སྤེལ་མཁན། : tsenrig 7/31/2008



ད་བར་ང་ཚོའི་ཤེས་ཚོད་ལྟར་བྱས་ན། གཟུགས་དང་སྒྲ་གཉིས་བྱ་རིགས་ལ་གལ་གནད་ཆེ་བའི་ཚོར་བ་གཉིས་ཡིན། འོན་ཀྱང་ད་ཆ་ཚན་རིག་པ་ཁག་གཅིག་གིས་སྔ་མོའི་བྱ་རིགས་ཀྱི་འགྱུར་རྡོ་ལ་རྟོག་ཞིབ་བྱས་པའི་བརྒྱུད་ནས་ཁོང་ཚོར་དྲི་ཚོར་གྱི་ནུས་པ་ཡང་འཕེལ་འགྱུར་ལེགས་པོ་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད། བྱ་རིགས་ནང་དྲི་ཚོར་གྱི་ནུས་པ་དེ་ད་བར་དེ་ཙམ་འཕེལ་འགྱུར་བྱུང་མེད་པའི་ཡོངས་གྲགས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཉ་རིགས་དང་ནུ་གསོའི་སེམས་ཅན་གྱི་རིགས་ལ་དྲིའི་ཚོར་བ་ཇི་ཙམ་གལ་ཆེན་པོ་ཡིན་པ་དེ་བཞིན་བྱ་རིགས་ཚོར་ཡང་དྲིའི་ཚོར་བ་གལ་ཆེན་པོ་ཆགས་ཡོད། འདི་ནི་པི་ལིང་གཙུག་ལག་སློབ་གཉེར་ཁངགི་ཚན་རིག་པ་སིལ་ཀི་སེཊེགྷར་(Silke Steiger )དང་ཁོང་གི་ལས་རོགས་ཚོས་ཞིབ་འཇུག་རྒྱུན་རིང་བྱས་པའི་གྲུབ་འབྲས་ཀྱི་མཇུག་སྡོམ་དེ་རེད། ཉེ་དུས་ཞིབ་འཇུག་ཁག་ནང་ཤེས་རྟོགས་བྱུང་བར་གཞིག་ན། བྱ་རིགས་ཁག་གཅིག་གིས་དྲི་ཚོར་བྱེད་ཀྱི་ནུས་པ་ལ་བརྟེན་ནས་ཕན་ཚུན་ཕྱོགས་སྐྱོད་བྱེད་པ་དང་ཁ་ཟས་འཚོལ་བར་མ་ཟད། ཕན་ཚུན་ངོས་འཛིན་ཡང་དྲི་ཚོར་གྱི་ལམ་ནས་བྱེད་ཀྱི་ཡོད། གནས་ཚུལ་འདི་ཤེས་རྟོགས་ཡོང་བར་ཚན་རིག་པ་ཚོས་བྱ་རིགས་ཀྱི་རིགས་ས་(DNA) ལ་བརྟག་དཔྱད་བྱས་པ་དང་། དེ་ཡང་རིགས་ས་ཀྱི་ནང་དྲི་ཚོར་བྱེད་ཀྱི་རིགས་ས་ཇི་ཙམ་ཡོད་མིནབལྟས་པ་དང་རྒྱུ་མཚན་ནི། རིགས་ས་ཀྱི་གྲངས་འབོར་ཇི་ཙམ་ཡོད་པ་དེ་ཚོད་ཀྱི་དྲི་མ་འདྲ་མིན་ཚོར་ཐུབ་པའི་ནུས་པ་ཡོང་གི་ཡོད། དེ་ཡང་ཁོང་ཚོས་བྱ་རིགས་འདྲ་མིན་དགུ་ཙམ་གྱི་ཐོག་བརྟགདཔྱད་བྱས་ཡོད་པ་དང་ཁོང་ཚོའི་དྲི་ཚོར་བྱེད་ཀྱི་རིགས་ས་དེ་བྱ་རིགས་ནང་ཁུལ་ཕྲན་བུ་མི་འདྲ་བ་རྙེད་ཡོད། དཔེར་ན། ནེའུ་ཛི་ལནཌ་རྒྱལ་ཁབ་ནང་ཡོད་པའི་ཀེ་ལྭེ་རྒྱ་སྨུག་ཅེས་པའི་བྱིའུ་དེའིདྲི་ཚོར་གྱི་རིགས་ས་དེ་ཀེ་ན་རི་ཞེས་པའི་བྱིའུ་ལས་ལྡབ་དྲུག་གིས་མང་བ་ཡོད་པ་རེད། དེ་བཞིན་ཁོང་ཚོས་བྱ་རིགས་ཀྱི་ཀླད་པའི་ནང་དུ་བརྟག་དཔྱད་བྱེད་སྐབས་དྲི་ཚོར་བྱེད་ཀྱི་ཀླད་པའི་ཆཤས་དེ་ཡང་ཆེ་ཆུང་འདྲ་མིན་ཡོད་པ་རྙེད་ཡོད། ཚན་རིག་པ་ཁོང་གིས་བཤད་པར། རིགས་ས་ནང་དྲི་ཚོར་བྱེད་ཀྱི་གྲངས་འབོར་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་དྲི་འདྲ་མིན་ཚོར་ཐུབ་ཅེས་དང་། ཀླད་པའི་ནང་དྲི་ཚོར་བྱེད་ཀྱི་ཆ་ཤས་དེ་དྲིའི་བརྡ་འཕྲིན་རྣམས་དབྱེ་ཞིབ་བྱེད་རྒྱུ་ཡིན་པས་རིགས་ས་ནང་དྲི་ཚོར་བྱེད་ཀྱི་གྲངས་འབོར་དང་ཀླད་པའི་དྲི་ཚོར་བྱེད་ཀྱི་ཆ་ཤས་བར་འབྲེལ་བ་ངེས་ཅན་ཡོད་ཅེས་གསུངས་འདུག གནས་ཚུལ་འདིའི་རྒྱུད་ནས་ཤེས་རྟོགས་བྱུང་བ་གཞན་ཞིག་ནི་སྤྱིར་ནུ་གསོའི་སེམས་ཅན་བཞིན་བྱ་རིགས་ཚོའི་ནང་དྲི་ཚོར་གྱི་ནུས་པ་འདྲ་མིན་ཡོང་དགོས་པ་འདི་ཡངགཙོ་བོ་ཁོར་ཡུག་གི་རྐྱེན་བྱེད་ཀྱི་ཡོད་པ་བཤད་ཡོད། མི་ལྟ་བུར་མཚོན་ན། རིགས་ས་ནང་དྲི་ཚོར་བྱེད་ཀྱི་མང་པོ་ཡོད་ཀྱང་དེ་དག་ཚང་མ་རྗེས་སུ་ནུས་པའམ་བྱེད་ལས་ཅན་དུ་འགྱུར་གྱི་མེད། དེ་ལས་ལྡོག་སྟེ་བྱ་རིགས་ཕལ་ཆེ་བའི་ནང་དྲི་ཚོར་གྱི་རིགས་ས་དེ་རྗེས་སུ་ནུས་ཅན་ནམ་བྱེད་ལས་ཅན་དུ་འགྱུར་བ་ཡིན།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།