སྤེལ་མཁན། : tsenrig 8/07/2015



མཐོང་བའམ་མི་མཐོང་བ།

དགོས་ངེས་རྒྱུ་ཆ།

  • ཤོག་བུ། ༼ཨིན་ཅི་ ༣ x ༥༽
  • མི་ཊར་གཅིག་བྱས་པའི་ཐིག་ཤིང་ཡང་ན་རྒྱུགས་པ། ༼གདམ་ཀའི།༽

རྒྱབ་ལྗོངས་གནས་ཚུལ།

མིག་གི་དྲ་སྐྱིས་འོད་ལེན་ཏེ་ཡ་ལན་སྤྲོད་པའམ་ཀླད་པར་བརྡ་གཏོང་བར་བརྟེན་ཁྱེད་ཀྱིས་མཐོང་ཐུབ།  ཡིན་ནའང་མིག་གི་དྲ་སྐྱིའི་གནས་ཤིག་ཡོད་པ་དེས་ཁྱེད་ལ་མཐོང་བྱེད་གནས་ཚུལ་དེ་སྤྲོད་ཀྱི་མེད། དེ་ནི་ཁྱེད་ཀྱི་མིག་གི་ལོང་ཐིག་ཡིན།

ལག་བསྟར་དང་དོ་སྣང་བྱ་རྒྱུ།

  1. གཤམ་དུ་སྟོན་པ་བཞིན་ཤོག་བུའི་སྟེང་ཚེག་ཅིག་དང་ཀུ་རུ་ཁ་ཞིག་བྲིས།
  2. དཔུང་པ་ཞིག་གི་རྒྱང་ཚད་དང་མཐོ་ཚད་མིག་ཙམ་དུ་ཤོག་བུ་དེ་འཛིན་དགོས།  ཀུ་རུ་ཁ་དེ་ངེས་པར་གཡས་ཕྱོགས་སུ་དགོས།
  3. ཁྱེད་ཀྱིས་མིག་གཡས་པ་བཙུམ་ནས་མིག་གཡོན་མས་ཐད་ཀར་ཀུ་རུ་ཁ་དེར་ལྟོས།  ཚེག་དེའང་མཐོང་ཐུབ་པར་དོ་སྣང་བྱེད།  ཁྱེད་ཀྱི་གདོང་ཕྱོགས་སུ་ཤོག་བུ་དེ་ག་ལེར་འཁྱེར་ཡོང་དུས་ཀུ་རུ་ཁ་དེར་དམིགས་དགོས་པར་ཚེག་དེ་ལའང་དོ་སྣང་བྱེད་དགོས།  ཤོག་བུ་དེ་ཁྱེད་ཀྱི་གདོང་ཕྱོགས་སུ་འཁྱེར་དུས་ཚེག་དེ་ཡལ་བ་དང།  དེ་ནས་བསྐྱར་དུ་འཆར་ཡོང་གི་ཡོད།
  4. ཁྱེད་ཀྱི་མིག་གཡོན་མ་བཙུམ་ནས་མིག་གཡས་པས་ཚེག་དེར་ཐད་ཀར་ལྟོས།  ཁྱེད་ཀྱི་གདོང་ཕྱོགས་སུ་ཤོག་བུ་དེ་ག་ལེར་འཁྱེར་དུས་ཀུ་རུ་ཁ་དེ་ཡལ་བ་དང་བསྐྱར་དུ་འཆར་ཡོང་གི་རེད།
  5. བྱེད་སྒོ་དེ་བསྐྱར་དུ་གནང་རོགས།  སྐབས་འདིར་ཚེག་དང་ཀུ་རུ་ཁ་གཉིས་གཞུང་ཐིག་ལ་མ་གནས་པར་ཤོག་བུ་དེ་ཏོག་ཙམ་སྐོར་དགོས།  གྲུབ་འབྲས་ཐོན་པ་རྣམས་གཅིག་མཚུངས་ཡིན་ནམ།

གང་འབྱུང་གི་འདུག་གམ།

མཐོང་བྱེད་དབང་རྩས་བརྡ་རྣམས་མིག་ནས་ཀླད་པར་སྐྱེལ་གྱི་ཡོད།  དབང་རྩའི་རྩ་རྒྱུད་དེ་མིག་གི་འོད་ལེན་སྐྱེན་པོའི་གནས་བྱེ་བྲག་པ་དྲ་སྐྱི་ཞེས་པ་དེའི་བརྒྱུད་འགྲོ་ཡི་ཡོད།  ཁྱེད་ཀྱི་མིག་གི་དྲ་སྐྱིའི་གནས་དེར་འོད་ལེན་ཕྲ་ཕུང་མེད།  ཁྱེད་ཀྱིས་ཤོག་བུ་དེ་འཛིན་སྐབས་གནས་དེར་ཚེག་ནས་ལྡོག་པའི་འོད་ཕོག་ཀྱང་ཁྱེད་ཀྱིས་ཚེག་དེ་མཐོང་མི་ཐུབ།
ལོང་ཐིག་བྱེད་སྒོ་དེ་ཚུལ་མི་འདྲ་བ་ཞིག་བྱེད་ན།  ཤོག་བུའི་མཐའ་གཅིག་ནས་གཞན་དེའི་བར་དུ་དྲང་ཐིག་ཅིག་འཐེན།  ཐིག་དེ་ཀུ་རུ་ཁ་དང་ཚེག་གཉིས་བརྒྱུད་ནས་འཐེན་དགོས།  ཚེག་དེ་ཡལ་དུས་སྔར་ཚེག་ཡོད་པའི་གནས་དེར་སྟོང་ཆ་མེད་པར་ཐིག་དེ་བར་མ་ཆད་པའམ་མུ་མཐུད་པའི་མཐོང།  ལོང་ཐིག་གི་མཐའ་སྐོར་གྱི་གཟུགས་བརྙན་ལས་ཀླད་པས་ལོང་ཐིག་དེ་ཁ་སྐོང་བྱས།  དེར་བརྟེན་ཁྱེད་ཀྱིས་རྒྱུན་ལྡན་གྱི་ཞིབ་རྟོགས་སྐབས་ལོང་ཐིག་དེ་དོ་སྣང་བྱུང་གི་མེད།

ཕ་མཐར་བསྐྱོད་རྒྱུ།

མིག་གི་དཔེ་གཟུགས་ཤིག་བེད་སྤྱོད་བྱེད་པར་ཁྱེད་ཀྱིས་དྲ་སྐྱི་སྟེང་ལོང་ཐིག་གི་ཆེ་ཚད་༼ཚོད་དཔག་༽ཤེས་ཐུབ།
ཨིན་ཅི་ ༣ x ༥ བྱས་པའི་ཤོག་བུའི་གཡོན་ཕྱོགས་སུ་ཀུ་རུ་ཁ་ཞིག་བྲིས།  ཤོག་བུ་དེ་ཁྱེད་ཀྱི་མིག་ནས་རྒྱང་ཚད་ཨིན་ཅི་ ༩་༧༥༼སེན་ཊི་མི་ཊར། ༢༥༽ ཙམ་འཛིན་དགོས།  ༼ཁྱེད་ཀྱིས་རྒྱང་ཚད་དེ་ཚད་འཇལ་དགོས།  ཤོག་བུ་ནས་ཁྱེད་དབར་རྒྱང་ཐག་དེ་ཁྱེད་ཀྱི་ལོང་ཐིག་གི་ཆེ་ཚད་ཤེས་པར་གལ་ཆེ།༽

ཁྱེད་ཀྱིས་མིག་གཡོན་པ་བཙུམ་ནས་མིག་གཡས་པས་ཀུ་རུ་ཁ་དེར་ཐད་ཀར་ལྟོས།  ཤོག་བུ་དེའི་སྟེང་སྨྱུ་གུ་ཞིག་འགུལ་སྐྱོད་གཏོང་དགོས།   སྨུ་གུ་དེའི་རྩེ་ཁྱེད་ཀྱི་ལོང་ཐིག་ནང་ཡལ་གྱི་ཡོད་པ་གནས་དེ་བརྟག་རྒྱག་དགོས།  དེ་ལྟར་སྨྱུ་གུ་ཡལ་བའི་གནས་གཞན་རྣམས་ལའང་བརྟག་རྒྱག་དགོས།  སྨྱུ་གུ་དེས་ཤོག་བུའི་སྟེང་ཁྱེད་ཀྱི་ལོང་ཐིག་གི་ཆེ་ཚད་དང་དབྱིབས་བརྟག་རྒྱག་དགོས།  ཤོག་བུའི་སྟེང་ལོང་ཐིག་གི་ཚངས་ཐིག་དེ་འཇལ།

ང་ཚོའི་དཔེ་ལྟབས་བདེ་དེའི་ནང་མིག་དེས་ pinhole camera མིག་གི་རྒྱལ་མོ་དེ་ pinhole ལྟ་བུའི་བྱེད་སྒོ་སྒྲུབ་པར་ངོས་འཛིན་བྱས།  དཔེ་འདི་ལྟ་བུའི་ནང་དྲ་སྐྱི་ནས་མིག་གི་རྒྱལ་མོའི་བར་རྒྱང་ཚད་ཨིན་ཅི་ ༠་༧༨༼སེན་ཊི་མི་ཊར། ༢༽ ཡོད།  འོད་ནི་མིག་གི་རྒྱལ་མོའི་བརྒྱུད་དྲ་སྐྱི་བར་དུ་ཐད་ཀར་འགྲུལ་བཞུད་བྱེད།  དེ་རྗེས་འདྲ་མཚུངས་ཟུར་སུམ་མ་བེད་སྤྱོད་དེ་ཁྱེད་ཀྱི་དྲ་སྐྱིའི་སྟེང་ལོང་ཐིག་དེ་ཚད་འཇལ་ཐུབ།  རྩིས་དེའི་མཉམ་རྩིས་ནི་ s/2 = d/D ཡིན།  s ནི་ཁྱེད་ཀྱི་དྲ་སྐྱིའི་སྟེང་ལོང་ཐིག་གི་ཚངས་ཐིག་དང་།  d ནི་ཤོག་བུའི་སྟེང་ལོང་ཐིག་གི་ཆེ་ཚད་ཡིན།  D  ནི་ཁྱེད་ཀྱི་མིག་ནས་ཤོག་བུའི་དབར་རྒྱང་ཐག་དེ་ཡིན། ༼སྐབས་འདིར་ཨིན་ཅི། ༩་༧༥ སེན་ཊི་མི་ཊར། ༢༥༽

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།