སྤེལ་མཁན། : tsenrig 10/31/2006



༢༠༠༦ ལོའི་དངོས་ཁམས་ཚན་རིག་གི་ནོ་ལྭེལ་གཟེངས་རྟགས་དེ་ཨ་རིའི་འཇིག་རྟེན་རིག་པ་བ་(Cosmologist) སྐུ་ཞབས་ཇཽན་སི་མེཐར་(John C. Mather) དང་ཇོར་ཇི་ཨེཧྥ་ས྄མཊ་(George F.Smoot) གཉིས་ལ་ཐོབ་ཡོད་པ་རེད། དེ་ཡང་ཁོང་གཉིས་ཀྱིས་གསར་རྙེད་བྱུང་བའི་རིག་པ་དག་གིས་ང་ཚོས་འཇིག་རྟེན་གྱི་བྱུང་ཚུལ་སྨྲ་བའི་འབར་གས་ཆེན་མོའི་ལྟ་གྲུབ་དེ་ཁུངས་ཇེ་བཙན་དུ་གཏོང་ཐུབ་ཡོད་ལུགས་ཤོད་ཀྱི་ཡོད། ཨ་སྒོར་ས་ཡ་ ༡་༦ གི་རིན་གོང་ལྡན་པའི་ནོ་ལྭེལ་གཟེངས་རྟགས་དེ་ཨ་རིའི་མེ་རི་ལནཌ་རུ་བརྟེན་གཞི་བྱས་པའི་ནཱ་སཱ་(NASA)བར་སྣང་འཕུར་བསྐྱོད་ལྟེ་གནས་ཁང་གི་མེཐར་དང་། ཁེལི་ཧྥོར་ནིཡ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཡིན་པའི་སུམུཌ་གཉིས་ལ་ཆ་དགོས་ཀྱིས་ཕུལ་ཡོད།

ཁོང་གཉིས་ཀྱིས་ ༡༩༨༩ ལོར་བར་སྣང་ལ་བཏང་བའི་མིས་བཟོས་སྲུང་སྐར་ཁཽབ་(COBE)ཀྱི་རོགས་འདེགས་ལ་བརྟེན་ནས་བར་སྣང་ལ་རྒྱུ་བའི་ཆེས་ཕྲ་བའི་འོད་རླབས་ལ་བརྟག་དཔྱད་རིམ་པར་བྱས་རྗེས་ཆེས་ཕྲ་བའི་འོད་རླབས་འདི་དག་གི་རང་གཤིས་སམ་ཁྱད་ཆོས་མང་པོ་ཞིག་ཤེས་རྟོགས་ཐུབ་པ་བྱུང་བ་དང་། འོད་རླབས་འདི་དག་ང་ཚོའི་འཇིག་རྟེན་བྱུང་ནས་ཡུན་རིང་མ་འགོར་བའི་དུས་ནས་བྱུང་བར་བཤད་ཀྱི་ཡོད། དེ་ཡང་འབར་གས་ཆེན་མོ་བྱུང་ནས་ལོ་ངོ་༤༠༠༠༠༠ ཙམ་གྱི་རྗེས་སུ་འཇིག་རྟེན་གྱི་དངོས་པོ་རྣམས་ཀྱི་དྲོད་ཚད་རིམ་གྱིས་ཉམས་པ་དང་། ཆེས་ཕྲ་བའི་འོད་རླབས་འདི་དག་བར་སྣང་དུ་འདོན་འགོ་ཚུགས་པར་འདོད། དེར་བརྟེན་འོད་རླབས་ཀྱི་རང་བཞིན་འདི་དག་ལ་བརྟག་དཔྱད་ཀྱིས་འཇིག་རྟེན་ཁམས་ཀྱི་བྱུང་རབས་དང་སྐར་མ་དང་སྐར་མའི་ཁྱིམ་རྒྱུད་ཐོག་མར་ཆགས་ཚུལ་སོགས་ཤེས་པར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པར་ཤོད་ཀྱི་ཡོད། ནོ་ལྭེལ་དངོས་ཁམས་ཚན་རིག་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་པཱེར་ཁཱརལ་སཱན་མཆོག་གིས་གསུངས་དོན། འདི་ནི་ཚན་རིག་གི་ནང་ལ་གསར་རྙེད་གལ་ཆེན་པོ་ཞིག་ཡིན་པ་དང་འདིས་འཇིག་རྟེན་ཁམས་ཀྱི་ནང་འགྲོ་བ་མི་དང་འཇིག་རྟེན་ཁམས་ཀྱི་འབྱུང་ཁུངས་ཐད་འགྲེལ་བརྗོད་བྱས་པ་རེད་ཅེས་གསུངས་འདུག

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།