དེང་གི་ཉམས་ཞིབ་འགས་ཨ་ཧྥི་རི་ཀའི་ནུབ་དང་དབུས་ ཁུལ་དུ་ཨི་བྷོ་ལ་ནད་འབུ་ཁྱབ་གདལ་སོང་བའི་རྐྱེན་གྱིས་ས་གནས་འགའ་ཤིག་ནང་མི་རྒོད་ཀྱི་གྲངས་བརྒྱ་ཆ་དགུ་བཅུ་ལྷག་ཤི་སྐྱོན་དང་། རིམ་པས་ནད་འབུ་འདིས་མི་རྒོད་ཀྱི་རིགས་རྩ་སྟོང་དུ་གཏོང་བའི་ཉེན་ཁ་ཡོད་པར་བརྗོད་འདུག ཉམས་ཞིབ་བྱ་སའི་ས་ཁོངས་རང་དུ་མི་རྒོད་སྟོང་ཕྲག་ལྔ་ཙམ་འཆི་སྐྱོན་བྱུང་བར་སཡན་སི་ཅེས་པའི་དུས་དེབ་ནང་འདོན་འཆར་ཡོད་འདུག ཨི་བྷོ་ལ་ནད་གཞི་འདིས་ལུས་ཕྱི་ནང་གི་ཁྲག་རྩ་བརྡོལ་རྐྱེན་ཁྲག་འགོག་མེད་དུ་དོན་ཏེ་ཚ་བ་འབར་བ་དང་བཅས་ནད་གཞིའི་ནད་རྟགས་བྱུང་ནས་བདུན་གཉིས་ཙམ་གྱི་ནང་འཆི་སྐྱོན་བྱུང་གི་ཡོད། ད་ལྟའི་བར་དེར་བཅོས་ཐབས་མེད་པ་དང་། འགྲོ་བ་མིའི་ནང་དུའང་ནད་དེ་ཕོག་རྗེས་འཆི་སྐྱོན་བརྒྱ་ཆ་བརྒྱད་ཅུ་ཙམ་ཡིན་འདུག ནད་འབུ་དེ་ནི་ཨ་ཧྥི་རི་ཀའི་ཀཽང་གྷཽ་མི་སེར་སྤྱི་མཐུན་རྒྱལ་ཁབ་ནང་ཕྱི་ལོ་ ༡༩༧༦ ལོར་ཐོག་མར་ནད་གཞི་དེ་དར་ཁྱབ་བྱུང་བས་ཡུལ་དེའི་གཙང་པོ་ཨི་བྷོ་ལ་ཞེས་པའི་རྗེས་སུ་མིང་བཏགས་པ་ཡིན། ཉམས་ཞིབ་མཁས་དབང་འགའ་ཞིག་གི་གསུང་དོན་དུ། ཨི་བྷོ་ལ་ནད་ཡམས་དེ་ཨ་ཧྥི་རི་ཀའི་ནུབ་དང་དབུས་ཁུལ་དུ་ལོ་རེར་ཀི་ལོ་མི་ཊར་ ༥༠ སར་ཁྱབ་གདལ་དུ་འགྲོ་བ་དང་། ལྷག་མའི་མི་རྒོད་མང་ཆེ་བའི་འཚོ་གནས་ནི་ད་ལྟ་ནད་ཡམས་བྱུང་སའི་ཀི་ལོ་མི་ཊར་ ༢༠༠ ནང་ཁོངས་སུ་ཡོད་པ་ཡིན། ད་ལྟའི་ཉམས་ཞིབ་གསར་པ་དེ་བཞིན་སིསྤན་བྷར་སི་ལོ་ན་གཙུག་ལག་སློབ་གཉེར་ཁང་ནས་ཡིན་པ་མེག་ཌ་ལེ་ན་བྷེར་མེ་ཇོས་འགོ་འཁྲིད་པ་དང་། ཁོང་གི་རུ་ཁག་དེས་ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་ལོསི་རི་དྭགས་ཀྱི་ཚལ་དུ་མི་རྒོད་ཀྱི་གྲངས་འབོར་ལ་རྟོག་ཞིབ་བྱེད་བཞིན་པ་ཡིན། ༢༠༠༢ ལོར་ཨི་བྷོ་ལ་ནད་འབུས་འཆི་རྐྱེན་བྱུང་བའི་མི་རྒོད་ཐོག་མར་རྙེད། དེ་ནས་ཟླ་བཞི་ཙམ་གྱི་ནང་རྟོག་ཞིབ་ཁོངས་ཀྱི་མི་རྒོད་ ༡༤༣ ལས་ ༡༣༠ ཙམ་འཆི་སྐྱོན་བྱུང་འདུག ཚན་རིག་པ་ཚོས་དེ་ནས་མི་རྒོད་སྡོད་སའི་ས་ཁྱོན་ཀི་ལོ་མིཊར་གྲུ་བཞི་མ་ ༤༠༠༠ གི་ཁྱབ་ཁོངས་སུ་རྟོག་ཞིབ་བྱེད་སྒོ་བཙུགས་ཡོད་པ་རེད། བྷེར་མེ་ཇོ་དང་ཁོང་གི་ལས་རོགས་རྣམས་ཀྱིས་བརྗོད་དོན་ལ་ད་བར་མི་རྒོད་ ༥༠༠༠ ཙམ་ཞིག་ཨི་བྷོ་ལ་ནད་གཞི་དེས་འཆི་སྐྱོན་བྱུང་བ་དང་། ས་གནས་འགའ་ཞིག་ཏུུ་ནད་གཞི་དེ་བྱུང་ཐེངས་རེར་འཆི་སྐྱོན་བརྒྱ་ཆ་ ༩༠ ལྷག་བྱུང་ཡོད་པ་རྙེད་འདུག འདས་པའི་ལོ་ངོ་བཅིུས་ཀྱི་ནང་འཛམ་བུ་གླིང་གི་མི་རྒོད་བཞི་ཆ་གཅིག་འཆི་འདས་སུ་གྱུར་འདུག

ཁབ་ཀྱི་བཅོས་ཐབས།

ནད་གཞི་དེ་ཁྱབ་གདལ་སོང་བའི་བར་དུ་ནད་འབུ་དེ་གང་དུ་གབ་མིན་ད་ཆར་ཤེས་རྟོགས་ཐུབ་མེད། ནད་གཞི་འདི་ནི་ཤིང་འབྲས་སྤྱོད་པའི་ཕ་ལྭང་ལས་དར་སྤེལ་བྱུང་བར་ཡིད་ཆེས་བྱེད་ཀྱི་ཡོད། ཨི་བྷོ་ལ་སྔོན་འགོག་ཆེད་བཟོས་པའི་སྨན་དེ་དག་བརྟག་དཔྱད་ཆེད་ཀྱི་སྤྲེའུའི་སྟེང་ད་བར་ལམ་ལྷོང་བྱུང་འདུག་པས་གལ་ཏེ་དེ་ལྟར་མི་རྒོད་རྣམས་ཀྱི་ཆེད་བཟོ་ཐུབ་ཚེ་སའི་གོ་ལ་དེའི་སྟེང་ནས་མི་རྒོད་རྣམས་རྩ་སྟོང་དུ་མི་འགྲོ་བའི་རེ་བ་ཞིག་ཡོད། འདི་ལྟའི་སྔོན་འགོག་སྨན་ཁབ་བཟོ་སྐྲུན་ཆེད་ཨ་སྒོར་ས་ཡ་གཉིས་ཙམ་དང་ཁབ་འདེབས་ཆེད་ཨ་སྒོར་ས་ཡ་བཞི་ཙམ་གྱི་འགྲོ་གྲོན་ཆགས་རྒྱུ་ཡིན་འདུག

Post a Comment

Previous Post Next Post