ཀླད་པ་ནི་ལུས་ཀྱི་དབང་པོའི་ནང་ནས་གལ་གནད་ཆེ་ཤོས་ཤིག་དང་། དབང་རྩའི་ཕྲ་ཕུང་ཐེར་འབུམ་བརྒྱ་ལྷག་གི་གྲུབ་པ་ཞིག་ཡིན། ཀླད་པ་དང་དེའི་ཡན་ལག་ཆ་ཤས་བཅས་ལ་དབང་རྩའི་མ་ལག་ཟེར་བ་དང་ལུས་ཡོངས་སུ་ཁྱབ་ཡོད། དབང་རྩའི་མ་ལག་དེ་བཞིན་སྡེ་ཚན་གཉིས་སུ་དབྱེ་ཆོག་པ་སྟེ་གཅིག་ལ་དབུས་ཀྱི་དབང་རྩའི་མ་ལག་དང་། གཞན་དེར་མཐར་གནས་དབང་རྩའི་མ་ལག་ཟེར་གྱི་ཡོད། དབུས་ཀྱི་དབང་རྩའི་མ་ལག་ནང་ཆ་ཤས་གཙོ་བོ་གཉིས་ཡོད་པ་ནི་མགོ་རུས་ནང་གི་ཀླད་པ་དང་དེ་ལས་མར་སྒལ་ཚིགས་ནང་བབ་པའི་རྒྱུངས་པ་བཅས་ཡིན། མཐར་གནས་དབང་རྩའི་མ་

ལག་ནི་དེ་མིན་ལུས་སྤྱི་ལ་ཁྱབ་པའི་དབང་རྩའི་ཕྲ་ཕྲན་རྣམས་ལ་ཟེར་བ་དང་། མཐར་གནས་དབང་རྩའི་མ་ལག་གི་ལས་འགན་ནི་ཕྱིའི་ཁོར་ཡུག་གི་གནས་ཚུལ་ལུས་ཀྱི་ལྷུ་ལག་བརྒྱུད་ཡར་ཀླད་པ་གཙོས་པའི་དབུས་ཀྱི་དབང་རྩའི་མ་ལག་ལ་གཏོང་བ་དང་། དབུས་ཀྱི་དབང་རྩའི་མ་ལག་ནས་ལན་ཇི་འབྱོར་རྣམས་ལྷུ་ལག་སོ་སོར་སྐྱེལ་རྒྱུ་དེ་རེད། དབུས་ཀྱི་དབང་རྩའི་མ་ལག་ནི་ལུས་པོའི་ཆ་ཤས་གཞན་ཚོས་ལས་ཀ་གང་འདྲ་ཞིག་བྱེད་མིན་ཐག་གཅོད་བྱེད་མཁན་དེ་དང་། དེ་ཡང་ཕྱིའི་ཁོར་ཡུག་གི་གནས་སྟངས་ལ་དཔྱད་ཞིབ་བྱས་པའི་ཐོག་ནས་ལུས་ལ་བྱ་བ་གང་ཡང་བྱེད་མིན་བཀའ་གཏོང་གི་ཡོད། དབང་རྩའི་ཚན་རིག་པ་ཕལ་ཆེ་བའི་འདོད་ཚུལ་ལྟར་ན་ཀླད་པ་ནི་ལུས་ལ་དབང་བསྒྱུར་བྱེད་པའི་དབང་པོ་ཙམ་མ་ཡིན་པར་སེམས་ཞེས་པ་ཡ་མཚན་ཅན་གྱི་ཆོས་འདི་ཡང་ཀླད་པ་ལས་མངོན་པའམ་ཀླད་པ་ལས་བྱུང་བའི་ཁྱད་ཆོས་ཙམ་ཞིག་ཆགས་ཡོད། གནས་ཚུལ་འདིའི་ཐད་བདེན་མིན་ཇི་ལྟར་ཡང་སེམས་དང་ཀླད་པ་འབྲེལ་བ་ཡོད་པ་དང་ལུས་སེམས་ཀྱི་འཚར་ལོངས་ཚད་ལྡན་ཡོང་བར་ཀླད་པ་འཚར་ལོངས་ཚད་ལྡན་དགོས་པ་དང་། བྱིས་པ་ཚོའི་ཀླད་པ་འཚར་ལོངས་རྒྱུན་ལྡན་ཡོང་བར་དགེ་རྒན་དང་ཤེས་ཡོན་མི་སྣ་གཞན་ཚོས་ཤེས་དགོས་པའི་ཀླད་པའི་གནས་ཚུལ་མང་པོ་ཡོད།
 ཀླད་པ་ནི་སྤྱི་ཚོགས་ཀྱི་དབང་པོ་ཞིག་རེད། ཀླད་པར་འཚོ་གནས་ཆེད་སྐུལ་རྐྱེན་དང་འབྲེལ་མཐུད་དགོས་ཀྱིཡོད། ཀླད་པ་གཞན་ལ་འབྲེལ་བ་
མེད་པ་དང་གནས་ཚུལ་གསར་པ་གདོང་ལེན་བྱེད་མི་དགོས་པའི་ཀླད་པ་དེ་རིམ་བཞིན་ཟད་འགྱུར་གྱིས་མཐར་ཤི་འགྲོ་བ་ཡིན། དེ་ལ་བརྟེན་ནས་ང་ཚོའི་ཀླད་པ་འདི་སྤྱི་ཚོགས་ཀྱི་ཀླད་པ་ཟེར་བ་དང་། སྤྱི་ཚོགས་ཀྱི་འབྲེལ་མཐུད་ལ་བརྟེན་ནས་སེམས་ཚོར་བཟང་བ་དང་ཀླད་པའི་མཉེན་ཆ། དེ་བཞིན་གནས་ཚུལ་སྦྱོང་བརྡར་བྱེད་པའི་ནུས་པ་ཡོང་གི་ཡོད། དེར་བརྟེན་མི་གཞན་དང་འབྲེལ་བ་མང་ཙམ་དང་གཞན་དང་མཉམ་ལས་ཡོད་པའི་ཤེས་ཡོན་ལས་གཞི་དགོས་རྒྱུ་དེ་བྱིས་པ་ཚོར་མཚོན་ན་གལ་གནད་ཆེ་ཤོས་ཆགས་ཡོད།









  ང་ཚོར་ཀླད་པ་གཞོགས་ཕྱེད་གཉིས་དང་དེ་སོ་སོར་ཐུན་མིན་གྱི་བྱ་ལས་ཡོད། སྤྱི་ཡོངས་ཐོག་ཀླད་པ་ཧྲིལ་པོ་མཉམ་འབྲེལ་གྱི་ཐོག་ནས་བྱ་བ་བྱེད་ནའང་གཞོགས་སོ་སོ་དང་དེའི་ནང་གི་གནས་སོ་སོར་ཐུན་མིན་གྱི་ལས་འགན་གཙོ་བོ་ངོས་འཛིན་བྱེད་རྒྱུ་ཡོད་པ་རེད། དཔེར་ན། སྐད་བརྡ་དང་
འབྲེལ་བའི་ཀླད་གནས་གཙོ་བོ་དེ་གཞོགས་ཕྱེད་གཡོན་གྱི་རྣ་འདབ་ཀླད་ཤུན་ནང་ཡོད་པ་དང་། ཀླད་གནས་འདིར་སྐྱོན་ཤོར་སྐབས་སྨྲ་བརྗོད་མི་ཐུབ་པ་དང་གོ་དོན་མི་རྟོགས་པ་གང་རུང་ཡོང་གི་ཡོད། ཐུན་མིན་གྱི་བྱེད་ལས་ཡོད་པའི་རྒྱུ་མཚན་གྱི་ཐོག་ནས་ཀླད་པ་ཧྲིལ་པོ་སྡེ་ཚན་བཞིར་བགོས་ཡོད་པ་དང་དེ་དག་ལ་ཀླད་འདབ་ཟེར་གྱི་ཡོད། ཀླད་པ་མདུན་གྱི་ཆ་ལ་མདུན་འདབ་ཟེར་བ་དང་གཙོ་བོ་འཆར་འགོད་དང་ཐག་གཅོད་ཀྱི་བྱ་བ་བྱེད་ཀྱི་ཡོད། རྣ་བ་གཡས་གཡོན་གྱི་རྒྱབ་ན་ཡོད་པའི་ཆ་དེར་རྣ་འདབ་ཟེར་བ་དང་། གཙོ་བོ་སྒྲ་ཐོས་པ་དང་དེའི་དོན་རྟོགས་པའི་བྱ་བ་བྱེད་ཀྱི་ཡོད། ཀླད་པའི་རྒྱབ་ཀྱི་ཆ་དེར་ལྟག་འདབ་ཟེར་བ་དང་། གཙོ་བོ་གཟུགས་མཐོང་བ་དང་དེའི་དོན་རྟོགས་པའི་བྱ་བ་བྱེད་ཀྱི་ཡོད། སྟེང་གི་ཆ་དེར་གཙུག་འདབ་ཟེར་བ་དང་གཙོ་བོ་འགུལ་སྐྱོད་དང་དབང་ཚོར་གྱི་བྱ་བ་དང་དོན་རྟོགས་པའི་བྱ་བ་བྱེད་ཀྱི་ཡོད།
  ལོ་ན་ཉི་ཤུ་བར་ཀླད་པ་འཚར་ལོངས་བྱེད་པ་དང་ཆུང་དུས་གང་ཡང་སློབ་ཐུབ། གནས་ཚུལ་གསར་པ་སྦྱོང་བའི་ནུས་པ་མི་ཚེ་ཧྲིལ་པོར་གནས་ཀྱི་ཡོད། དེ་ནི་དབང་རྩ་ཕན་ཚུན་དབར་མཐུད་མཚམས་གསར་པ་སྐྱེ་ཐུབ་པའི་དོན་ཡིན། འོན་ཀྱང་ལོ་ན་ཉི་ཤུ་རྩ་ལྔ་ཙམ་གྱི་རྗེས་དབང་རྩ་ཕྲ་ཕུང་གསར་པ་སྐྱེ་མི་ཐུབ་པ་མ་ཟད་ཡོད་པ་རྣམས་རིམ་བཞིན་ཤི་འགྲོ་ཡི་ཡོད། རྒྱུ་མཚན་འདིའི་ཐོག་ནས་ལོ་ན་རྒས་རིམ་བཞིན་རིག་པ་མི་གསལ་བ་དང་དྲན་པ་མི་བརྟན་པ་འགྱུར་གྱི་ཡོད།
 མངོན་འགྱུར་དང་མངོན་འགྱུར་མ་ཡིན་པའི་ཀླད་པའི་བྱེད་ལས་གཉིས་ཡོད་པ་དང་དེ་གཉིས་བྱ་བ་བྱེད་པའི་མྱུར་ཚད་དང་ནུས་པ་ཐ་དད་ཡིན།
དབུགས་གཏོང་བ་དང་སྙིང་འཕར་བ་སོགས་ལུས་ཀྱི་བྱ་བ་འདི་དག་ཀླད་པས་སྟངས་འཛིན་བྱེད་ནའང་བྱ་བ་འདི་རིགས་བསམ་བཞིན་སྐུལ་དགོས་ཀྱི་མེད། མ་ཟད་ང་ཚོ་གཉིད་པའི་སྐབས་སུ་ཡང་བྱ་བ་འདི་དག་མུ་མཐུད་རྒྱུན་སྐྱོང་བྱེད་ཀྱི་ཡོད། བསམ་བཞིན་སྐུལ་མ་བྱེད་མི་དགོས་པའི་བྱ་བ་འདི་དག་ལ་ཀླད་པའི་མི་མངོན་པའི་བྱ་བ་ཟེར། ཡང་ལག་པ་འགུལ་བ་དང་དྲན་གསོ་བྱེད་པ་སོགས་བྱ་བ་འགའ་ཞིག་བསམ་བཞིན་སྐུལ་མ་བྱ་དགོས་པ་དང་དེ་དག་ལ་མངོན་པའི་བྱ་བ་ཟེར་གྱི་ཡོད།
  ཀླད་པ་དང་། ཤེས་པ། ལུས་ཕུང་གསུམ་ཕན་ཚུན་གཅིག་ཏུ་སྦྲེལ་ནས་ཡོད་པས་དེ་གསུམ་འཚར་ལོངས་དང་འཕྲོད་བསྟེན་ཆ་མཉམ་ཡོད་དགོས།
ཀླད་པའི་འཕྲོད་བསྟེན་ཞན་ན་ལུས་ཀྱི་འཕྲོད་བསྟེན་གནོད་པ་དང་། ལུས་ཀྱི་འཕྲོད་བསྟེན་ཞན་ན་ཀླད་པའི་འཕྲོད་བསྟེན་གནོད་ཀྱི་ཡོད། ཀླད་པའི་འཕྲོད་བསྟེན་ཟེར་བའི་སྐབས་སུ་གཙོ་བོ་སེམས་ཁམས་ཀྱི་འཕྲོད་བསྟེན་གོ་དགོས། ལུས་ཁམས་འཁྲུག་སྐབས་སེམས་འཁྲུག་པ་དང་སེམས་ཁམས་འཁྲུག་སྐབས་ལུས་ཁམས་འཁྲུག་ཚུལ་ཚན་རིག་ནང་དཔང་རྟགས་དང་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཡོད་པ་ཞིག་རེད།
  ཀླད་པས་ཡུན་ཐུང་ཙམ་ལས་དོ་སྣང་མི་ཐུབ་པས་གནས་ཚུལ་ཞིབ་ཚགས་ཤེས་རྟོགས་ཡོང་བར་ཐབས་ལམ་འདྲ་མིན་བརྒྱུད་བསྐྱར་ཐེངས་མང་དུ་སློབ་དགོས། འཕེལ་འགྱུར་གྱི་ཐོག་ནས་བསམ་ན་ཀླད་པའི་བྱེད་ལས་གཙོ་བོ་ནི་སྐབས་བབ་ཀྱི་དཀའ་ཚེགས་ལས་གྲོལ་བ་བྱེད་རྒྱུ་དེ་ཡིན་པས་གནས་ཚུལ་ཕལ་ཆེ་བ་རྒྱུན་རིང་ཉར་ཚགས་མི་ཐུབ་པ་མ་ཟད། གཞི་གཅིག་ཐོག་དོ་སྣང་མི་ཐུབ་པར་སྣང་བ་གཅིག་ནས་གཞན་དུ་འཕོ་བ་ཤིན་ཏུ་སླ་བོ་ཆགས་ཡོད། དེར་བརྟེན་ཤེས་ཡོན་སློབ་ཁྲིད་བྱེད་སྐབས་སློབ་མ་ཚོའི་སེམས་ནང་རྒྱུན་འཇག་ཆེད་ཤེས་ཡོན་སློབ་འཁྲིད་བྱེད་པའི་ཐབས་ལམ་སྣ་ཚོགས་དང་། དེ་ཡང་ཕྲུ་གུའི་ཁམས་དང་མོས་པར་བལྟ་བཞིན་སློབ་ཁྲིད་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ཡིན།
  སྐྲག་སྣང་དང་སེམས་ངལ་གྱིས་སློབ་གཉེར་བྱེད་པར་འགོག་རྐྱེན་བྱེད་ཀྱི་ཡོད། དེ་ནི་གོང་དུ་བཤད་པ་ལྟར་འཕེལ་འགྱུར་ཁྲོད་ཀླད་པའི་ལས་འགན་གཙོ་བོ་ནི་གནས་སྐབས་ཀྱི་དཀའ་ངལ་གདོང་ལེན་བྱེད་རྒྱུ་ཡིན་པས་སྲུང་སྐྱོབ་དང་འབྲེལ་བའི་གནས་སྟངས་སྐྲག་སྣང་ལྟ་བུ་སྐྱེས་པའི་སྐབས་
སུ་བྱ་བ་གཞན་གྱི་ཐོག་དོ་སྣང་ཐུབ་ཀྱི་མེད་པ་མ་ཟད། སེམས་ངལ་ཡང་སེམས་མི་བདེ་བའི་གནས་བབ་ཞིག་དང་དེ་ཡང་དོན་དངོས་དང་རྟོག་བཟོ་གང་རུང་གི་ཉེན་ཁ་ཞིག་གི་རྐྱེན་ལས་ཡོང་གི་ཡོད་པས་དེས་བློ་གཞན་ལ་གཏད་པར་འགོག་རྐྱེན་བྱེད་ཀྱི་ཡོད། དེར་བརྟེན་ཤེས་ཡོན་མི་སྣ་ཞིག་གི་ངོས་ནས་བསམ་ན་སློབ་མ་ཚོས་རང་དང་སེམས་ཐག་ཉེ་བོ་དང་ཡིད་ཆེས་འཕེལ་བ་ཡོང་བར་བྱ་རྒྱུ་དེ་གལ་གནད་ཆེ་ཤོས་ཤིག་ཆགས་ཡོད།
  ཀླད་པས་གཞན་ལ་དཔྱད་པ་བྱེད་ཀྱང་རང་ལ་དཔྱད་པ་ཕལ་ཆེར་བྱེད་ཀྱི་མེད། ཁ་རྒྱུན་དུ་གཞན་སྐྱོན་ཁབ་ཀྱིས་འཚོལ་བ་དང་རང་སྐྱོན་སྦར་མོས་འགེབ་པ་དེ་མིའི་རང་གཤིས་ཟེར་སྲོལ་ཡོད་པ་བཞིན་ཚན་རིག་པས་ཤེས་དོན་ལྟར་ན་སྤྱིར་ཕྱིའི་ཁོར་ཡུག་དང་ལྷག་པར་དུ་རང་གི་མངའ་འོག་ཡོད་པའི་ལུས་ཀྱི་ཆ་ཤས་གཞན་ལ་དཔྱད་ཞིབ་དང་སྟངས་འཛིན་བྱེད་ཐུབ་ཀྱང་ཀླད་པ་རང་ཉིད་ལ་རང་གིས་དཔྱད་ཞིབ་དང་སྟངས་འཛིན་ཕལ་ཆེར་ཐུབ་ཀྱི་མེད། དཔེར་ན། ལུས་ཀྱི་ཆ་ཤས་གང་རུང་སྨས་སྐྱོན་སོགས་བྱུང་སྐབས་དེའི་གནས་ཚུལ་ཀླད་པར་འབྱོར་བ་དང་ན་ཟུག་གཏོང་གི་ཡོད་ལ་ན་ཟུག་གི་ཚད་ལ་བལྟས་ནས་བཅོས་ཐབས་གང་ཞིག་དགོས་མིན་ཐག་གཅོད་བྱེད་ཀྱི་ཡོད། འོན་ཀྱང་ཀླད་པ་རང་ལ་སྐྱོན་ཤོར་སྐབས་ན་ཟུག་ཙམ་ཡང་ཚོར་གྱི་མེད་ལ་དེ་བཞིན་སེམས་ཁམས་ཀྱི་དཀའ་ངལ་མང་པོ་ཞིག་ཤེས་ཚོར་སླ་མོ་ཐུབ་ཀྱི་མེད། དེས་ན་ཤེས་ཡོན་མི་སྣ་ཚོས་བསམ་ཞིབ་ཀྱི་ཐོག་ནས་ཆེས་མགོ་རྙོག་པའི་ཀླད་གནས་སྦྱོང་བརྡར་དང་གཞན་ལ་བལྟ་སྐྱོང་བྱེད་དགོས།

༡༠  སློབ་ཕྲུག་ཚོར་གནད་དོན་ཞིག་རྒྱ་ཆེ་ས་ནས་སྤྱི་བཤད་བྱས་ཐོག་ཞིབ་པ་རང་ངོས་ནས་འཚོལ་འཇུག་སྐབས་ཤེས་རྟོགས་སླ་བ་ཡོང་གི་ཡོད། དེ་ནི་གནས་ཚུལ་རང་ངོས་ནས་འཚོལ་འཇུག་སྐབས་དབང་པོ་ལྔ་དང་དེ་འབྲེལ་ཀླད་པའི་ཆ་ཤས་ཕལ་ཆེ་བ་བཀོལ་སྤྱོད་དགོས་པ་དང་དགེ་རྒན་གྱི་སློབ་ཁྲིད་སྐབས་གཙོ་བོ་སྒྲ་དང་དེ་འབྲེལ་ཀླད་ནས་ཙམ་ལས་བེད་སྤྱོད་དགོས་ཀྱི་མེད་པས་ཡིན།

Post a Comment

Previous Post Next Post