ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ནས་ཕྱི་ཟླ་ ༦ པའི་ཚེས་ ༢༦ བར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་པའི་ཨེ་མོ་རི་དང་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་དབྱར་ཁའི་ཚན་རིག་ཟབ་སྦྱོང་ཐེངས་དྲུག་པ་དེ་ལམ་ལྷོང་ངང་ནས་ལེགས་པར་གྲུབ་པ་དང་། དགའ་ལྡན་ཤར་བྱང་གཉིས་ཀྱི་སྐྱབས་གནས་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་། ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཕེབས་པའི་ཚན་རིག་གི་དགེ་རྒན་རྣམ་པ་ཚོ། ཟབ་སྦྱོང་སྐབས་སློབ་ཚན་ནང་ཐད་ཀར་མཉམ་ཞུགས་བྱེད་མཁན་གྱི་དགེ་འདུན་པ་གསུམ་བརྒྱ་བདུན་ཅུ་ཙམ་ཚང་འཛོམས་ཐོག་མཇུག་བསྡོམས་མཛད་སྒོ་ཚོགས་གནང་བ་དང་། སྐབས་དེར་མཁན་རིན་པོ་ཆེ་རྣམ་པ་གཉིས་ནས་ཚན་རིག་གི་ཤེས་བྱ་འདི་དེང་གི་དུས་སུ་ངེས་པར་དུ་སྦྱོང་དགོས་པ་སོགས་ཀྱི་བཀའ་སློབ་དང་དགའ་ཤར་ཚན་རིག་སྡེ་ཚན་གྱི་ངོས་ནས་ཚན་རིག་གི་རྒན་ལགས་རྣམ་པ་དང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་། ཡིག་རྒྱུགས་ཀྱི་བརྒྱ་ཆ་རྩེ་ཕུད་སོན་པ་རྣམས་ལ་ལེགས་སྐྱེས་ཀྱི་བྱ་དགའ་བསྩལ་གནང་སོང་།
སྤྱིར་བཏང་ཉིན་གྲངས་བཞི་བཅུ་མ་ཟིན་ཙམ་གྱི་དུས་ཡུན་ནང་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཕེབས་པའི་ཚན་རིག་གི་རྒན་ལགས་ཚོས་ཚན་རིག་སློབ་གཉེར་གནང་མཁན་གྱི་དགེ་འདུན་པ་རྣམས་ལ་ཚན་རིག་གི་ལྟ་གྲུབ་དང་། དངོས་ཁམས་ཚན་རིག སྐྱེ་དངོས་ཚན་རིག དབང་རྩ་ཚན་རིག་བཅས་སློབ་ཚན་ཁག་མི་འདྲ་བ་བཞིའི་ཐོག་སློབ་ཁྲིད་གནང་ཡོད། འདི་ལོའི་ཚན་རིག་ཟབ་སྦྱོང་ནི་ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་གྲྭ་དང་རྡ་སར་བརྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གིས་སྣེ་ཁྲིད་འོག་དབྱར་དུས་ཀྱི་ཚན་རིག་ལས་འཆར་གྱི་ཟབ་སྦྱོང་ཐེངས་དྲུག་པའམ་མཐའ་མ་དེའང་ཆགས་ཀྱི་ཡོད་པ་བཅས། ༢༠༡༩། ༦།༢༧ ཉིན།













Post a Comment

Previous Post Next Post