རྩ་རྫས།
རྩ་རྫས་ནི་ཕོ་རྡུལ་གྲངས་མཉམ་པའི་རྡུལ་ཕྲན་གྱིས་གྲུབ་པའི་དངོས་རྫས་ཤིག་ལ་ཟེར། ཕོ་རྡུལ་གྲངས་མཉམ་པ་ཞེས་པའི་གོ་དོན་ནི་རྡུལ་ཕྲན་རིགས་གཅིག་པའི་གོ་དོན་རེད། ང་ཚོའི་ཉེ་འཁོར་དུ་རྡུལ་ཕྲན་རིགས་མི་འདྲ་བ་བརྒྱ་ལྷག་ཙམ་ཡོད། དེ་དག་ཕན་ཚུན་དབར་མི་འདྲ་བའི་ཁྱད་པར་ནི་ཕོ་རྡུལ་དང༌། བར་རྡུལ་དང་གློག་རྡུལ་བཅས་ཀྱི་གྲངས་མི་གཅིག་པ་ལས་བྱུང་བ་ཡིན། ཕོ་རྡུལ་གྲངས་མཉམ་པའི་རྡུལ་ཕྲན་རྣམས་རྫས་སྦྱོར་གྱི་སྤྱོད་ཚུལ་གཅིག་མཚུངས་དང་། ཕོ་རྡུལ་གྲངས་མི་མཉམ་བའི་རྡུལ་ཕྲན་རྣམས་རྡུལ་ཕྲན་རིགས་མི་འདྲ་བས་རྫས་སྦྱོར་གྱི་སྤྱོད་ཚུལ་ཡང་མི་འདྲ་བ་ཡིན། རང་བྱུང་ཁོར་ཡུག་ནང་རྡུལ་ཕྲན་རིགས་མི་འདྲ་བ་གྲངས་དགུ་བཅུ་དང་བརྟག་དཔྱད་ཁང་དུ་ཚན་རིག་པ་ཚོས་གསར་བཟོ་བྱས་པ་འགའ་ཞིག་བཅས་ཁྱོན་གྲངས་བརྒྱ་ལྷག་ཙམ་ཡོད་པ་འདི་དག་ལས་མཐོང་ཆོས་སུ་གྱུར་བའི་དངོས་གཟུགས་མཐའ་དག་གྲུབ་པ་རེད།
ངེད་ཚོའི་ཉེ་འཁོར་ན་ཡོད་པའི་དངོས་པོ་འགའ་ཞིག་རྡུལ་ཕྲན་རིགས་གཅིག་གམ་རྩ་རྫས་གཅིག་གིས་གྲུབ་ཡོད། དཔེར་ན། གསེར་ནི་གསེར་གྱི་རྡུལ་ཕྲན་ཁོ་ན་ལྷན་དུ་ཚོགས་པ་ལས་གྲུབ་ཡོད། ཡང་དངོས་པོ་འགའ་ཞིག་རྡུལ་ཕྲན་རིགས་གཉིས་སམ་དེ་ལས་མང་བ་ལྷན་དུ་ཚོགས་ནས་གྲུབ་པ། དཔེར་ན། ཆུ་ལྟ་བུ་རྡུལ་ཕྲན་རིགས་མི་འདྲ་བ་གཉིས་ལྷན་དུ་ཚོགས་པ་ལས་གྲུབ་པ་དང་། དེ་བཞིན་རྡུལ་ཕྲན་རིགས་ཤིན་ཏུ་མང་པོ་ལྷན་དུ་ཚོགས་ནས་གྲུབ་པ་སོགས་ཡོད། རྡུལ་ཕྲན་གྱི་རིགས་ཇི་ཙམ་ཚོགས་པ་དང་ཇི་ལྟར་ཚོགས་པའི་ཁྱད་པར་བཅས་ལས་འགྲུབ་བྱ་དངོས་གཟུགས་ཀྱི་ངོ་བོ་དང་བྱེད་ལས་མི་འདྲ་བ་ཡོང་བས་སྣ་ཚོགས་པའི་དངོས་གཟུགས་གྲངས་ལས་འདས་པ་འདི་དག་གཞི་རྩའི་རྩ་རྫས་སམ་རྡུལ་ཕྲན་གྲངས་བརྒྱ་ལྷག་ཙམ་འདི་དག་ལས་བྱུང་ཡོད།
རྩ་རྫས་རེའུ་མིག
རྩ་རྫས་སམ་རྡུལ་ཕྲན་རིགས་བརྒྱ་ལྷག་ཡོད་པ་འདི་དག་ཕོ་རྡུལ་གྱི་གྲངས་དང་བྱེད་ལས་འདྲ་མིན་ལ་གཞིག་ནས་སྡེ་ཚན་དང་གོ་རིམ་བསྟན་པའི་རེའུ་མིག་འདིར་རྩ་རྫས་རེའུ་མིག་ཟེར་གྱི་ཡོད། རྡུལ་ཕྲན་ཞིག་གི་ནང་ཕོ་རྡུལ་གྲངས་ཇི་ཙམ་ཡོད་པ་དེ་ལ་རྡུལ་ཕྲན་གྱི་ཨང་གྲངས་ཟེར། རྩ་རྫས་གཅིག་པའི་རྡུལ་ཕྲན་ཚང་མའི་ནང་ཕོ་རྡུལ་གྱི་གྲངས་གཅིག་མཚུངས་ཡོད་པས་རྡུལ་ཕྲན་གྱི་ཨང་གྲངས་ཡང་གཅིག་མཚུངས་དགོས་ལ་དེ་དག་རྡུལ་ཕྲན་རིགས་གཅིག་གི་ཁོངས་སུ་གཏོགས་ཀྱི་ཡོད། དཔེར་ན། གསེར་གྱི་རྡུལ་ཕྲན་ཡིན་ཕྱིན་དེའི་ལྟེ་དབུས་སུ་ཕོ་རྡུལ་གྱི་གྲངས་བདུན་ཅུ་དོན་དགུ་ཡོད་དགོས། ཕོ་རྡུལ་ཉུང་ཤོས་ཀྱི་རྩ་རྫས་ནི་ཡང་རླུང་དང༌། དེར་ཕོ་རྡུལ་གཅིག་ལས་མེད་པས་རྡུལ་ཕྲན་གྱི་ཨང་ཡང་གཅིག་ཡིན། ཧི་ལི་ཡམ་ལ་མཚོན་ན་ཕོ་རྡུལ་གཉིས་ཡོད་པས་རྡུལ་ཕྲན་ཨང་གཉིས་ཐོབ་པ་དང༌། སྐབས་རེ་རྩ་རྫས་མཚོན་བྱེད་ཀྱི་ཡི་གེ་འབྲི་སྐབས་རྡུལ་ཕྲན་གྱི་ཨང་གྲངས་ཡང་འབྲི་དགོས་པ་ཡོང་གི་ཡོད། དཔེར་ན། ཡང་རླུང་གི་རྡུལ་ཕྲན་གྲངས་དང་བཅས་པ་སྟོན་ཚུལ་ནི་ 1H ཡིན། ཨིན་ཡིག་ དེས་ཡང་རླུང་རྡུལ་ཕྲན་ཡིན་པ་མཚོན་པ་དང་མདུན་གྱི་གྲངས་གཅིག་དེས་ཡང་རླུང་རྡུལ་ཕྲན་ལ་ཕོ་རྡུལ་གཅིག་ལས་མེད་པ་དང་རྩ་རྫས་རེའུ་མིག་གི་རྡུལ་ཕྲན་ཨང་དང་པོ་དེ་ཡིན་པ་མཚོན་གྱི་ཡོད། དེ་བཞིན་ཧི་ལི་ཡམ་གྱི་རྡུལ་ཕྲན་ལ་ཕོ་རྡུལ་གཉིས་དང་རྩ་རྫས་རེའུ་མིག་ནང་ཨང་གཉིས་པར་གནས་པས་ 2He ཞེས་འབྲི་དགོས།
རྩ་རྫས་ཚང་མས་རྩ་རྫས་གཞན་དང་མི་འདྲ་བའི་གཤིས་ཀ་རེ་སྟོན་པ་དང་ང་ཚོས་དེ་དག་གི་ཁྱད་ཆོས་མི་འདྲ་བ་རེད་ཟེར་གྱི་ཡོད། དེ་བཞིན་ཁོང་ཚོའི་དབར་མཐུན་པའམ་ཐུན་མོང་གི་ཁྱད་ཆོས་མང་པོ་ཡོད་ལ། དེ་ལྟར་རྩ་རྫས་ཀྱི་གདོས་ཚད་དང་། དམ་ལྷོད། རྫས་འགྱུར་གྱི་རང་གཤིས་སོགས་ཁྱད་ཆོས་དང་བྱེད་ལས་ལ་གཞིག་ནས་སྡེ་ཚན་དང་རིམ་པ་ཆ་བགོས་བྱས་ཡོད། དཔེར་ན། རེའུ་མིག་ནང་འཕྲེད་ཤུར་གྱི་སྡེ་ཚན་དང་གཞུང་ཤུར་གྱི་སྡེ་ཚན་སོ་སོར་བགོས་ཡོད་པ་ལས་ཤུར་ཐིག་གཅིག་ནང་ཡོད་པའི་རྩ་རྫས་ཁག་གི་བར་ཐུན་མོང་གི་ཁྱད་ཆོས་ལྡན་ཡོད། གཞུང་ཤུར་ཀ་སྡེ་དང་པོའི་ནང་ཡོད་པའི་ལི་ཐི་ཡམ་དང༌། སོ་ཌི་ཡམ། པོ་ཊེ་ཤམ་བཅས་ཀྱི་བར་ཆེས་འདྲ་བའི་ཁྱད་ཆོས་མང་པོ་ཡོད་པ་དང་དེ་དག་ཚང་མ་རྫས་འགྱུར་མགྱོགས་པའི་ལྕགས་རིགས་ཤ་སྟག་ཡིན། ཡོངས་གྲགས་ཐོག་ཨལ་ཀ་ལི་ལྕགས་རིགས་ཟེར་གྱི་ཡོད། དེ་བཞིན་གཞུང་ཤུར་ཀ་སྡེ་བདུན་པའི་ནང་ཡོད་པའི་ཕོ་ལོ་རིན་དང༌། ཁོ་ལོ་རིན། བོ་རོ་མིན། ཨ་ཡོ་ཌིན་བཅས་ལ་ཡང་འདྲ་བའི་ཁྱད་ཆོས་མང་པོ་ཡོད་པ་དང་ཁོང་ཚོར་སྤྱི་མིང་དུ་ཧེ་ལོ་ཇན་ཞེས་འབོད་ཀྱི་ཡོད། ཤུར་སྡེ་གཅིག་ནང་ཡོད་པའི་རྩ་རྫས་སམ་རྡུལ་ཕྲན་དེ་དག་བར་ཐུན་མོང་གི་ཁྱད་ཆོས་ཡོད་དོན་ནི་ཁོང་ཚོའི་གློག་རྡུལ་འཁོར་ལམ་ཕྱི་མའི་ནང་གློག་རྡུལ་གྲངས་གཅིག་མཚུངས་ཡོད་པས་ཡིན། དཔེར་ན་ལི་ཐི་ཡམ་དང༌། པོ་ཊེ་ཤམ། སོ་ཌི་ཡམ་བཅས་ཚང་མར་ཕྱིའི་གློག་རྡུལ་གྱི་རྒྱུ་ལམ་ནང་གློག་རྡུལ་གཅིག་ལས་མེད་པ་རེད། གོང་གི་རྩ་རྫས་འདི་དག་རྩ་རྫས་ཀྱི་སྡེ་ཚན་དང་པོར་གནས་པ་དང་དེ་ཡང་ཁོང་ཚོའི་གློག་རྡུལ་རྒྱུ་ལམ་ཕྱི་མའི་ནང་གློག་རྡུལ་གཅིག་ལས་མེད་པ་རེད། དེ་བཞིན་ཕོ་ལོ་རིན་དང༌། ཁོ་ལོ་རིན། བོ་རོ་མིན་སོགས་སྡེ་ཚན་བདུན་པར་གནས་པ་དང་དེ་ནི་ཁོང་ཚོའི་ཕྱིའི་རྒྱུ་ལམ་ནང་གློག་རྡུལ་བདུན་རེ་ཡོད།
ཚན་རིག་པ་ཚོས་ཐོག་མར་རྩ་རྫས་རེའུ་མིག་འཆར་འགོད་བྱེད་སྐབས་རྩ་རྫས་འགའ་ཞིག་གིས་ཁྱད་ཆོས་འདྲ་མཚུངས་སྟོན་དགོས་པའི་རྒྱུ་མཚན་ཤེས་ཀྱི་མེད་ཀྱང། ད་ལྟ་ང་ཚོས་དེ་ནི་གློག་རྡུལ་འཁོར་ལམ་ཕྱི་མའི་ནང་གི་གློག་རྡུལ་གྱི་གྲངས་ཀ་གཅིག་མཚུངས་ཡོད་པས་ཡིན་ལུགས་ཤེས་ཀྱི་ཡོད། དེ་ཡང་ཕྱིའི་གློག་རྡུལ་གྱི་རྒྱུ་ལམ་ནང་གློག་རྡུལ་གྱི་གྲངས་ཀ་མཚུངས་པའི་རྩ་རྫས་ཚོས་མཚུངས་ལྡན་གྱི་ཁྱད་ཆོས་སྟོན་གྱི་ཡོད།
ཁྱེད་ཀྱི་རྫས་རེའུ་མིག་ལ་བལྟས་ཚེ་གཞུང་ལ་རུ་ཤུར་ཀ་སྡེ་བདུན་དང་ཁ་སྡེ་བརྒྱད། དེ་བཞིན་འཕྲེད་ལ་རུ་ཤུར་བདུན་ཡོད། སྡེ་ཚན་སོ་སོའི་རྩ་རྫས་རྣམས་སྟེང་འོག་ཏུ་སྒྲིག་ཡོད་པ་དང་གློག་རྡུལ་གྱི་གྲངས་ཉུང་ཤོས་ཡོད་པའི་རྩ་རྫས་རྣམས་ཐོག་མར་སྟེང་ནས་འོག་ཏུ་རིམ་པར་གནས་ཡོད།



གློག་རྡུལ་གྱི་འཁོར་ལམ།

རྡུལ་ཕྲན་གཅིག་གི་ནང་ཕོ་རྡུལ་གྱི་གྲངས་དང་མཉམ་པའི་གློག་རྡུལ་ཡོད་ལ་གློག་རྡུལ་དེ་དག་ངེས་མེད་གང་སར་གྲམ་ནས་སྡོད་པ་མ་ཡིན་པར་ལྟེ་དབུས་ཀྱི་མཐའ་འཁོར་དུ་གོ་རིམ་བཞིན་འཁོར་བ་དང་། རྡུལ་ཕྲན་ཞིག་གི་ནང་གློག་རྡུལ་གྱི་གྲངས་ཇི་ཙམ་མང་བ་དེ་ཙམ་གྱིས་འཁོར་ལམ་གྱི་རིམ་པ་མང་བ་དང་འཁོར་ལམ་གཅིག་གི་ནང་གློག་རྡུལ་ཤོང་ཚད་ཀྱི་གྲངས་ངེས་ཅན་ཡོད། འཁོར་ལམ་དང་པོའི་ནང་གློག་རྡུལ་གཉིས་དང་། འཁོར་ལམ་གཉིས་པའི་ནང་གློག་རྡུལ་བརྒྱད། གསུམ་པའི་ནང་བརྒྱད། བཞི་བའི་ནང་བཅོ་བརྒྱད་སོགས་ཡིན། དཔེར་ན། ལི་ཐི་ཡམ་རྡུལ་ཕྲན་ལྟ་བུར་མཚོན་ན། ཕོ་རྡུལ་གསུམ་དང་གློག་རྡུལ་གསུམ་ཡོད་པས་འཁོར་ལམ་དང་པོའི་ནང་གློག་རྡུལ་གཉིས་ཀྱིས་ཁེངས་པའམ་གཉིས་ལས་མི་ཤོང་སྟབས་གློག་རྡུལ་གསུམ་པ་དེ་འཁོར་ལམ་གཉིས་པའི་ནང་འགྲོ་དགོས་ཀྱི་ཡོད། འོན་ཀྱང་འཁོར་ལམ་གཉིས་པར་གློག་རྡུལ་བརྒྱད་ཀྱི་ས་མིག་ཡོད་པས་འཁོར་ལམ་དེ་ཁ་ཁེངས་པར་ད་དུང་ཡང་གློག་རྡུལ་བདུན་དགོས་པས་ཁ་སྐོང་ཆེད་རྩ་རྫས་གཞན་དང་འདྲེས་སྦྱོར་སླ་པོ་བྱེད་ཐུབ། ཡང་རྩ་རྫས་སོ་ཌི་ཡམ་ལྟ་བུར་བསམ་ན་འདིར་ཕོ་རྡུལ་བཅིུག་དང་གློག་རྡུལ་བཅིུག་ཡོད། གོང་བཞིན་འཁོར་ལམ་དང་པོའི་ནང་གློག་རྡུལ་གཉིས་དང་།
འཁོར་ལམ་གཉིས་པའི་ནང་གློག་རྡུལ་བརྒྱད། འཁོར་ལམ་གསུམ་པའི་ནང་གློག་རྡུལ་གཅིག་ལས་ལྷག་མེད། ལི་ཐི་ཡམ་དང་སོ་ཌི་ཡམ་ གཉིས་ཀ་རྩ་རྫས་རེའུ་མིག་ནང་རུ་ཤུར་གཅིག་ཏུ་ཡོད་དོན་ཡང་རྫས་འདི་གཉིས་ཀའི་འཁོར་ལམ་མཐའ་མའི་ནང་གློག་རྡུལ་གཅིག་ཁོ་ན་ལྷག་ཡོད་པ་དང་དེ་ལ་བརྟེན་ནས་ཐུན་མོང་གི་ཁྱད་ཆོས་མང་དག་ཅིག་ཡོད་པས་ཡིན།
རྡུལ་ཕྲན་ཞིག་གི་གློག་རྡུལ་འཁོར་ལམ་ཕྱི་མ་ཁ་ཡོངས་སུ་ཁེངས་ཚེ་རྩ་རྫས་གཞན་དང་འདྲེས་སྦྱོར་མི་བྱེད་པས་ཁོང་ཚོར་ཤིན་ཏུ་དཀོན་པའམ་རྩ་ཆེའི་རླངས་གཟུགས་ཁག་ཟེར་གྱི་ཡོད། རླངས་གཟུགས་ཞེས་འབོད་དོན་ཡང་རྩ་རྫས་འདི་དག་རང་བྱུང་ན་གཙོ་བོ་རླངས་གཟུགས་ཀྱི་རྣམ་པར་གནས་པས་ཡིན། རྩ་རྫས་རེའུ་མིག་ནང་བལྟས་ན་རྫས་འདི་རིགས་གཡས་ཕྱོགས་ཀྱི་གཞུང་གི་རུ་ཤུར་མཐའ་མའི་ནང་ཡོད་ལ། རྡུལ་ཕྲན་འདི་དག་གི་གློག་རྡུལ་འཁོར་ལམ་ཕྱི་མ་ཁ་ཡོངས་སུ་ཁེངས་ཡོད་པས་ཤུར་སྡེ་འདི་ཤུར་སྡེའི་ཨང་ཀླད་ཀོར་བྲིས་ཡོད། རུ་ཤུར་བདུན་པའི་ནང་ཡོད་པའི་རྩ་རྫས་དེ་དག་གི་ གློག་རྡུལ་འཁོར་ལམ་ཕྱི་མའི་ནང་གློག་རྡུལ་བདུན་རེ་ཡོད་པ་དང༌། ཁ་སྐོང་ཆེད་དུ་གློག་རྡུལ་གཅིག་ལས་མི་དགོས་པས་ཁོང་ཚོས་རྡུལ་ཕྲན་གཞན་ནས་གློག་རྡུལ་གཅིག་བླངས་ནས་ཁ་སྐོང་བྱེད་པ་དང་དེ་ལ་བརྟེན་ནས་རྩ་རྫས་འདི་དག་རྫས་འགྱུར་ཤིན་ཏུ་སླ་བ་ཡིན། དེ་བཞིན་རུ་ཤུར་དྲུག་པའི་རྩ་རྫས་དག་གི་གློག་རྡུལ་འཁོར་ལམ་ཕྱི་མའི་ནང་གློག་རྡུལ་དྲུག་རེ་ཡོད་པ་དང་རྡུལ་ཕྲན་གཞན་ནས་གློག་རྡུལ་ཁ་སྐོང་བྱེད་ཐབས་བྱེད་ཀྱང་རུ་ཤུར་བདུན་པའི་རྩ་རྫས་ལྟར་རྫས་འགྱུར་མི་བྱེད། རུ་ཤུར་དང་པོའི་རྩ་རྫས་ཀྱི་གློག་རྡུལ་འཁོར་ལམ་ཕྱི་མའི་ནང་ལ་ཡང་གློག་རྡུལ་གཅིག་ལས་མེད་པས་ཁོང་ཚོ་ཡང་རྫས་འགྱུར་མགྱོགས་པའི་གྲས་ཡིན།
རྩ་རྫས་རེའུ་མིག་གི་གཡོན་ཕྱོགས་སུ་ལྕགས་རིགས་དང་གཡས་ཕྱོགས་སུ་ལྕགས་རིགས་མ་ཡིན་པ་རྣམས་ཡོད། རྫས་འགྱུར་སྐབས་ལྕགས་རིགས་རྡུལ་ཕྲན་ཚོས་གློག་རྡུལ་ཕར་སྤྲོད་པ་དང་ལྕགས་ རིགས་མ་ཡིན་པ་ཚོས་གློག་རྡུལ་ཚུར་ལེན་ཐབས་བྱེད་ཀྱི་ཡོད།
རྡུལ་ཕྲན་གྱི་ཨང་རིམ་བཞིན་ཁོང་ཚོའི་གདོས་ཚད་ལ་ཡང་ཁྱད་པར་ཡོད། ལྟེ་རྡུལ་ནང་ཕོ་རྡུལ་གྱི་གྲངས་དང་མཉམ་པའི་མ་ནིང་རྡུལ་ཡོད་ལ། དེ་གཉིས་ཀའི་གདོས་ཚད་གཅིག་མཚུངས་ལྟ་བུ་ཡོད་སྟབས་རྡུལ་ཕྲན་ཞིག་གི་གདོས་ཚད་སྟོན་པའི་གྲངས་ནི་དེའི་ཕོ་རྡུལ་གྱི་གྲངས་དང་མ་ནིང་རྡུལ་གྱི་གྲངས་གཉིས་སྡོམ་པའི་བསྡོམས་ཐོབ་དེ་ཡིན། དེར་བརྟེན་གདོས་ཚད་གྲངས་དེས་རྡུལ་ཕྲན་དེའི་ལྗིད་ཚད་སྟོན་གྱི་ཡོད། དཔེར་ན། ཧི་ལི་ཡམ་རྡུལ་ཕྲན་ལྟ་བུར་མཚོན་ན། དེའི་ལྟེ་རྡུལ་ནང་ཕོ་རྡུལ་གྲངས་གཉིས་ཡོད་པས་རྡུལ་ཕྲན་ཨང་གཉིས་པ་དང་། མ་ནིང་རྡུལ་གཉིས་ཡོད་པས་དེའི་གདོས་ཚད་ཀྱི་གྲངས་ནི་ཕོ་རྡུལ་གཉིས་དང་མ་ནིང་གཉིས་བསྡོམས་པས་བཞི་ཡིན། ཧི་ལི་ཡམ་རྡུལ་ཕྲན་ནང་གློག་རྡུལ་གཉིས་ཡོད་ནའང་གློག་རྡུལ་གྱི་ལྗིད་ཚད་ཤིན་ཏུ་ཆུང་བས་རྡུལ་ཕྲན་གྱི་གདོས་ཚད་བཤད་པའི་སྐབས་སུ་གློག་རྡུལ་གྲངས་ཀྱིས་ཁྱད་པར་བྱེད་ཀྱི་མེད།

རྡུལ་ཕྲན་ཨང་དང་གདོས་ཚད་ཨང་གི་མཚོན་རྟགས་འབྲི་ཚུལ།


Post a Comment

Previous Post Next Post