སྤེལ་མཁན། : tsenrig 6/20/2015

མ་ཡི་མངལ་དུ་ཕྲུ་གུ་འཁོར་བ་ནས་མ་སྐྱེས་བར་ཟླ་བ་དགུ་ལྷག་འགོར་བ་དང་དུས་ཡུན་དེའི་རིང་མིག་གིས་མཐོང་དཀའ་བའི་ཆ་ཤས་ཆུང་ངུ་ཞིག་ནས་མིའི་ཡན་ལག་ཕུང་པོ་ཆ་ཚང་ལྡན་པ་ཞིག་གི་བར་འཚར་ལོངས་ཡོང་གི་ཡོད། འགྲོ་བ་མི་ནི་ཕ་མ་གཉིས་ཚོགས་ནས་སྐྱེ་སྤེལ་བྱེད་དགོས་པའི་སྲོག་ཆགས་དང་བུ་བརྒྱུད་གཅིག་སྐྲུན་པར་ཕ་མ་གཉིས་ནས་ཡོང་བའི་རིགས་རྫས་ཀྱི་ཆ་དགོས་སྟབས་ཕ་ཡི་ཁམས་དཀར་དང་མ་ཡི་ཁམས་དམར་གཉིས་ལྷན་དུ་འདྲེས་ནས་སྐྱེ་སྤེལ་དགོས་ཀྱི་ཡོད། མངལ་གནས་ཆགས་ཚུལ་དང་འཕེལ་འགྱུར་འགྲོ་ཚུལ་ཐད་སྲོལ་རྒྱུན་གཞུང་ལུགས་ཁག་གི་ནང་འགྲེལ་བརྗོད་མང་པོ་ཡོད་ཀྱང་དེང་དུས་འཕྲུལ་ཆས་དང་བཟོ་ལས་ཡར་རྒྱས་ཕྱིན་པའི་རྒྱུ་མཚན་ཀྱིས་གནས་ཚུལ་ཁ་གསལ་དང་དེ་དག་དཔར་ལེན་ཐོག་ནས་འགྲེལ་བརྗོད་བྱས་ཡོད་པ་དང། སྐབས་འདིར་དེང་དུས་ཚན་རིག་ཐོག་ནས་མ་ཡི་མངལ་དུ་ཕྲུ་གུ་ཆགས་ཚུལ་དང་འཚར་ལོངས་བྱེད་ཚུལ་བསྡུས་ཙམ་གླེང་ན།

ཟླ་མཚན་རྗེས་ཀྱི་བདུན་ཕྲག་གཉིས་པ།

འདི་ནི་མའི་བསམ་བསེའུ་ནས་སྒོ་ངའམ་ཁམས་དམར་པོ་གློད་པའི་དུས་ཡིན་སྟབས་ཁམས་འདྲེས་སྦྱོར་གྱི་སྐབས་ཡིན། དེར་བརྟེན་དུས་སྐབས་འདིར་ཕ་མ་གཉིས་ལུས་འབྲེལ་བྱུང་ན་ཕྲུ་གུ་མངལ་འཁོར་བའི་གོ་སྐབས་ཆེ་ཤོས་ཡོད་པ་ཡིན། གལ་ཏེ་ཁམས་དཀར་དམར་གཉིས་འཕྲད་ན་གཅིག་ཏུ་འདྲེས་ནས་གོང་བུ་གཅིག་གྲུབ་པ་དང་། འདིར་ས་བོན་འདུས་གོང་ཟེར་ལ་ཨིན་སྐད་ནང་རྫ་ཡི་གོ་ཊ་ Zygote ཟེར་གྱི་ཡོད། ས་བོན་འདུས་པ་ཟེར་བའི་སྐབས་སུ་སྲོལ་རྒྱུན་གྱི་འབྲེལ་ཚུལ་ལྟར་ན་མ་ཡི་མངལ་དུ་ཡོད་པའི་ཁྲག་དང་ཕའི་ཁུ་བ་དཀར་པོ་གཉིས་འདྲེས་ནས་གོང་བུ་གཅིག་ཆགས་ཚུལ་ཤོད་ཀྱི་ཡོད། འོན་ཀྱང་མའི་ཟླ་མཚན་དང་མངལ་གནས་ཀྱི་ཁྲག་གང་དང་ཡང་མའི་གློད་པའི་སྒོ་ང་མིན་ལ་འབྲེལ་བ་ཐད་ཀར་མེད། ཟླ་མཚན་
འབབ་པ་ནི་མའི་སྒོ་ང་དང་ཕའི་ཁམས་དཀར་མ་འཕྲད་པའི་སྐབས་སུ་དེ་གཉིས་འབྱར་སའི་མངལ་པགས་གཙང་བཟོ་བྱེད་པའི་བྱ་རིམ་ཞིག་ཡིན། ཕ་ཡི་ཁུ་བ་འདོན་ཐེངས་གཅིག་ལ་ཁམས་དཀར་གྱི་ས་བོན་ས་ཡ་བརྒྱ་ལྷག་གློད་འདོན་བྱེད་པ་དང་དེ་དག་གཅིག་ཁོ་ན་མའི་མངལ་ན་ཡོད་པའི་སྒོ་ང་དང་འདྲེས་ནས་གོང་དུ་བཤད་པའི་ས་བོན་འདུས་གོང་ཞེས་པ་སྐྲུན་གྱི་ཡོད། ལུས་འབྲེལ་རྗེས་ཁམས་དཀར་གྱི་ས་བོན་མའི་མངལ་དུ་ཉི་མ་གཉིས་ཙམ་འཚོ་ཐུབ་པ་དང་སྐབས་དེར་མའི་བསམ་བསེའུས་སྒོ་ང་གློད་པ་དང་སྟབས་ཁེལ་ན་ཁམས་དཀར་དམར་གཉིས་འདྲེས་པ་དང་མངལ་གནས་ཆགས་ཐུབ། མ་ཡིས་སྒོ་ང་གློད་པའི་དུས་ཚོད་ནི་ཟླ་མཚན་རྗེས་ཀྱི་བདུན་ཕྲག་གཉིས་པའི་ནང་ཡིན་པས་སྐབས་དེར་ལུས་འབྲེལ་བྱས་ན་མངལ་གནས་འཁོར་བའི་གོ་སྐབས་ཆེ་ཤོས་ཡོད་པ་གོང་དུ་བཤད་ཟིན་དང་། ཁམས་དཀར་དམར་གཉིས་འདྲེས་ནས་ས་བོན་གྱིས་འདུས་གོང་གྲུབ་ན་དེ་རྗེས་རིམ་བཞིན་འདུས་གོང་དེ་ཉིད་ཁ་གྱེས་ནས་གཉིས་སུ་འགྱུར་བ་དང་། གཉིས་དེ་ཡང་ཕྱེད་ཕྱེད་དུ་འགྱུར་ནས་མཐར་བཞི་རུ་འགྱུར་བ་སོགས་ཐབས་ཚུལ་དེའི་ཐོག་ནས་སྐྱེ་འཕེལ་བྱེད་འགོ་འཛུགས་པ་ཡིན། མཐར་ཕྲ་ཕུང་དུ་མ་ལས་གྲུབ་པའི་ཕུང་ཚོགས་ཀྱི་གོང་བུ་དེ་མའི་མངལ་ལྤགས་སྟེང་འབྱར་ནས་མ་དང་ཕྲུ་གུ་གཉིས་བྲལ་ཐབས་མེད་པའི་གནས་སྟངས་འགོ་འཛུགས་བྱུང་བ་རེད།

བདུན་ཕྲག་གསུམ་པ།

མངལ་གནས་སུ་ཡོད་པའི་ཕུང་ཚོགས་ཀྱི་གོང་བུ་འདིར་སྦྲུམ་སྲིང་ཟེར་། འདི་དང་མའི་མངལ་ལྤགས་བར་མཐུད་སྦྱོར་ལེགས་སུ་ཕྱིན་ནས་མཐར་ལྟེ་ཐག་དང་ལྟེ་ཐག་མཐུད་སའི་མངལ་ལྤགས་ཀྱི་གནས་འབྱུང་ལ། སྦྲུམ་སྲིང་གནས་སའི་ཤ་ཐུམ་ཡང་འབྱུང་བ་ཡིན། དེ་བཞིན་སྦྲུམ་སྲིང་གི་དབྱིབས་ལེབ་མོར་གྱུར་ནས་སྦྲུམ་སྲིང་སྡེར་མ་ embryonic disc ཞེས་པ་འབྱུང་།

བདུན་ཕྲག་བཞི་པ།

སྦྲུམ་སྲིང་སྡེར་མའི་དབུས་སུ་སྒལ་ཐིག་ཅེས་པའི་ཕྲ་ཕུང་གི་ཚོགས་པ་འབྱུང་བ་དང་། ཕུང་ཚོགས་འདི་ལས་རྗེས་སོར་སྒལ་ཚིག་དང་ཀླད་པ་འབྱུང་བ་ཡིན། དེ་བཞིན་སྐབས་འདིར་སྙིང་གི་རྨང་གཞིའི་བུ་གུ་གྲུབ་འགོ་འཛུགས།

བདུན་ཕྲག་ལྔ་པ།

ད་ཆ་སྦྲུམ་སྲིང་གི་རིང་ཚད་མི་ལི་མི་ཊར་བཞི་དང་རིམ་བཞིན་དབྱིབས་གུག་ནས་ཟོ་ར་ལྟར་འགྱུར། སྙིང་འཕར་འགུལ་བྱེད་འགོ་འཛུགས། ངོ་གདོང་དང་མཇིང་པ། རྣ་བ། མཆིན་པ། གློ་བ། མཚེར་པ། མཁྲི་ཁུའི་སྣོད་སོགས་ཀྱི་རྨང་གཞི་གྲུབ་འགོ་འཛུགས། ལག་པའི་འབུར་དང་མཇུག་མ་སོགས་མཐོང་ཐུབ། གཅིན་ལམ་དང་གཤང་ལམ་ཐ་དད་འགྱུར་ལ་ཁ་ཡི་རྗེས་དོད།

བདུན་ཕྲག་དྲུག་པ།

སྦྲུམ་སྲིང་གི་རིང་ཚད་མི་ལི་མི་ཊར་བརྒྱད་ཡིན། མིག་དང་རྣ་བ་འབྱུང་། ཀླད་པའི་གོང་བུ་དེ་བཞིན་སྡེ་ཚན་ལྔར་འགྱུར། རྐང་པའི་འབུར་དོད་འགོ་འཛུགས། གདོད་མའི་ཁྲག་རྩའི་ནང་ཁྲག་གི་འཁོར་སྐྱོད་བྱེད་འགོ་འཛུགས།

བདུན་ཕྲག་བདུན་པ།

སྦྲུམ་སྲིང་གི་རིང་ཚད་མི་ལི་མི་ཊར་བཅུ་གསུམ་ཡིན། གློ་བའི་ཕྲ་ཕུང་དངོས་སུ་སྐྱེ་འགོ་འཛུགས། རྐང་ལག་གི་འབུར་སོ་སོའི་དབྱིབས་ཐ་དད་དུ་དབྱེ་ཐུབ་པ་བཅས།




བདུན་ཕྲག་བརྒྱད་པ།

སྦྲུམ་སྲིང་གི་རིང་ཚད་མི་ལི་མི་ཊར་བཅོ་བརྒྱད་ཡིན། ནུ་འབུར་དོད་པ་དང་སྐྲའི་རྨང་གཞི་འབྱུང་། ལག་པའི་གྲུ་མོ་དང་མཛུབ་མོའི་རྗེས་དོད་པ་མཐོང་ཐུབ། གློག་པར་ནང་རྐང་ལག་གཡོ་འགུལ་བྱེད་པ་མཐོང་སྲིད། གལ་ཆེའི་དོན་སྙིང་ཕལ་ཆེ་བ་གྲུབ་འགོ་ཚུགས་ཟིན། བདུན་ཕྲག་བརྒྱད་པ་ནས་བཟུང་མའི་མངལ་ནས་ཕྱིར་མ་འཐོན་བར་འཕེལ་རྒྱས་བྱེད་བཞིན་པའི་སྲོག་ཆགས་དེར་མངལ་གནས་ཟེར་གྱི་ཡོད། གནས་སྐབས་འདི་བར་ཕྲུ་གུའི་ཡན་ལག་དང་དོན་སྙིང་སོགས་མ་གཞི་གྲུབ་དུས་ཡིན་པས་རིམ་པ་དེར་སྦྲུམ་སྲིང་ཟེར་བ་དང་གནས་སྐབས་འདི་ནས་ཕྲུ་གུའི་ཁྱད་ཆོས་ཕལ་ཆེ་བ་གྲུབ་ཟིན་ནས་དེ་དག་འཕེལ་རྒྱ་དང་སྲ་བརྟན་བྱེད་པའི་དུས་ཡིན་སྟབས་རིམ་པ་འདིར་མངལ་གནས་ཀྱི་རིམ་པ་ཞེས་འཕེལ་རིམ་གྱི་སྡེ་ཚན་གཉིས་སུ་དབྱེས་ཡོད། ཡུལ་གྲུ་མང་པོ་ཞིག་གི་རྩ་ཁྲིམས་ནང་མངལ་གནས་ཀྱི་དུས་ཚོད་ཟིན་པའམ་བདུན་ཕྲག་བརྒྱད་པའི་རྗེས་སུ་ཕྲུ་གུ་མེད་པ་བཟོ་མི་ཆོག་ཀྱང་ཡུལ་ལུང་གཞན་དུ་བདུན་ཕྲག་ཉི་ཤུའི་རྗེས་མངལ་གནས་གསོད་མི་ཆོག་པའི་ཁྲིམས་ཡོད།

བདུན་ཕྲག་དགུ་པ།

མངལ་གནས་ཀྱི་རིང་ཚད་མི་ལི་མི་ཊར་སུམ་ཅུ་ཡིན། རྒྱུ་མ་རང་འཁོར་བྱེད་འགོ་འཛུགས། ངོ་གདོང་གི་རྣམ་པ་གསལ་དུ་འགྲོ། མིག་ལྤགས་འབྱུང་བ་དང་། ཕྱི་རྣའི་རྟགས་དོད།

བདུན་ཕྲག་བཅུ་ནས་བཅུ་གསུམ་བར།

མངལ་གནས་ཀྱི་རིང་ཚད་སེན་ཊི་མི་ཊར་བརྒྱད་དང་། ལུས་ཕུང་སྤྱིའི་ཆེ་ཚད་ཀྱི་བརྒྱ་ཆ་ལྔ་བཅུ་མགོ་བོ་ཡིན། མིག་ལྤགས་ཁ་ཟུམ་པ་དང་བདུན་ཕྲག་རྩ་བརྒྱད་བར་ཁ་མི་ཕྱེ། རྐང་ལག་རིང་ལ་ཕྲ་བའི་ཐོག་ལག་མཛུབ་རྐྱང་སྐུམ་གྱིས་ཁུ་ཚུར་སྡམ་ཐུབ། མཚན་མ་དོད་ནས་ཕོ་མོའི་དབྱེ་བ་འབྱེད་ཐུབ། མཆིན་པའི་ནང་ཁྲག་གི་ཕྲ་ཕུང་དམར་པོ་སྐྲུན་འགོ་འཛུགས།

བདུན་ཕྲག་བཅུ་བཞི་ནས་བཅུ་བདུན།

མངལ་གནས་གྱི་རིང་ཚད་སེན་ཊི་མི་ཊར་བཅོ་ལྔ་ཡིན། མགོ་ཐོག་བ་སྤུ་ཕྲ་མོ་སྐྱེ་འགོ་འཛུགས། ཤ་རྒྱུས་ཕྲ་ཕུང་མུ་མཐུད་སྐྱེ་འཕེལ་དང་རུས་སྒྲོམ་སྲ་རུ་འགྲོ་བས་འགུལ་སྐྱོད་མང་དུ་བྱེད། ཁས་ནུ་བ་དང་འཇིབ་པའི་ཚུལ་བྱེད་ཐུབ། མཆིན་པ་དང་མཆིན་ཁྲིས་གཤེར་ཁུའི་རིགས་གློད་གཏོང་བྱེད་འགོ་འཛུགས་པ་བཅས་ཡིན།

བདུན་ཕྲག་ཉི་ཤུ་པ།

མངལ་གནས་གྱི་རིང་ཚད་སེན་ཊི་མི་ཊར་ཉི་ཤུ་ཡིན། ལུས་ཧྲིལ་པོར་བ་སྤུ་ཕྲ་མོ་སྐྱེ། མིག་སྤུ་དང་རྫི་མ་འབྱུང་། རྐང་ལག་གི་མཛུབ་མོར་སེན་མོ་དོད་འགོ་འཛུགས། ཤ་རྒྱུས་འཕེལ་སྐྱེད་ཆེ་བས་རྐང་ལག་མང་དུ་འགུལ་བ་དང་མངལ་གནས་འགུལ་བ་མས་ཚོར་ཐུབ། སེ་ཊེ་ཐོ་སི་ཀོབ་འཕྲུལ་ཆས་རྒྱུད་མངལ་གནས་ཀྱི་སྙིང་གི་འཕར་སྒྲ་ཐོས་ཐུབ།

བདུན་ཕྲག་རྩ་བཞི།

མངལ་གནས་ཀྱི་རིང་ཚད་སེན་ཊི་མི་ཊར་ཉི་ཤུ་རྩ་བརྒྱད་དང་ལྗིད་ཚད་གྷ་རམ་བདུན་བརྒྱ་ལྷག་ཡིན། མིག་གི་ཆ་ཤས་མཐའ་དག་གྲུབ་ཟིན། རྐང་ལག་གི་མཛུབ་རིས་དོད་འགོ་འཛུགས། གློ་བའི་ནང་དབུགས་ལེན་བྱེད་ཀྱི་ཕུང་ཚོགས་རླུང་ཁུག alveoli ཞེས་པ་སྐྱེ་འཕེལ་བྱེད་འགོ་འཛུགས་པ་བཅས་བྱེད།



བདུན་ཕྲག་རྩ་བརྒྱད།

མངལ་གནས་ཀྱི་རིང་ཚད་སེན་ཊི་མི་ཊར་སུམ་ཅུ་སོ་བརྒྱད་ཙམ་དང་ལྗིིད་ཚད་ཀི་ལོ་གཅིག་ལྷག་ཙམ་ཡིན། ལུས་ཀྱི་བྱེད་ལས་འགའ་ཞིག་སྟངས་འཛིན་བྱེད་ཐུབ་པའི་དབང་རྩའི་མ་ལག་གྲུབ་ཟིན། མིག་གདངས་བཙུམ་བྱེད་ཐུབ། རྣ་འབྲུག་གམ་རྣ་བའི་དུང་འཁྱིལ་གྲུབ་ཟིན་ཡང་རྣ་བའི་དབང་པོ་ཆ་ཚང་རྗོགས་པར་སྐྱེ་བ་ལ་ཕྲུ་གུ་སྐྱེས་ཟིན་ནས་ལོ་ངོ་གཅིག་དང་ཕྱེད་ཙམ་འགོར་གྱི་ཡོད། སྐབས་འདིར་ཕྲུ་གུ་སྐྱེས་ན་གསོན་འཚོ་ཐུབ་པའི་རེ་བ་སྲིད་ཀྱང་སྐྱེ་དུས་རན་མེད་པས་ཉེན་ཚབ་ཤིན་ཏུ་ཆེ།

བདུན་ཕྲག་སོ་དྲུག་པ།

མངལ་གནས་ཀྱི་ཆེ་ཚད་སེན་ཊི་མི་ཊར་བཞི་བཅུ་ལྷག་དང་ལྗིད་ཚད་ཀི་ལོ་གཉིས་དང་ཕྱེད་ཙམ་ཡིན། ལུས་ཀྱི་བ་སྤུ་རྣམས་རིམ་བཞིན་ཡལ་འགོ་འཛུགས། ལུས་པོའི་ནང་ཚིལ་ལུ་སྐྱེད་སྐྲུན་བྱེད། སྐབས་འདིར་ཕྲུ་གུ་བཙས་ན་འཚོ་གནས་ཐུབ་པའི་རེ་བ་ཆེ་ཡང་སྐྱེ་དུས་ད་དུང་རན་མེད་པས་སྨན་ཁང་གི་མཐུན་སྦྱོར་དགོས་སྲིད།


བདུན་ཕྲག་སོ་བདུན་ནས་བཞི་བཅུ།

མངལ་གནས་ཀྱི་དུས་ཡུན་རྫོགས་ཟིན། དཔུང་པ་དང་ཕྲག་པ་ལས་གཞན་པའི་ལུས་ཀྱི་བ་སྤུ་ཕལ་ཆེ་བ་ཡལ་འགྲོ། དུས་ཡུན་འདིའི་རིང་ཕྲུ་གུ་སྐྱེས་ན་རྒྱུ་ལྡན་གྱི་སྐྱེ་ཡུན་ཡིན་པས་ཕྲུ་གུར་ཉེན་ཁ་ཆུང་ཤོས་ཡོད། བདུན་བཞི་བཅུ་ལས་བརྒལ་ན་མ་དང་ཕྲུ་གུ་གཉིས་ཀར་ཉེན་ཁ་ཡོད་པས་སྨན་ཁང་དུ་སྐྱོད་དགོས་པ་དང། སྦྲུམ་མའི་སྐབས་ཟས་བཅུད་དང་འཕྲོད་བསྟེན་ཡག་པོ་བྱེད་དགོས། ཕྲུ་གུ་བཙས་ནས་ཐོག་མའི་ལོ་གཉིས་ནི་ཆེས་གལ་གནད་ཆེ་བའི་དུས་ཡུན་དང་གཙོ་བོ་ཀླད་པ་དང་དབང་རྩའི་མ་ལག་འཚར་ལོང་བྱེད་པའི་དུས་ཡིན། དེ་ནས་རིམ་བཞིན་ཀླད་པ་འཚར་ལོང་བྱེད་པའི་མྱུར་ཚད་དལ་དུ་ཕྱིན་ཏེ་མཐར་ལོ་ན་རྩ་ལྔར་སོན་མཚམས་འཚར་ལོང་ཡོངས་སུ་གྲུབ་པ་མ་ཟད་ཕྲ་ཕུང་རྣམས་ཉིན་རེ་བཞིན་ཤི་འགྲོ་བའི་གནས་སྟངས་ཡོང་གི་ཡོད། ཕྲུ་གུའི་ཟས་བཅུད་ཆེད་སྨན་པས་གང་གསུངས་དང་ལེན་དགོས་རྒྱུ་གལ་ཆེ་བ་དང་བྱུང་ན་ཟླ་བ་དྲུག་བར་མ་ཡི་འོ་མ་ཁོ་ན་ལས་ཁ་ཟས་གཞན་སྤྲོད་མི་ཉན་པའམ་མ་སྤྲད་ན་བཟང་བ་ཡིན།

ཐོག་མའི་ཉིན་ཆིག་སྟོང་།

མི་ཚོས་རྒྱུན་དུ་རང་གི་བུ་བརྒྱུད་ཚོའི་འཕྲོད་བསྟེན་དང་སློབ་སྦྱོང་ཆེད་དཀའ་ངལ་གདོང་ལེན་དང་འགྲོ་གྲོན་མང་དག་ཅིག་གཏོང་གི་ཡོད། དེ་ཡང་གཙོ་བོ་ཕྲུ་གུ་སློབ་གྲྭ་འགྲིམ་སྐབས་ཙམ་ནས་དོ་སྣང་བྱེད་པ་ལས་མངལ་གནས་སྐབས་དང་རྗེས་ཀྱི་ལོ་ཤས་རིང་དོ་སྣང་དེ་ཙམ་བྱེད་ཀྱི་མེད། འོན་ཀྱང་ཚན་རིག་པ་ཚོས་རྙེད་དོན་ལྟར་བྱས་ན་མི་སུ་འདྲ་ཞིག་ཡིན་ཡང་དེའི་འཚོ་ཡུན་གྱི་འཕྲོད་བསྟེན་དང་ཚེ་ཚད་སོགས་གནད་དོན་ཕལ་ཆེ་བ་མངལ་དུས་ནས་ཐོག་མའི་ལོ་ངོ་གཉིས་ཙམ་ནང་ཐག་ཆོད་འགྲོ་བ་དང་རྗེས་སོར་འགྱུར་བ་དེ་ཙམ་གཏོང་མི་ཐུབ་ལུགས་བཤད་ཡོད།
སྙན་ཐོ་འདི་ནི་ཉམས་ཞིབ་པ་ཁག་ཅིག་གིས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ཉམས་ཞིབ་བྱས་པའི་མཇུག་འབྲས་ཤིག་དང། ཕྲུ་གུའི་མངལ་དུས་ཀྱི་གནས་སྐབས་གཙོ་བོ་དང་དེའི་བཙས་ནས་ལོ་ངོ་གཉིས་རིང་གསོ་སྐྱོང་དང་ཁོར་ཡུག་གང་དེས་རྗེས་སོར་ཕྲུ་གུ་དེའི་མི་ཚེའི་ནང་འཕྲོད་བསྟེན་གང་ཡོང་ཐག་གཅོད་ཐུབ་ལུགས་བཤད་ཡོད། མངལ་གནས་སྐབས་ཕྲུ་གུའི་འཕེལ་རིམ་གྱི་ས་ཚེགས་མང་དག་ཅིག་ཡོད་པ་དང་དེ་དག་གིི་ཆ་རྐྱེན་ཡོངས་སུ་མ་རྫོགས་ཚེ་རྒྱུན་གནས་ཀྱི་སྐྱོན་ཆ་མང་པོ་ཞིག་ཡོང་གི་ཡོད། དཔེར་ན། མི་འགའ་ཞིག་ཆུང་ནས་ནད་རོ་དང་སྐྱོན་ཅན་ཡིན་པས་རྐྱེན་ཆུང་ངུས་ཀྱང་གནོད་སླ་བ་ལྟ་བུ་ཡིན།
དེ་ཡང་སྦྲུམ་མའི་ཟས་བཅུད་ཆ་ཚང་བ་མ་བྱུང་ཚེ་མངལ་གནས་ལ་ཡང་དེ་བཞིན་ཟས་བཅུད་ཆ་ཚང་བ་མི་ཡོང་བ་དང་མངལ་གནས་ཀྱི་འཕེལ་རིམ་ཁྲོད་ཟས་བཅུད་ཆ་ཚང་བ་འདེང་ངེས་མེད་ན་ཟས་བཅུད་གང་ཡོད་ཀླད་པ་སོགས་གལ་གནད་ཧ་ཅང་ཆེ་བའི་ལུས་ཀྱི་ཆ་ཤས་ཀྱི་སྐྱེ་འཕེལ་ཆེད་བཏང་ནས་ཆ་ཤས་གཞན་བློས་གཏོང་བྱེད་ཀྱི་ཡོད། དེར་བརྟེན་ཟས་བཅུད་འདེང་ངེས་བཞིན་པ་མ་ཐོབ་པའི་ལུས་ཀྱི་ཆ་ཤས་དེ་དག་འཚར་ལོངས་ཚད་ལྡན་མི་འབྱུང་བ་དང་ཆ་ཤས་གང་དེ་མི་ཚེ་ཧྲིལ་པོར་སྐྱོན་ཅན་དུ་འགྱུར་བ་ཡིན། སྙིང་ནད་རིགས་མང་པོ་ཞིག་མངལ་གནས་སྐབས་ཟས་བཅུད་འདེང་ངེས་མ་ཐོབ་པའི་དབང་གིས་བྱུང་བ་དང་།
དེ་བཞིན་གཅིན་སྙིའི་ནད་གཞི་ཡང་མངལ་གནས་ཀྱི་ཟས་བཅུད་དང་འབྲེལ་བ་ཡོད་དེ། དེ་ཡང་འཇུ་བྱེད་གཤེར་རྨེན་གྱི་ཕྲ་ཕུང་འཚར་ལོངས་ཚད་ལྡན་མ་བྱུང་ཚེ་རྗེས་སོར་ཨིན་སུ་ལིན་ insulin བཟོ་སྐྲུན་འདེང་ངེས་བཞིན་པ་མི་ཐུབ་པ་དང་དེའི་རྐྱེན་པས་གཅིན་སྙིའི་ནད་ཡོང་གི་ཡོད།
ཡང་མངལ་གནས་ཀྱི་སྐྱེ་འཕེལ་ལ་འགོག་རྐྱེན་བྱེད་མཁན་ཟས་བཅུད་ཁོ་ན་མ་ཡིན་པར་རྐྱེན་གཞན་ཡང་ཡོད་ལ། ཨ་མས་དུ་བ་འཐེན་པ་དང་། ཆང་རག་སྤྱོད་པ། དེ་མིན་གྱི་ཉེས་ཐ་གཞན་སྤྱོད་པ་སོགས་ཡིན། མངལ་གནས་སྐབས་རྐྱེན་འདི་དག་དང་འཕྲད་པའི་ཕྲུ་གུ་ཚོ་བཙས་དུས་ལྗིད་ཚད་ཚད་ལྡན་མི་ཡོང་བ་དང་དེ་ནི་ལུས་ཁམས་ཡོངས་རྫོགས་འཚར་ལོངས་ཆ་ཚང་བྱུང་མ་ཐུབ་པས་ཡིན། དེ་བཞིན་བཙས་ནས་ཐོག་མའི་ལོ་ངོ་གཉིས་རིང་ལུས་ཁམས་ཀྱི་འགྱུར་བ་མང་དག་ཅིག་འབྱུང་གི་ཡོད་སྟབས་དེའི་རིང་ཟས་བཅུད་ཚད་ལྡན་དང་ཁོར་ཡུག་བཟང་པོ་སྐྲུན་རྒྱུ་ཡང་དེ་བཞིན་གལ་ཆེ་བ་དང་།

ཕྲུ་གུ་དེའི་མི་ཚེའི་ནང་ཐོག་མའི་ཉིན་ཆིག་སྟོང་རིང་ཁོའི་ལུས་ཁམས་ཀྱི་རྨང་གཞི་ཚུགས་ཟིན་སྟབས་རྗེས་སོར་འགྱུར་བ་ཆེན་པོ་གཏོང་མི་ཐུབ་པ་ཆགས་ཡོད།

ཉམས་ཞིབ་པ་ཚོས་ཟེར་དོན་ལ་ཕྲུ་གུའི་མི་ཚེའི་ནང་ཆེས་སྔ་དུས་སུ་བྱུང་བའི་འགྱུར་བ་འདི་རིགས་ཕལ་ཆེ་བ་གཏན་གྱི་འགྱུར་བ་ཡིན་པས་རྗེས་སོར་བཅོས་སྒྲིག་མི་ཐུབ་པ་འདོད་ལ། ད་ལྟའི་རྙེད་དོན་འདི་ནི་ང་ཚོས་མིའི་ལུས་ཁམས་ཀྱི་སྤུས་ཚད་ལེགས་སུ་གཏོང་ཐུབ་པའི་གོ་སྐབས་ཀྱི་སྒེའུ་ཁུང་ཞིག་ཡིན་བཅས་བཤད་ཡོད། གལ་སྲིད་ཕྲུ་གུ་དེའི་ཐོག་མའི་ཉིན་ཆིག་སྟོང་ནང་ཟས་བཅུད་དང་ཁོར་ཡུག་སོགས་ཀྱི་དཀའ་ངལ་དེ་རིགས་མ་བྱུང་ཚེ་རྗེས་སོར་ཁོའི་མི་ཚེའི་ནང་ལུས་ཁམས་བདེ་ཐང་ཡོང་བའི་རྩ་བ་ཚུགས་པའམ་ས་བོན་འདེབས་འཛུགས་ཐུབ་པ་རེད། ས་བོན་ལེགས་པོ་ཡོད་ནའང་དེ་དག་འཚར་ལོངས་ཚད་ལྡན་ཡོང་བར་དྲོད་གཤེར་ལུད་གསུམ་གྱི་མཐུན་རྐྱེན་འཛོམས་དགོས་པར་བརྟེན་ལོ་ན་ཉི་ཤུ་རྩ་ལྔ་མ་སོན་བར་འཚར་ལོངས་ཀྱི་དུས་ཚོད་ཡིན་པས་དེ་བཞིན་དུ་གཟབ་དགོས།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།