྒྱ་གར་གྱི་མཁའ་གྲུ་ཐོག་མ་དེ་ཆགས་ཡོད། གནམ་གྲུ་དེ་བཞིན་ལེ་བར་ཁྲི་སྟོང་མང་པོར་རྒྱང་སྐྱོད་ཀྱིས་མཐར་སྤྱི་ཟླ་བཅིུག་པའི་ཚེས་བརྒྱད་ཉིན་ཟླ་བའི་འཁོར་ལམ་ཐོག་ཞུགས་ཐུབ་པ་བྱུང་། སྤྱིར་ད་ལྟའི་མཁའ་གྲུ་དེར་སྡེ་ཚན་ནམ་ཆ་ཤས་གཉིས་ཡོད་པ་ལས་གཅིག་ཟླ་བའི་སྟེང་མཐོ་ཚད་ཀི་ལོ་མི་ཊར་ལྔ་བརྒྱའི་ཐོག་ཟླ་བར་སྐོར་བ་བྱེད་བཞིན་བསྡད་ཡོད་པ་དང། གཞན་དེ་ཟླ་བའི་སྟེང་མར་བབས་ཡོད། རྒྱ་གར་ནི་ད་བར་ཟླ་བའི་ཐོག་མེ་ཤུགས་འཕུར་མདའམ་མཁའ་གྲུ་གཏོང་མཁན་གྱི་རྒྱལ་ཁབ་ལྔ་པ་དེ་ཆགས་ཡོད། སྔོན་ཆད་ཨ་རི་དང་ཨུ་རུ་སུ། ཡོ་རོབ་མཐུན་ཚོགས་དང་ཉི་ཧོང་། དེ་བཞིན་རྒྱ་ནག་བཅས་ཀྱིས་ཀྱང་ཟླ་བའི་སྟེང་མཁའ་གྲུ་བཏང་ཟིན། ད་ཆ་རྒྱ་གར་གྱི་མཁའ་གྲུ་ཡང་ཟླ་བའི་ཐོག་སླེབས་ཐུབ་ཡོད་པས་བྱུང་རྐྱེན་འདིའི་ཐོག་ནས་རྒྱ་གར་ཡང་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་པའི་གསལ་བརྡ་བཏང་ཡོད། ས་ཐོག་ཏུ་བབས་པའི་འཕྲུལ་ཆས་ཆ་དེར་བརྙན་འཕྲིན་ཡོ་ཆས་ཤིག་དང་མཐོ་ཚད་འཇལ་ཆས་ཤིག། དེ་བཞིན་འོད་རླབས་འཇལ་ཆས་གཅིག་བཅས་ཡོད་པ་དང་། བརྙན་འཕྲིན་ཡོ་ཆས་དེས་མཁའ་གྲུ་ཟླ་བའི་ས་ཐོག་ཏུ་མ་ལྷུང་བར་བརྙན་པར་འདྲ་མིན་ལེན་རྒྱུ་དང་། མཐོ་ཚད་འཇལ་ཆས་དེས་མཁའ་གྲུ་རང་ཉིད་མྱུར་ཚད་ཇི་ཙམ་སྐྱོད་མིན་ཚད་འཇལ་བྱེད་ཐུབ།དེབཞིན་འོད་རླབས་དཔྱད་ཆས་དེས་ཤིན་ཏུ་སྲབ་པའི་ཟླ་བའི་རླུང་ཁམས་ཚད་འཇལ་བྱེད་རྒྱུ་བཅས་ཡིན་འདུག། ཟླ་བའི་འཁོར་ལམ་ཐོག་འཁོར་སྐྱོད་བྱེད་བཞིན་པའི་མཁའ་གྲུའི་ཆ་དེར་ལྗིད་ཚད་ཀི་ལོ་༦༧༥ཡོད་པ་དང་། དེས་འབྱུང་འགྱུར་ལོ་གཉིས་ཀྱི་ནང་ཟླ་བའི་ཕྱི་ངོས་ཀྱི་ས་བཀྲ་ཆ་ཚང་ཞིག་པར་ལེན་གྱིས་གཙོ་བོ་ཟླ་བའི་སྟེང་ཆུ་ཡོད་མིན་ཤེས་ཐབས་བྱེད་རྒྱུ་ཡིན་འདུག། མང་པོ་ཞིག་གིས་ཟླ་བའི་ལྷོ་སྣེ་དང་བྱང་སྣེའི་ཁུལ་དུ་ཆུའི་འཁྱགས་རོམ་ཡོད་པའི་རེ་བ་བྱེད་བཞིན་ཡོད། གནམ་གྲུ་འདིའི་མིང་ལ་ཅནརྡརཡན་ཞེས་བཏགས་ཡོད་པ་དང་དེ་ནི་ལེགས་སྦྱར་སྐད་དུ་ཟླ་བའི་གྲུ་ཞེས་པའི་གོ་དོན་ཡིན། འབྲེལ་ཡོད་རྒྱ་གར་ཚན་རིག་པ་ཚོས་རེ་བའམ་འཆར་གཞི་ལྟར་བྱས་ན་སྤྱི་ལོ་ཉིས་སྟོང་བཅིུག་ལོར་སླར་ཡང་ཅནརྡརཡན་མཁའ་གྲུ་གཉིས་པ་དེ་ཟླ་བའི་ཐོག་གཏོང་རྒྱུ་དང་རིམ་བཞིན་མི་ཡོད་པའི་མཁའ་གྲུ་གཏོང་ཐབས་བྱེད་རྒྱུ་ཡིན་འདུག་ཀྱང་དེར་ད་ཆ་དགོངས་འཁྲོལ་ཐོབ་མེད། འབྲེལ་ཡོད་མི་སྣའི་འབྲེལ་བརྗོད་བྱས་པར་གཞིགས་ན་མཁའ་གྲུས་ཟླ་བ་ནས་ཕྱིར་གཏོང་བྱས་པའི་བརྙན་པར་དེ་དག་ད་ཆ་དཔྱད་ཞིབ་བྱེད་ཁོམ་མ་བྱུང་ཡང་རྗེས་སོར་ག་ལེར་བྱེད་རྒྱུ་ཡིན་ཞེས་བཤད་ཡོད། ད་ལྟའི་ལས་གཞི་འདི་ནི་ཡོང་རྒྱུའི་ལོ་གཉིས་ཀྱི་ལས་འཆར་གྱི་ལག་སྟར་ཐོག་མ་དེ་ཡིན་པ་དང་འབྱུང་འགྱུར་ལོ་གཉིས་ཀྱི་ནང་ཟླ་བའི་ཕྱི་ངོས་སུ་བརྟག་དཔྱད་བྱེད་རྒྱུ་ཙམ་མ་ཟད་ས་འོག་ཏུ་གང་ཡོད་མིན་བརྟག་ཞིབ་བྱེད་རྒྱུའི་དམིགས་ཡུལ་ཡང་ཡོད་པ་རེད། རྒྱ་གར་དབུས་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་སོནིཡ་ གྷན་རྡིས་ད་ལྟའི་གལ་ཆེའི་གྲུབ་འབྲས་འདི་ནི་རྒྱ་གར་གྱི་ལོ་རྒྱུས་ནང་རྗེས་དྲན་འོས་པའི་ལག་རྗེས་ཤིག་ཡིན་ཞེས་འབྲེལ་ཡོད་ཚན་རིག་པ་ཚོར་བསྔགས་བརྗོད་བྱས་ཡོད་པ་རེད། ད་ལྟའི་ལས་གཞི་འདིའི་འགྲོ་སོང་རོབ་རྩིས་བྱས་ན་ཨ་སྒོར་ས་ཡ་བརྒྱད་ཅུ་ལྷག་ཕྱིན་ཡོད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།