དེ་ཡང་ཆུའི་དཀྱིལ་འཁོར་ལ་ཉི་མའི་འོད་ཟེར་ཕོག་པ་དང་ཉི་འོད་ཀྱི་དྲོད་དེ་ལ་བརྟེན་ནས་ཆུའི་ཆ་རྡུལ་མང་པོ་ཞིག་རླངས་གཟུགས་ཀྱི་ངོ་བོར་གྱུར་ནས་ནམ་མཁར་ལྡིང་བའི་སྤྲིན་ཕུང་དེ་དག་སྒྲུབ། སྤྲིན་ཕུང་དེ་དག་མཁའ་དབྱིངས་སུ་ཇེ་ཐོར་འགྲོ་སྐབས་ཉེ་འཁོར་རླུང་ཁམས་ཀྱི་ཚ་དྲོད་ཆག་པ་དང་བསྟུན་ནས་རླངས་གཟུགས་སུ་ཡོད་པའི་སྤྲིན་ཕུང་རྣམས་ཆུ་དང་གངས་ལ་སོགས་པའི་ངོ་བོར་འགྱུར་ནས་སླར་ཡང་ས་ཐོག་ཏུ་བབ། མར་བབ་པའི་གངས་ཆུ་དང་ཆར་ཆུ་དེ་དག་སླར་ཡང་ཉི་འོད་ལ་བརྟེན་ནས་རླངས་ངོར་འགྱུར་ཚུལ་འདི་ལ་ང་ཚོས་ཆུའི་འཁོར་ལོ་ཞེས་ཟེར་གྱི་ཡོད།

འོ་ན་ནམ་མཁར་སྤྲིན་པ་མང་པོ་ཡོད་སྐབས་གློག་འཁྱུག་དགོས་དོན་གང་ཡིན་ནམ་ཞེ་ན། སྤྲིན་ཕུང་དེ་དག་ནམ་མཁར་ཇེ་ཐོར་འགྲོ་སྐབས་མཐོ་སར་ཡོད་པའི་སྤྲིན་དེ་དག་གྲང་བའི་དབང་གིས་རིམ་བཞིན་གངས་ཆར་སོགས་ཀྱི་ངོ་བོར་འགྱུར་ནས་ས་ཐོག་ཏུ་བབས་པ་དང་ལམ་བར་དུ་འོག་ནས་རིམ་པས་ཡར་ལྡིང་བཞིན་པའི་སྤྲིན་པའི་རྡུལ་དང་རྡབ་རྡེག་བྱུང་བ་དང་། མ་ཟད་ཚ་གྲང་མི་སྙོམས་པའི་རྐྱེན་གྱིས་རྡུལ་རྣམས་ཧ་ཅང་འཁྲུག་པར་འགྱུར་བས་ནང་ཁུལ་རྡབ་རེག་ཁ་སྣོན་བྱེད་པའི་སྐབས་འགར་རླངས་རྡུལ་ལམ་ཆུ་རྡུལ་དེ་དག་ལས་གློག་རྡུལ་ཁ་ཤས་ཕྱིར་འབུད་བྱེད། གསར་དུ་ཕྱིར་འབུད་བྱུང་བའི་གློག་རྡུལ་དེ་དག་སྤྲིན་གྱི་འོག་ངོས་སུ་བསགས་པ་དང་དེ་ཁུལ་གློག་ཁུར་མོའི་གནས་བབས་ཤིག་བསྐྲུན། དེ་བཞིན་གློག་རྡུལ་ལམ་མོ་རྡུལ་ཕྱིར་འབུད་བྱེད་སའི་སྤྲིན་པའི་རྡུལ་དེ་དག་ཇེ་མཐོར་སོང་སྐབས་སྤྲིན་པའི་སྟེང་ཕྱོགས་སུ་གློག་ཁུར་ཕོའི་གནས་བབས་ཤིག་བསྐྲུན། ཆུ་རྡུལ་དེ་དག་ཚ་དྲོད་ཧ་ཅང་ཆུང་བའི་སར་སླེབས་སྐབས་གངས་དང་སེ་རའི་ངོ་བོར་འཁྱགས་ཏེ་སྐབས་འདིར་འཁྱགས་པ་ཐེབས་སའི་ཕྱི་ངོས་སུ་གློག་ཁུར་མོ་དང་། འཁྱགས་པ་ཐེབས་པའི་འཁྱགས་རྡུལ་དེ་ཚོར་གློག་ཁུར་ཕོའི་ནུས་པ་ལྡན་པར་གྱུར། སྤྲིན་འོག་ནས་གྱེན་དུ་འདྲེན་པའི་རླུང་གིས་གློག་ཁུར་ཕོའི་ནུས་པ་ལྡན་པའི་འཁྱགས་རྡུལ་དེ་དག་སྤྲིན་པའི་སྟེང་ངོས་སུ་འབུད། སྤྲིན་གྱི་ནང་གློག་ཁུར་འདྲ་མིན་གྱི་ས་མཚམས་དབྱེ་བ་བྱུང་བའི་དབང་གིས་གློག་ར་ཞིག་བསྐྲུན། སྤྲིན་པ་ལྟར་གློག་ར་དེའང་གློག་ཁུར་མོ་དེ་འོག་དང་གློག་ཁུར་ཕོ་དེ་སྟེང་ངོས་སུ་ཆགས། གློག་ར་སྟུག་ཚད་དེ་གློག་ཁུར་ག་ཚོད་བསགས་མིན་ལ་བརྟེན། གློག་ཁུར་ལྡན་པའི་རྡུལ་བསགས་དེ་དག་གིས་རིམ་བཞིན་གློག་རའི་ཤུགས་ཚད་ཆེ་རུ་གཏོང་། སྤྲིན་པའིགཤམ་ཁུལ་དུ་ཡོད་པའི་གློག་ཁུར་མོ་ཤུགས་དྲག་ཆེན་པོར་འགྱུར་སྐབས་གོ་ལའི་ངོས་སུ་ཡོད་པའི་གློག་རྡུལ་རྣམས་ས་འོག་ནང་འབུད་རྒྱག་བཏང་བ་དེས་གོ་ལའི་ངོས་སུ་གློག་རྡུལ་ཉུང་དུ་ཕྱིན་པའི་དབང་གིས་ཕོ་གློག་གི་ནུས་པ་ཞིག་བསྐྲུན། གློག་ཁུར་གྱི་ཤུགས་ཚད་ཧ་ཅང་མཐོན་པོ་སླེབས་སྐབས་སྤྲིན་པའི་འོག་གི་གློག་ཁུར་མོ་དང་གོ་ལའི་སྟེང་ངོས་ཀྱི་གློག་ཁུར་ཕོའི་བར་གློག་གི་འཐེན་ཤུགས་ཤིག་བྱུང་བ་ལ་བརྟེན་ནས་ནམ་མཁར་གློག་འཁྱུག་པའི་ངོ་མཚར་གྱི་སྣང་ཚུལ་དེ་བྱུང་།

20080301_lightning2

གློག་དེ་འདྲ་འཁྱུག་སྟངས་མི་འདྲ་བ་གསུམ་ཙམ་ཡོད་ཅིང་གཞི་རྩའི་བྱུང་རྐྱེན་མཚུངས་ཀྱང་ཐོག་མའི་འབྱུང་ཁུངས་དང་། ཁ་ཕྱོགས་སོགས་མི་འདྲ་བའི་ཁྱད་པར་ཙམ་ཡིན། དེ་དག་ནི་

༡༽ ནམ་མཁའ་ནས་ས་ཐོག་ཏུ་འཁྱུག་པ།
༢༽ ས་ཐོག་ནས་ནམ་མཁར་འཁྱུག་པ།
༣༽ སྤྲིན་ནས་སྤྲིན་དབར་འཁྱུག་པ་བཅས་སོ།

གནའ་དུས་སུ་ཡིན་ན་འཁྱུག་གློག་ནི་འགྲོ་བ་མིའི་ཉིན་རེའི་འཚོ་བ་དང་འབྲེལ་བའི་གནད་དོན་ཞིག་དང་། སེམས་ཅན་གྱི་ཚེ་སྲོག་ལ་གནོད་པའི་ཡ་མཚན་ཅན་གྱི་འབྱུང་བའི་ཁྱད་ཆོས་ཤིག་ཡིན། ཚན་རིག་གི་རིག་པ་ལ་བརྟེན་ནས་སྔོན་གྱི་འཁྱུག་གློག་སྐོར་གྱི་ལོག་རྟོག་མང་པོ་ཞིག་སེལ་ཐུབ་བྱུང་ཡོད་པ་ཙམ་དུ་མ་ཟད་འཁྱུག་གློག་ལས་ཉེན་འགོག་གི་ཐབས་ལམ་ཡང་འདྲ་མིན་གསར་རྙེད་ཐུབ་པ་བྱུང་ཡོད། དེང་དུས་ཀྱི་ཁང་པ་ཕལ་ཆེའི་ཐོག་ཟངས་སྐུད་སྦོམ་ཙམ་ཞིག་ནམ་མཁར་ཕྱོགས་ནས་ཡོད་པ་དང་དེའི་སྣེ་མོ་གཞན་དེ་ས་འོག་ཏུ་འཇུག་ཡོད། ཟངས་སྐུད་ཀྱིས་གློག་ལས་སླ་པོར་འཁྱུད་ཐུབ་པར་བརྟེན་ནམ་མཁའ་ནས་ཐོག་རྒྱག་པའམ་གློག་འཁྱུག་པའི་སྐབས་ཁང་པ་དང་སེམས་ཅན་ལ་གནོད་ཚེ་མ་བྱུང་བའི་སྔོན་ནས་གློག་གི་ནུས་པ་དེ་དག་ཟངས་སྐུད་དེའི་རྒྱུད་ས་འོག་ཏུ་ཞི་འཇམ་ངང་བཏང་བས་ང་ཚོ་གློག་གི་གནོད་འཚེ་ལས་གྲོལ་ཐུབ།

ཚང་མས་མཁྱེན་གསལ་ལྟར་གློག་རྒྱུན་གང་ཡོད་ས་དེར་དྲོད་ཀྱི་ནུས་པ་ཞིག་མཉམ་དུ་བསྐྲུན་པ་ཡིན། དེར་བརྟེན་ནམ་མཁར་གློག་འཁྱུག་སྐབས་གློག་གི་ནུས་པའམ་གློག་རྒྱུན་ཧ་ཅང་གི་ཤུགས་ཆེར་བསྐྲུན་པར་བརྟེན་དེ་དང་ལྷན་དུ་དྲོད་ཀྱི་ནུས་པ་ཧ་ཅང་ཤུགས་ཆེ་ཞིག་བསྐྲུན། དངོས་ཡོད་བྱས་ན་ནམ་མཁར་གློག་འཁྱུག་སྐབས་དེའི་ངོས་ཀྱི་དྲོད་ཚད་དེ་ཉི་མའི་ངོས་ཀྱི་དྲོད་ལས་ཆེ་བ་ཞིག་ཡོང་གི་ཡོད། ང་ཚོའི་གློག་འཁྱུག་སྐབས་འོད་དཀར་པོ་ཞིག་མཐོང་བ་དེ་ཡང་དྲོད་དེ་ལས་བྱུང་བ་ཞིག་རེད། དེ་བཞིན་གློག་འཁྱུག་སྐབས་སྐད་སྒྲ་ཆེན་པོ་ཞིག་སྒྲོག་པ་དེ་ལ་ང་ཚོས་རྒྱུན་དུ་འབྲུག་སྐད་ཅེས་ཟེར་གྱི་ཡོད། དེ་འདྲའི་སྐད་སྒྲ་ཆེན་པོ་ཞིག་ཡོང་དགོས་དོན་ནི་གོང་དུ་ཞུས་ཟིན་པ་ལྟར་སྤྲིན་པའི་ནང་ཡོད་པའི་གློག་ཁུར་ཕོ་མོ་གཉིས་འཕྲད་པའི་སྐབས་སུ་དྲོད་ཀྱི་ནུས་པ་ཧ་ཅང་གི་ཆེན་པོ་ཞིག་ཕྱིར་འདོན་བྱེད་པ་དང་། དྲོད་ཀྱི་ནུས་པ་ཆེན་པོ་ཞིག་གློ་བུར་དུ་ཕྱིར་འདོན་བྱས་པ་དེའི་དབང་གིས་ཉེ་འཁོར་དུ་ཡོད་པའི་རླུང་གི་རྡུལ་རྣམས་ཧ་ཅང་མྱུར་པོར་རྒྱ་སྐྱེད་བྱེད་ཏུ་བཅུག དེ་འདྲའི་རྒྱ་སྐྱེད་བྱེད་པའི་དུས་ཡུན་དེ་ཧ་ཅང་གི་ཆུང་བ་དང་དྲོད་ཚད་ནུས་པ་ཧ་ཅང་ཆེ་བས་རླུང་གི་རྡུལ་དེ་དག་གློ་བུར་དུ་འབར་གས་སོང་བ་ལྟ་བུ་བྱས་པར་བརྟེན་ང་ཚོས་རྒྱུན་དུ་གློག་འཁྱུག་སྐབས་འབྲུག་སྐད་ཟེར་བའི་སྐད་སྒྲ་ཆེན་པོ་དེ་ཐོས་པ་ཡིན། འབྲུག་སྐད་ཆེ་ཆུང་དེ་ཡང་གློག་འཁྱུག་སྐབས་ཕྱིར་འདོན་བྱས་པའི་དྲོད་ཚད་ནུས་པ་དྲག་ཞན་དང་འབྲུག་སྐད་སྒྲོགས་ས་དང་ང་ཚོའི་དབར་གྱི་རྒྱང་ཐག་ལ་བརྟེན་པ་ཡིན། སྐབས་རེ་དྲོད་ནུས་ཧ་ཅང་ཆེན་པོ་བྱུང་བ་དེས་འཁྲུག་རྐྱེན་ཆེན་པོ་བསྐྲུན་པ་སོགས་ཀྱིས་མིའི་སྡོད་ཁང་བཤིགས་པ་ལྟ་བུའི་གནོད་སྐྱོན་བྱུང་སྲིད། ནམ་མཁར་གློག་འཁྱུག་སྐབས་ང་ཚོའི་གློག་འོད་མཐོང་ནས་དུས་གང་མཚམས་རྗེས་སྐད་སྒྲ་ཐོས་པ་དེས་དངོས་ཁམས་ཚན་རིག་ནང་བཤད་པའི་སྒྲ་རླབས་དེ་འོད་ཀྱི་མྱུར་ཚད་ཆུང་བ་སྒྲུབ་ཐུབ། །

Post a Comment

Previous Post Next Post