ཉི་མའི་ཁྱིམ་རྒྱུད།
ངེད་ཚོའི་མཐོང་ཆོས་སུ་གྱུར་བའི་འཇིག་རྟེན་འདིའི་ནང་སྐར་མ་དང་སྐར་ཚོགས་གྲངས་ལས་འདས་པ་ཞིག་ཡོད་པ་ལས་སྐར་མ་ཐེར་འབུམ་བརྒྱ་ལྷག་ལྷན་དུ་ཚོགས་པ་ལས་དགུ་ཚིགས་གཅིག་གྲུབ་པ་དང་། འཇིག་རྟེན་ནང་དེ་འདྲའི་དགུ་ཚིགས་ཐེར་འབུམ་བརྒྱ་ལྷག་ཡོད་པ་འདོད་ཀྱི་ཡོད། ངེད་ཚོའི་ཉི་མ་འདི་ཡང་སྤྱིར་སྟངས་ཀྱི་སྐར་མ་ཞིག་དང་དགུ་ཚིགས་སྐྱ་མོ་ཞེས་པའི་དགུ་ཚིགས་ཤིག་གི་མཐའ་འཁོར་དུ་གནས་པའི་སྐར་མ་ཞིག་ཡིན། ཉི་མ་འདིའི་མཐའ་འཁོར་དུ་སྐོར་སྐྱོད་བྱེད་པའི་གཟའ་དང་བྲག་རྡོ་མང་པོ་ཡོད་པ་དེ་དག་གི་སྤྱི་མིང་དུ་ཉི་མའི་ཁྱིམ་བརྒྱུད་ཟེར་གྱི་ཡོད། ཉི་མའི་ཁྱིམ་བརྒྱུད་ནང་གནས་པའི་དངོས་གཟུགས་ཐམས་ཅད་ལས་གདོས་ཚད་ཆེ་ཤོས་ཉི་མ་ཡིན་པས་ས་ཡི་གོ་ལ་གཙོས་པའི་གཟུགས་གཞན་ཐ་དག་འདིའི་འཁོར་གཡོག་གི་ཚུལ་དུ་སྐོར་སྐྱོད་བྱེད་ནས་སྡོད་པ་དང་མིང་དུ་ཉི་མའི་ཁྱིམ་བརྒྱུད་ཐོགས་པ་རེད། ཉི་མར་སྐོར་སྐྱོད་བྱེད་པའི་གཟའ་གླིང་བརྒྱད་ཀྱི་ནང་ནས་གསུམ་པ་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ནི་ས་ཡི་གོ་ལའམ་ངེད་ཚོ་འཚོ་སྡོད་བྱེད་སའི་གླིང་འདི་ཡིན།
འཛམ་བུ་གླིང༌།
ང་ཚོའི་འཛམ་བུ་གླིང་འདི་བཞིན་ཟླ་བ་དང་གཟའ་སྐར་ལྟ་བུའི་ས་རྡོའི་གོང་བུ་ཙམ་ཞིག་མིན་པར་ཚེ་སྲོག་གི་འགྲོ་བ་དང་མིའི་འགྲོ་བ་འཕེལ་ཏེ་དཔལ་ཡོན་དར་སའི་གཞི་ཡང་ཡིན་པ་ནི་མཐོང་ཆོས་སུ་གནས། འོན་ཀྱང་སའི་གོ་ལ་འདིའི་ལོ་ཚད་དང་རྒྱ་ཁྱོན། གྲུབ་ཚུལ་སོགས་ཏོག་ཙམ་དཔོག་པར་དཀའ་བའི་གནད་རྣམས་གང་འདྲ་ཡིན་ནམ་སྙམ་པའི་དོགས་པ་ནི་སུ་ལའང་ཡོང་སྲིད་ཅིང༌། ཁྱད་པར་དུ་གོ་ལ་ཆེན་པོའི་ལྗིད་ཚད་དང་བོངས་ཚད་སོགས་ང་ཚོས་ཇི་ལྟར་ཤེས་སམ་སྙམ་པའི་ཐེ་ཚོམ་ནི་དེ་བས་ཀྱང་འབྱུང་སྲིད་པས་སྐབས་འདིར་ང་ཚོའི་རྟེན་གཞིའི་གནས་ཚུལ་རོབ་ཙམ་ཞིག་ཉི་མའི་ཁྱིམ་བརྒྱུད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་གཤམ་གསལ་ལྟར་ཡིན།
འཛམ་བུ་གླིང་གི་ལོ་ཚད།

ཚན་རིག་ཆེར་མ་དར་སྔོན་རོལ་ནས་ཆོས་ལུགས་ཀྱི་འདོད་ཚུལ་མང་དག་ཅིག་དར་ཡོད་ཅིང༌། དེ་དག་གིས་རང་རང་གི་ཆོས་ལུགས་དང་གྲུབ་མཐའི་འདོད་ཚུལ་ལས་འཇིག་རྟེན་ཆགས་ཚུལ་སོགས་ཀྱི་གཏམ་བཤད་འདྲ་མིན་མང་དག་ཅིག་བྱས་ཡོད། དེ་ལས་མང་པོ་ཞིག་རྟོག་བཟོ་ཙམ་ལས་རྒྱུ་མཚན་ཡང་དག་དང་ཞིབ་ཚགས་པོའི་རྟོག་ཞིབ་ལ་བརྟེན་པའི་བདེན་དོན་མིན། དཔེར་ན། ཡེ་ཤུ་ཆོས་ལུགས་ནང་འཇིག་རྟེན་གྱི་ཁམས་ཡོངས་སུ་རྫོགས་པ་ཉིན་ཞག་དྲུག་གི་ནང་བཀོད་པར་འདོད་པ་ལྟ་བུ་རེད། རྟོག་ཞིབ་དང་བརྟག་དཔྱད་ཀྱི་ལམ་གཙོ་བོར་གཟུང་ནས་ཕྱི་དངོས་པོའི་རྣམ་བཞག་གཏན་ལ་འབེབས་པའི་ཚན་རིག་དར་ནས་བཟུང་འཇིག་རྟེན་ཁམས་ཀྱི་གསང་བའི་གནད་རྣམས་རིམ་བཞིན་མི་རྣམས་ཀྱི་སྣང་ངོར་གསལ་བ་དང་། ཚན་རིག་གི་རིག་གཞུང་དར་ནས་མིའི་ཤེས་བྱའི་བང་མཛོད་ཇེ་ཆེ་ཇེ་ཆེར་འགྲོ་མུས་ཡིན་ཞིང༌། འཕྲུལ་རིག་དར་བའི་རྐྱེན་གྱིས་ཕྱོགས་མང་པོ་ཞིག་ལ་མི་ཚེའི་གནས་སྟངས་ལེགས་སུ་ཕྱིན་ཡོད་ནའང་མིའི་བསམ་བློའི་ཡར་རྒྱས་དང་ཀུན་སྤྱོད་ཀྱི་མཛེས་སྡུག་ནི་ཆོས་ལུགས་ཀྱི་སློབ་གསོ་དང་མིག་སྟོན་ལ་ཧ་ཅང་རག་ལས་ཡོད། གང་ལྟར་ཡང་ཆོས་ལུགས་དང་ཚན་རིག་གཉིས་ཀའི་དར་རྒྱས་ནི་མིའི་ལུས་སེམས་ཟུང་གི་བདེ་ཐབས་ལ་སྨན་པ་ཡིན་པ་ནི་ཚང་མས་ཤེས་དགོས་པ་ཞིག་ཡིན། ཞོར་འཕྲོས་སྤངས་ཏེ་སྐབས་ཀྱི་དོན་བཤད་པ་ལ། ཐོག་མར་འཛམ་བུ་གླིང་གི་ལོ་ཚད་གཏན་ལ་ཕབ་པའི་རིམ་པ་ནི། ཕྱི་ལོ་ ༡༧༤༩ ལོར་ཕ་རན་སིའི་རང་བྱུང་སྨྲ་བ་སྦུ་ཕོན་གྱིས་རང་བྱུང་ལོ་རྒྱུས་ཞེས་པའི་དེབ་ཕྲེང་དང་པོའི་ནང་དུ་འཛམ་བུ་གླིང་ཐེ་བའི་གཟའ་གཞན་རྣམས་ཉི་མ་དང་དུ་བ་མཇུག་རིང་བརྡབས་པ་ལས་གྲུབ་པ་ཡིན་པའི་བསམ་ཚུལ་བཤད་ཡོད། དེབ་དེའི་ནང་དུ་ཁོང་གིས་སྐྱེ་དངོས་འཕེལ་རིམ་གྱི་རྣམ་བཞག་ཀྱང་གསལ་པོར་བཤད་ཡོད་པ་དེ་ནི་དེ་སྔོན་རང་བྱུང་ལོ་རྒྱུས་སྨྲ་བ་སུས་ཀྱང་བྱེད་མ་ཕོད་པའམ་མི་བྱེད་པའི་དོན་ཞིག་ཡིན། སྦུ་ཕོན་གྱིས་འཛམ་བུ་གླིང་གི་ལོ་ཅི་ཙམ་ཡིན་མིན་ཚོད་རྩིས་བྱེད་ཐབས་ཀྱིས་འཛམ་བུ་གླིང་གི་ཆེ་ཚད་དང་ལྡན་པའི་གཟུགས་ཤིག་ཉི་མའི་དྲོད་ཚད་ལས་འཛམ་བུ་གླིང་གི་དྲོད་ཚད་བར་གྲང་མོར་གྱུར་བར་ལོ་ཅི་ཙམ་འགོར་བའི་རྩིས་སྐོར་བྱས། ཁོང་གིས་དེ་ནི་ལོ་ ༧༥༠༠༠ འགོར་གྱི་ཡོད་པ་དང༌། ལོ་༤༠༠༠༠ ཙམ་གྱི་གོང་དུ་འཛམ་བུ་གླིང་གི་དྲོད་ཚད་ནི་སྲོག་འཚོ་ཐུབ་པའི་དྲོད་ཚད་དུ་གྲང་ཟིན་པ་དང༌། ད་དུང་ཡང་ལོ་ངོ་ ༩༠༠༠༠ བར་དུ་གནས་ཏེ་དེ་ནས་སྲོག་འཚོ་བར་དཀའ་བའི་གྲང་ངར་ཅན་དུ་འགྱུར་རྒྱུ་ཡིན་པའི་ཚོད་དཔག་ཀྱང་བྱས་ཡོད། ཁོང་གིས་ཚོད་དཔག་འདི་དག་ནི་དེང་གི་ཚན་རིག་པས་འདོད་པའི་ཚོད་དཔག་ལས་ཧ་ཅང་གི་ཆུང་བ་ཡིན་ནའང༌། ཁོང་ནི་དེ་སྐབས་ཡོངས་གྲགས་སུ་འདོད་པའི་འཛམ་བུ་གླིང་གི་ལོ་དྲུག་སྟོང་ལས་ཆེས་ཆེ་བ་ཡིན་པའི་བསམ་ཚུལ་འདོན་མཁན་གྱི་ཚན་རིག་པ་གལ་ཆེན་ཞིག་ལོས་ཡིན། འོན་ཀྱང་སྦུ་ཕོན་གྱི་ཚོད་རྩིས་ནི་ཚོད་དཔག་རྐྱང་པ་ལས་མ་འདས། དེ་ནས་དབྱིན་ཇིའི་ས་གཤིས་སྨྲ་བ་ཇེམ་སི་ཧུའུ་ཊོན་གྱིས་དབྱིན་ཡུལ་གྱི་ས་ཁུལ་གང་སར་ཆགས་པའི་རྡོ་རིགས་རྣམས་ལ་ལོ་མང་རིང་བརྟག་དཔྱད་ཞིབ་ཚགས་བགྱིས་མཐར་མཐོང་སྣང་བྱུང་བ་ལྟར་ན་འཛམ་བུ་གླིང་གི་བཀོད་པ་དེ་འགྱུར་རིམ་ཆེས་ཤིན་ཏུ་དལ་པོའི་ངང་འགྲོ་བཞིན་ཡོད་པ་དང༌། རྡོ་རིགས་ཁ་ཤས་ནི་ཆུ་འོག་ཆགས་པའི་ས་འདམ་ཆུའི་གནོན་ཤུགས་ཀྱིས་བཙིར་བ་ལས་གྲུབ་ཅིང༌། རེས་འགའ་ནི་མེ་རི་ལས་འཛགས་པའི་རྡོ་བཞུན་གྲང་བ་ལས་བྱུང་ཡང་རླུང་དང་ཆུ་ཡིས་དལ་གྱིས་ཟད་པ་སོགས་མཐོང༌། འདས་ལོ་དུ་མའི་རིང་འགྱུར་བ་འདི་དག་ཧ་ཅང་དལ་པོའི་ངང་ཕྱིན་པ་ཡིན་པས། ཁོང་གིས་འགྱུར་བའི་དལ་ཚད་དང་ཆེ་ཚད་ལས་འཛམ་བུ་གླིང་གི་ལོ་རབས་ཚོད་དཔག་བྱེད་ཐུབ་པར་བཤད། དེ་ལྟའི་ལྟ་བ་འདོད་མཁན་ལ་ཆ་སྙོམས་སྨྲ་བ་ཞེས་བརྗོད་དེ་བསྐལ་བའི་བར་ཆ་སྙོམས་ཀྱི་འགྱུར་བ་ལས་འཇིག་རྟེན་རིམ་གྱིས་ཆགས་པར་འདོད་པས་ཡིན། དེ་ནི་གློ་བུར་གོད་ཆག་སྨྲ་བའི་འདོད་ཚུལ་དང་རྒྱབ་འགལ་ཏག་ཏག་ཏུ་ཡོད་དེ། གོད་ཆག་སྨྲ་བ་རྣམས་ཀྱིས་ལྟོས་ས་ལྟོས་འཇོག་གི་དུས་ཡུན་ཐུང་ངུའི་ནང་འཛམ་བུ་གླིང་ལ་གོད་ཆག་ཆེན་པོའི་རྐྱེན་པས་འགྱུར་བ་ཆེན་པོ་འགྲོ་བར་འདོད་དེ། དཔེར་ན། ཡེ་ཤུའི་ལོ་རྒྱུས་ནང་ནོ་ཝ་ཡི་ཆུ་རླབས་ཀྱི་རྐྱེན་ངན་ལྟར་རོ།། ཧུའུ་ཊོན་གྱིས་རང་གི་མཐོང་སྣང་རྣམས་སའི་གོ་ལའི་གྲུབ་དོན་ཞེས་པའི་དཔེ་དེབ་ནང་ཕྱི་ལོ་ ༡༧༨༥ ལོར་དཔར་བསྐྲུན་བྱས་ཡོད། ཁོང་གིས་འཛམ་གླིང་གི་ལོ་ཚད་ཚོད་དཔག་རང་མི་བྱེད་ཀྱང་འཛམ་བུ་གླིང་ནི་ཧ་ཅང་གི་རྒན་འཁོགས་ཡིན་དགོས་པ་དང༌། མཐོང་ཚུལ་ལས་དེའི་ཐོག་མའི་ཆགས་ལོ་བཤད་ཐུབ་པའི་རྟགས་མཚན་གང་ཡང་མི་འདུག་ཅེས་བཤད་ཡོད། འོན་ཀྱང་སའི་གོ་ལའི་ཆགས་ལོ་ནི་དེ་བས་ཆེས་ཤིན་ཏུ་ནས་སྔ་རོལ་ཏུ་བྱུང་བ་ནི་ལོ་ངོ་དུང་ཕྱུར་སུམ་ཅུ་སོ་ལྔ་ཙམ་གྱི་རྡོ་རྙིང་ནང་འབུ་སྲིན་ཕྲ་མོའི་སྐྱེ་ལྡན་ཕྲ་གཟུགས་སོགས་རྙེད་སོན་བྱུང་བའི་ཁུངས་སྐྱེལ་ལས་ཤེས་ཐུབ། ད་ཆ་འཛམ་བུ་གླིང་གི་ལོ་ནི་དུང་ཕྱུར་བཞི་བཅུ་ཞེ་དྲུག་ཙམ་ཞིག་ཡིན་པར་ཚན་རིག་པས་བཞེད་ཚུལ་མཐུན་ནོ།

Post a Comment

Previous Post Next Post