རྡུལ་ཕྲན།
ཁྱེད་ཀྱི་ཉེ་འཁོར་དུ་ཡོད་པའི་དངོས་པོ་ཐམས་ཅད་ཤིན་ཏུ་ཕྲ་བའི་རྡུལ་ཕྲན་ཨེ་ཊོམ་ atom ཞེས་པ་ལས་གྲུབ་ཡོད། ཁྱེད་ཀྱི་ལག་ཏུ་ཡོད་པའི་དེབ་འདི་དང་། དེའི་སྟེང་འབྲི་བྱེད་ཀྱི་སྣག་ཚ། སྡོད་སའི་རྐུབ་སྟེགས་སོགས་ཉེ་འཁོར་ན་ཡོད་པའི་ཅ་དངོས་མཐའ་དག་རྡུལ་ཕྲན་གྱིས་གྲུབ་པ་ཤ་སྟག་ཡིན། རྡུལ་ཕྲན་ལ་རིགས་མི་འདྲ་བ་དང་ཆེ་ཆུང་ཕྲན་བུ་མི་འདྲ་བ་ཡོད་ཀྱང་སྤྱི་ཡོངས་ཐོག་བོངས་ཚད་ཤིན་ཏུ་ཆུང་བས་ཁབ་ཀྱི་རྩེ་མོ་ཅིག་གི་སྟེང་དུའང་རྡུལ་ཕྲན་གྲངས་༦༠ ༠༠༠ ༠༠༠ ༠༠༠ ༠༠༠ ༠༠༠ བརྒལ་བ་ཚོགས་ཡོད། འདི་ལྟ་བུའི་དངོས་གཟུགས་ཤིན་ཏུ་ཕྲ་བ་ཞིག་ང་ཚོའི་བློ་ངོར་འཆར་རྒྱུ་ཧ་ཅང་ཁག་པོ་ཡིན། གནའ་བོའི་གྷི་རིག་གི་མི་ཚོས་རྡུལ་ཕྲན་ལས་ཆུང་བའི་དངོས་པོ་ཞིག་ཡོང་མི་སྲིད་པར་ཡིད་ཆེས་བྱས་ནས་དེར་ཨེ་ཊོ་མོས྄་ཞེས་འབོད་པ་དང་དེ་ནི་ཆ་མེད་ཅེས་པའི་དོན་ཡིན། རྡུལ་ཕྲན་ནི་སྐབས་རེ་ཁེར་རྐྱང་དང་སྐབས་རེར་ཚོགས་པར་བྱས་ཏེ་གནས་པས་འདི་ལྟའི་རྡུལ་ཕྲན་གྱི་ཚོགས་པ་ལ་འདུས་རྡུལ་ཟེར་བ་དང་འདུས་རྡུལ་ཚོགས་པ་ལས་མཐོང་ཆོས་སུ་གྱུར་བའི་དངོས་གཟུགས་མཐའ་དག་གྲུབ་པ་ཡིན། རྡུལ་ཕྲན་ནི་ཤིན་ཏུ་ཕྲ་བའི་རྒྱུ་མཚན་གྱིས་ངེད་ཚོའི་མཐོང་ཆོས་ལས་འདས་པ་ཞིག་ཡིན་རུང་དེ་ལྟར་ཡོད་པ་དངོས་པོའི་ཁྱད་གཤིས་དང་རྩིས་ཀྱི་འགྲོ་ལུགས་ཀྱི་ཐོག་ནས་རྗེས་དཔག་བྱེད་ཐུབ་ཀྱི་ཡོད། ཤིན་ཏུ་ཕྲ་བའི་རྡུལ་ཕྲན་དེ་དག་ཚོགས་པ་ལས་ང་ཚོས་མཐོང་ཆོས་སུ་གྱུར་བའི་དངོས་གཟུགས་རྣམས་གྲུབ་པ་དང་། དེ་དག་གི་དབྱིབས་དང་ཆགས་བཀོད། བྱེད་ལས་བཅས་ཀྱི་ཐོག་ནས་སྲ་གཟུགས་དང་རླངས་གཟུགས། གཤེར་གཟུགས་སོགས་དབྱེ་བ་དང་སྡེ་ཚན་མང་དུ་ཕྱེས་ཡོད། དངོས་རྫས་གང་ཡང་རྡུལ་ཕྲན་རིགས་གཅིག་གམ་དུ་མ་གང་རུང་ལས་གྲུབ་པ་ཡིན། དངོས་གཟུགས་གང་ཡང་ཆུང་མཐར་ཐུག་པའི་རྡུལ་ཕྲ་མོ་ཞིག་གིས་གྲུབ་དགོས་པའི་བསམ་ཚུལ་དེ་དུས་སྔ་མོ་ཞིག་ནས་ཡོད་ནའང་ཡུན་རིང་བར་དེར་ཁུངས་སྐྱེལ་ཡི་བློ་འཕེར་བའི་བརྟག་ཐབས་ཤིག་རྙེད་མེད།

རྡུལ་ཕྲན་བཟོ་བཀོད་ཀྱི་ལོ་རྒྱུས།
དངོས་པོ་འདི་དག་ཧ་ཅང་ཕྲ་བའི་རྡུལ་གྱིས་གྲུབ་པར་འདོད་མཁན་ཐོག་མ་ནི་གནའ་བོའི་གྷི་རིག་གི་མི་ཚོ་ཡིན། ཁོང་ཚོའི་འདོད་ཚུལ་ལྟར་ན་དེ་འདྲའི་ཕྲ་རྡུལ་དེ་སྤོ་ལོའི་དབྱིབས་ཅན་གྱི་རྡོག་གཟུགས་ཤིག་དང་ཆ་དབྱེ་རུ་མེད་པ་ཞིག་ཡིན་ལ། བསམ་ཚུལ་དེར་འགྱུར་བ་མེད་པར་དུས་རབས་ཉི་ཤུ་པའི་མགོ་སྟོད་བར་གནས་པ་རེད། སྐབས་དེ་ཙམ་ན་སྔར་བཤད་པའི་རྡུལ་ཕྲན་ཞེས་པ་ཤིན་ཏུ་ཕྲ་བའི་ཆ་མེད་ཀྱི་རྡུལ་དེ་ཡང་དངོས་སུ་ཆ་མེད་མ་ཡིན་པར་དེར་མ་མཐའ་ཡང་གློག་ཁུར་ཕོ་ཅན་གྱི་ཆ་ཞིག་དང་གློག་ཁུར་མོ་ཅན་གྱི་ཆ་གཅིག་བཅས་ཆ་ཤས་གཉིས་ཡོད་པ་ཤེས་ཡོད། གནས་ཚུལ་གསར་པ་དེ་དང་ལྷན་དུ་རྡུལ་ཕྲན་གྱི་དཔེ་གཟུགས་ལ་ཡང་འགྱུར་བ་དེ་བཞིན་བྱུང་ནས་དཔེ་གཟུགས་གསར་པ་ཞིག་འཆར་འགོད་བྱུང་བ་དེ་བག་ཟན་གྱི་གོང་བུ་ཟླུམ་པོ་ཞིག་གི་དབུས་སུ་ཤིང་ཏོག་སྐམ་པོ་གྲམ་ནས་ཡོད་པ་ལྟ་བུ་ཞིག་ཡོད།
   



རུ་ཐར་ཕོར་ཌ་ཡི་བརྟག་དཔྱད།
ཚན་རིག་པ་རུ་ཐར་ཕོར་ཌ་ནི་སྤྱི་ལོ་ ༡༨༧༡ ལོར་འཁྲུངས་པ་དང་འགྱེད་འཕྲོའི་རང་བཞིན་དང་ཕན་གནོད་ཐད་བརྟག་དཔྱད་བྱེད་མཁན་ཞིག་ཡིན་པ་མ་ཟད་ལས་གཞི་དེའི་མངོན་ཐོན་གྱི་གྲུབ་འབྲས་ཆེན་པོ་ཐོབ་མཁན་ཞིག་ཡིན་པས་སྤྱི་ལོ་༡༩༠༨ ལོར་སྙན་གྲགས་ཆེ་བའི་ནོ་བེལ་གཟེངས་རྟགས་ཀྱང་འབུལ་བཞེས་བྱུང་ཡོད། ཁོང་ཨིན་ཡུལ་དུ་ཕྱག་ལས་གནང་བཞིན་པའི་སྐབས་ཤིག་ལ་སྐབས་དེའི་ཚན་རིག་པ་ཚོའི་བསམ་ཡུལ་ལས་འདས་པའི་གནས་དོན་ཞིག་གསར་རྙེད་བྱུང་བ་རེད། ཁོང་དང་ལས་རོགས་གཉིས་བཅས་ལྷན་དུ་བརྟག་དཔྱད་ཅིག་བྱས་ཡོད། བརྟག་དཔྱད་ནི་སྣོད་སྟོང་སང་ཞིག་གི་དབུས་སུ་གསེར་ཤོག་ཤིན་ཏུ་ཕྲ་བ་ཞིག་བཞག་པ་དང་། དེའི་མཐའ་འཁོར་དུ་སྤྱིན་ཤོག་གི་དྲ་ཡོལ་གྱི་སྐོར་ཡོད། དེ་རྗེས་གསེར་ཤོག་ཐོག་ཨལ་ཕ་ alpha རྡུལ་གྱི་འོད་ཟེར་ཕོག་འཇུག་སྐབས་པར་རིས་ནང་གསལ་བ་བཞིན། རྡུལ་མང་ཆེ་བ་གསེར་ཤོག་བརྒྱུད་ནས་ཐད་ཀར་རྒྱབ་ཕྱོགས་ཡོད་པའི་དྲ་ཡོལ་སྟེང་ཕོག་གི་ཡོད། ཡང་འགའ་ཞིག་ཟུར་ཚད་ཆུང་ངུའི་ཐོག་སྐྱོག་ནས་འགྲོ་བ་དང་། དེ་ལས་ཆེས་ཉུང་ངུ་ཞིག་ཕར་སྐྱོད་སའི་ཁ་ཕྱོགས་ཀྱི་ལྡོག་ཕྱོགས་སུ་ཕྱིར་ལོག་བྱེད་པ་རྙེད་པ་རེད། བརྟག་དཔྱད་ཀྱི་གྲུབ་འབྲས་འདིར་བརྟེན་ནས་རྡུལ་ཕྲན་གྱི་ཆགས་བཀོད་དཔེ་གཟུགས་ཐད་བསམ་ཚུལ་གསར་པ་ཞིག་བཤད་ཡོད། ཁོང་གི་ཟེར་དོན་ལྟར་ན་ཨལ་ཕ་རྡུལ་ཕལ་ཆེ་བ་གསེར་ཤོག་བརྒྱུད་ནས་ཐད་སྐྱོད་བྱེད་པ་དེས་རྡུལ་ཕྲན་གྱི་ཁོག་པ་ཕལ་ཆེ་བ་སྟོང་སང་ཡིན་པ་དང་འགའ་ཞིག་སྐྱོག་ནས་འགྲོ་བ་དང་ཚུར་ལོག་བྱེད་པ་དེས་རྡུལ་ཕྲན་གྱི་གློག་ཁུར་ཕོ་ཅན་གྱི་གོང་བུ་མཐའ་དག་རྡུལ་ཕྲན་གྱི་གཟུགས་སྤྱིར་ཁྱབ་པ་མ་ཡིན་པར་དབུས་ཀྱི་གནས་ཆུང་ངུ་ཞིག་ལ་ཚོགས་ནས་གནས་ཡོད། དེར་བརྟེན་ཕོ་རྡུལ་གྱི་གོང་བུ་རྡུལ་ཕྲན་གྱི་དབུས་སུ་གནས་པ་དང་དེའི་མཐའ་འཁོར་དུ་མོ་རྡུལ་རྣམས་སྐོར་སྐྱོད་བྱེད་བཞིན་གནས་པའི་རྡུལ་ཕྲན་གྱི་དཔེ་གཟུགས་དར་ཁྱབ་བྱུང་བ་རེད། རྡུལ་ཕྲན་གྱི་དཔེ་གཟུགས་གསར་པ་དེ་སྤྱི་ལོ་ ༡༩༡༡ ལོར་གསལ་བསྒྲགས་བྱས་པ་དང་། ད་བར་རྩ་བའི་ཐོག་དཔེ་གཟུགས་དེར་འགྱུར་བ་ཆེན་པོ་བྱུང་མེད། འོན་ཀྱང་བརྟག་དཔྱད་རིམ་པར་བྱས་པའི་བརྒྱུད་རིམ་ཁྲོད་རྡུལ་ཕྲན་གྱི་གྲུབ་བྱེད་ཆ་ཤས་གཞན་མང་དག་ཅིག་རྙེད་ཡོད་པ་ལས། སྤྱི་ལོ་༡༩༣༢ ལོར་མ་ནིང་རྡུལ་ཞེས་པ་ཕོ་རྡུལ་དང་གདོས་ཚད་མཉམ་ཡང་གློག་ཁུར་མེད་པའི་རྡུལ་ཞིག་གསར་རྙེད་བྱུང་བ་དང་། རྡུལ་དེ་ཡང་རྡུལ་ཕྲན་གྱི་ལྟེ་དབུས་སུ་གནས་པས་ཕོ་རྡུལ་དང་ལྷན་དུ་ཐུན་མོང་དུ་རྡུལ་ཕྲན་གྱི་ལྟེ་རྡུལ་ལམ་ཉིང་རྡུལ་ཞེས་འབོད་ཀྱི་ཡོད། དུས་རབས་ཉི་ཤུ་པའི་སྨད་དུ་འཕྲུལ་རིག་ཐད་ཡར་རྒྱས་ཆེན་པོ་བྱུང་བ་དང་ཚན་རིག་པས་བཀོལ་སྤྱོད་བྱེད་པའི་ཡོ་ཆས་ལ་གསར་བརྗེ་ཆེན་པོ་བྱུང་སྟེ་སྔར་ཤེས་རྟོགས་མེད་པའི་གནས་ཚུལ་མང་པོ་ཞིག་རྟོགས་ཡུལ་དུ་ཤར་ཐུབ་པ་བྱུང་། དེ་སྔོན་རྡུལ་གྱི་ཆུང་མཐར་འཛིན་པའི་ཕོ་རྡུལ་དང་མ་ནིང་གི་རྡུལ་ལ་ཡང་ཆ་བགོས་བྱེད་དུ་ཡོད་པའམ་དེ་ལས་ཕྲ་བའི་རྡུལ་གཞན་གྱིས་གྲུབ་པ་རྙེད་ཡོད། གསར་དུ་རྙེད་པའི་ཕྲ་རྡུལ་དེར་ཁུ་ཨག quark ཟེར་བ་དང་ཁུར་དང་རང་འཁོར་བྱེད་ཕྱོགས་མི་འདྲ་བའི་ཐོག་ནས་རིགས་མི་འདྲ་བ་དྲུག་ལ་དབྱེ་ཐུབ། དེ་དྲུག་ནི། སྟེང། འོག ཡར། མར། འཇོ་སྒེགས། ཡ་མཚན་བཅས་ཡིན། མིང་གི་ཐ་སྙད་འདི་དག་རྣམ་དབྱེ་ཙམ་གྱི་ཆེད་དུ་བཏགས་པ་ལས་གོ་དོན་གཞན་མེད། ཕྲ་རྡུལ་འདི་དག་གྲངས་དང་རིམ་པ་འདྲ་མིན་ལྷན་དུ་འདུས་ནས་དེ་ལས་རགས་པའི་རྡུལ་གཞན་གྲུབ་པ། དཔེར་ན། ཁུ་ཨག་ཡར་རྡུལ་གཉིས་དང་མར་རྡུལ་གཅིག་གིས་མ་ནིང་རྡུལ་གཅིག་གྲུབ་པ་ལྟ་བུ་ཡིན། འོན་ཀྱང་ཕྲ་བའི་རིམ་པ་འདི་ཙམ་དུ་སླེབས་སྐབས་དངོས་གཟུགས་འདི་དག་གི་བྱེད་ལས་དང་རྣམ་འགྱུར་ཡ་མཚན་ཅན་དུ་འགྱུར་བས་འཇིག་རྟེན་རགས་པའི་ལུགས་ཀྱི་རྣ་དབྱེ་དང་རྩ་ཁྲིམས་མང་པོ་ཞིག་དང་འགལ་འགྲོ་བ་དང་། དེ་ལ་བརྟེན་ནས་རླབས་དང་རྡུལ་གྱི་ཟུང་ལྡན་རང་བཞིན་ཟེར་བ་དང་། ཉེ་གནས་ཀྱི་རང་བཞིན་ཟེར་བ། ཐ་དད་དབྱེ་རུ་མེད་པའི་རང་བཞིན་ཟེར་བ་སོགས་སྔར་གོ་མ་མྱོང་བ་དང་། ཡ་མཚན་ཅན་གྱི་བརྗོད་གཞི་མང་པོ་ཞིག་དངོས་ཁམས་ཚན་རིག་གི་སློབ་གཞིའི་ནང་དུ་སླེབས་ཡོད།



Post a Comment

Previous Post Next Post